ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གཉིས་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་སེ་ལ་ཀུའི་བོད་ཁྱིམ་དུ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ནས ༦ བར་ཉིན་དྲུག་རིང་མ་སུ་རི་མངའ་ཁུལ་སློབ་ཁག་གི་རིགས་ལམ་འདུ་འཛོམས་ཤིག་གོ་སྒྲིག་ཞུས་ཡོད།  ཕྱི་ཚེས་ ༡ སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི། དགེ་ཆེ། སློབ་གྲྭ་ཁག་གི་ཆོས་དགེ་རྣམ་པ། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བཅས་ཚོགས་ཕེབས་གནང།
    ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ལམ་རིམ་ངོ་སྤྲོད་གནང་དོན། རིགས་ལམ་འདུ་འཛོམས་འདི་བཞིན་བཀའ་ཤག་སྐབས་བཅུ་བཞི་པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཁག་གལ་ཆེར་བརྩིས་དང་བརྩི་བཞིན་པ་དང། ཤེས་རིག་ལས་ཁུངས་ཀྱི་ལས་འཆར་སྣ་མང་ཡོད་པའི་ཁོངས་ནས་སློབ་གྲྭ་ཁག་ནང་རིགས་ལམ་གྱི་སློབ་ཁྲིད་སྲ་བརྟན་དང་རྒྱ་སྐྱེད། ལྷག་པར་ྋགོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པར་སློབ་ཚན་གཞན་ཁག་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ལ་ཕན་གྲོགས་ཡོང་བར་དམིགས་ཡོད་པའི་སྐོར་དང༌། ཉིན་དྲུག་རིང་གི་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ལས་འཆར་ཁག་ངོ་སྤྲོད་ཞུས།
    དེ་ནས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་དང། སྤོན་ཊ་གཏན་སློབ།  ར་ཇ་པུར་བོད་ཁྱིམ་སློབ་ཁག་གི་སློབ་མ་གཉིས་རེ་ནས་ཚན་རིག་དང་ཨང་རྩིས་རིགས་ལམ་ཐོག་རྟགས་གསལ་གཟིགས་འབུལ་ཞུས། 
    དེའི་རྗེས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས་ཀྱིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ཕེབས་བསུ་དང་སློབ་གྲྭའི་ད་བར་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་དོན། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་ཟུར་འཛུགས་གནང་དགོས་པ་སྐུའི་གཅུང་མོ་མཆོག་གི་དགོངས་བཞེད་ཇི་བཞིན་འགྲེལ་བརྗོད་དང༌།  སློབ་གྲའི་ནང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་གྱི་འགན་ཆ་ཚང་སློབ་མ་སོ་སོ་ནས་ཁུར་བཞིན་ཡོད་པ་མ་ཟད། སློབ་གྲྭའི་ནང་གཞན་ཕན་རུ་ཁག་གསུམ་ནང་སློབ་མ་ཆ་ཚང་མཉམ་ཞུགས་ཀྱིས་སློབ་གྲྭའི་ཤེས་ཡོན་སྤྱི་དང༌།  ལྷག་པར་བོད་ཁྱིམ་གྱི་ལྟ་གྲུབ་རང་ལས་གཞན་གཅེས་པ་ལག་ལེན་དོན་འཁེལ་ཡོང་ཐབས་ལ་ཤུགས་སྣོན་ཇི་བསྐྱོན་སོགས་གསུང་བཤད་གནང༌།
    སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་གིས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་མས་རྒྱུགས་སྤྲོད་ཆེན་མོའི་ནང་ཚན་རིག་དང་ཨང་རྩིས་རྩེ་ཕུད་ཀྱི་བྱ་དགའ་དང༌། གཞན་ཡང་བོད་ཡིག་བྱ་དགའ་ཐོབ་མཁན་སློབ་མ་རྣམས་ལ་ཕྱག་འཁྱེར་དང་བྱ་དགའ་གསོལ་རས་བསྩལ་གནང༌རྗེས། དབུ་འབྱེད་ལམ་སྟོན་གསུང་བཤད་གནང་དོན།
    འདས་པའི་ལོ་ཤས་ནས་བཟུང་སློབ་གྲྭ་ཁག་གི་ཆོས་དགེ་དང། འགན་འཛིན་རྣམས་ཀྱིས་ཐུགས་ཁུར་ཆེར་བཞེས་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ལྟ་རིགས་ལམ་སློབ་ཁྲིད་གང་འཚམ་ཡར་རྒྱས་ཡོང་བཞིན་ཡོད་སྟབས། ཚང་མར་བསྔགས་བརྗོད་དང་སྦྲགས་མུ་མཐུད་ཤུགས་སྣོན་བསྐྱོན་དགོས་པ་དང༌།   རིགས་ལམ་ནི་རིག་པའི་སྒོ་འབྱེད་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཡིན་སྟབས། ཤེས་བྱའི་གནས་ཅི་འདྲ་ཞིག་ལ་འཇུག་པ་ཡིན་ནའང། རིགས་ལམ་གནས་ཚད་ལྡན་པ་ཞིག་ཡོད་ན་སྤུས་དག་པ་དང་ཞིབ་ཚགས་ཡོང་ཐུབ་ངེས་ཡིན་པ་དང༌།  ྋགོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་སློབ་ཚན་གཞན་རྣམས་རིགས་ལམ་བརྒྱུད་ནས་སློབ་འཁྲིད་གནང་བའི་ལམ་ནས་མ་འོངས་པར་འཛམ་གླིང་ནང་ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་ལེགས་སྐྱེས་འབུལ་ཐུབ་ཐབས་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་སྐོར་དང།  གཞན་ཡང་ཚོགས་ཡུལ་སློབ་གྲྭའི་སློབ་མ་རྣམས་ནི། བོད་པའི་སྤྱི་ཚོགས་ནང་གཏེ་པོའི་ནང་གི་གཟུགས་བཟང་ལྟ་བུ་ཆགས་ཡོད་པས།  ད་བར་ཤེས་རིག་གི་ཕྱི་རྒྱལ་གྱི་སློབ་ཡོན་མང་ཆེ་བ་ཁྱེད་རང་ཚོས་ལེན་ཐུབ་པར་བསྔགས་བརྗོད་དང་། མ་འོངས་པར་རྒྱ་གར་གྱི་མཐོ་སློབ་གྲགས་ཅན་ཨའེ་ཨའེ་ཊི་སོགས་ནང་ཚུད་རྒྱུགས་ལོན་ཐུབ་ཐབས་དང༌།  རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༩༥ ལྷག་ལོན་རིགས་ལ་ཤེས་རིག་ལས་ཁུངས་ཀྱིས་ལེགས་གསོལ་བྱ་དགའ་གནང་རྒྱུའི་འཆར་གཞི་ཡོད་པར་སློབ་མ་མང་ཆེ་བས་བརྒྱ་ཆ་ལོན་ཐུབ་པའི་རེ་བ་ཡོད་སྐོར་གསུངས། 
    དེ་བཞིན་སེ་ལ་ཀུའི་བོད་ཁྱིམ་སློབ་སྤྱི་བརྒྱུད་དེ་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་རིགས་ལམ་འདུ་འཛོམས་ཚོགས་ཡུལ་མཐུན་འགྱུར་གནང་བ་མ་ཟད། སློབ་མ་རྩེ་ཕུད་ཀྱི་སློབ་གྲྭ་འདི་ལྟ་བུ་གསར་འཛུགས་གནང་བ་དང༌། ལྷག་པར་བོད་པའི་སློབ་ཕྲུག་གི་ཤེས་ཡོན་སློབ་གསོའི་ལས་དོན་ཐད་ཁྱད་དུ་འཕགས་པའི་ཕྱག་ལས་གནང་ནས་ཤེས་རིག་ལས་ཁུངས་ཀྱི་ལས་འགན་ཡང་དུ་བཏང་བར་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་གསུངས་པ་དང༌།  ད་ལྟའི་སློབ་མ་རྣམས་ལ་གང་ཅིའི་ཐད་གདོང་ལེན་བྱེད་ཡུལ་སྔར་ལས་ལྷག་པ་ཞིག་ཡོད་ཀྱང་གོ་སྐབས་ཀྱང་དེ་ལས་མང་བར་ཡོད་སྟབས། སློབ་མ་སོ་སོའི་ནུས་པ་ཇི་ཡོད་ཤེས་ཡོན་ཐོག་སྤུངས་ནས་བོད་མི་བཟང་པོ་ཞིག་བྱ་དགོས་པའི་ལམ་སྟོན་ཟབ་རྒྱས་གནང༌།
    ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་གཙོ་བོ་མཆོག་དང༌།  རིགས་ལམ་འདུ་འཛོམས་ལ་མཐུན་འགྱུར་གནང་མཁན་སེ་ལ་ཀུའི་བོད་ཁྱིམ་སློབ་སྤྱི་དང་དགེ་ཆེ། དགེ་ཆེ་ལས་རོགས་གཙོ་བའི་དགེ་ལས་ཡོངས་དང༌། གཞན་ཡང་སློབ་ཁག་གི་ཆོས་དགེ་དང་ཆ་ཤས་ལེན་མཁན་སློབ་མ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་ལེགས་གྲུབ་བྱུང།
    ད་ལན་གྱི་རིགས་ལམ་འདུ་འཛོམས་འདིའི་ནང་དུ། མ་སུ་རི་བོད་ཁྱིམ་སློབ་ཁག་གཉིས་དང། སམ་བྷོ་ཊའི་སློབ་ཁག་གཉིས། དྷ་ས་བོད་ཁྱིམ་སློབ་གྲྭ་གཅིག།དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་གཉིས་བཅས་ཁྱོན་སློབ་ཁག་བདུན་གྱི་སློབ་མ་བུ་ ༢༠ དང། བུ་མོ་ ༢༠ ། ཆོས་དགེ་བདུན་བཅས་མཉམ་ཞུགས་གནང་ཡོད།
    ཉིན་དྲུག་གི་ལས་རིམ་ཁོངས་སུ་སྔ་དྲོ་ཆུ་ཚོད་ ༦།༠༠ ནས་ ༦།༣༠ བར་གང་བློ་མ་གསུང་འདོན་དང། ཡོག་དང་པྲ་ཎཡམ། སྒོམ་བསྐྱོན་རྒྱུ།  ཆུ་ཚོད་  ༧།༣༠ ནས་ ༨།༣༠ བར་རིགས་ལམ་འདུ་འཛོམས་ནང་ཆ་ཤས་ལེན་མཁན་གྱི་སློབ་མ་ནང་ཁུལ་རྩོད་པ་དང༌།  ཆུ་ཚོད་ ༩།༠༠ ནས་ ༡།༣༠ ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་རྣམས་ཀྱིས་སོ་སོའི་འཛིན་གྲྭ་གང་ཡིན་ལྟར་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་ཡུལ་སློབ་གྲྭའི་འཛིན་གྲྭ་འགྲིམས་ནས་ཤེས་ཡོན་བརྗེ་རེས་ཀྱི་ཉམས་མྱོང་གསོག་ཐབས།  ཕྱི་དྲོ་ཆུ་ཚོད་ ༢།༣༠ ནས་ ༥།༠༠ བར་སློབ་ཁག་སོ་སོའི་ཆོས་དགེ་ནས་སློབ་མར་དོགས་དཔྱོད་དང་ལམ་སྟོན་ཞུ་སྒོ་ཁག་ཞུ་རྒྱུ།  ཆུ་ཚོད་ ༣།༣༠ ནས་ ༤།༣༠ བར་ཚོགས་ཡུལ་སློབ་གྲྭའི་སློབ་ཕྲུག་དང་མཉམ་དུ་རྩོད་པ་བརྩད་ནས་ཚོགས་ཡུལ་སློབ་གྲྭའི་རིགས་ལམ་གྱི་གནས་ཚད་རྒྱུས་ལོན་ཐུབ་ཐབས་དང༌།  ཆུ་ཚོད་ ༧།༠༠ ནས་ ༩།༠༠ བར་ཕྱོགས་མཐའ་ཁག་ནས་ཕེབས་བའི་སློབ་མ་ནང་ཁུལ་རིགས་ལམ་རྩོད་རྒྱུ་དང༌།   སློབ་གྲྭ་དང་འཛིན་གྲྭ་རེས་མོས་ཀྱིས་དམ་བཅའ་ཆེན་མོ་བཞག་ནས་རིགས་ལམ་གོ་རྟོགས་སྤེལ་རྒྱུ། 
    ཉིན་ལྟར། ཞོགས་ཚོགས་སྐབས་སུ་སློབ་ཁག་སོ་སོ་ནས་བོད་ཀྱི་སྐད་ཡིག་དང། ཨང་རྩིས།  ཚན་རིག  སྤྱི་ཚོགས་ཚན་རིག་བཅས་སློབ་ཚན་གཞན་ལ་རྟགས་གསལ་སྐར་མ་ ༡༥ ཙམ་གཏོང་རྒྱུ་བཅས་ལས་འཆར་བཀོད་སྒྲིག་ཞུས་ཡོད།
    དེ་བཞིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སློབ་ཁག་རྣམས་སྡེ་ཚན་བཞིར་དབྱེ་ནས་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་འཆར་ཡོད་པ་སྟེ།  ཧི་མ་ཅལ་དང་ལ་དྭགས་མངའ་ཁུལ་གྱི་སློབ་ཁག་ ༡༡ དང། མ་སུ་རི་གཡས་གཡོན་གྱི་སློབ་ཁག་ ༨ བཅས་སྡེ་ཚན་གཉིས། འདི་ལོ་ཕྱི་ཟླ་ ༨ དང་ཟླ་ ༡༠ བཅས་ནང་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་དང༌།  ལྷོ་ཕྱོགས་སློབ་ཁག་ ༡༠  དང། རྡོར་གླིང་དང་བལ་ཡུལ་མངའ་ཁུལ་སློབ་ཁག་ ༡༤ བཅས་སྡེ་ཚན་གཉིས། ཕྱི་ལོ་ ༢༠༡༣ ལོར་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་བཅས།

སྔོན་མ།
ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་སྐོར་གོ་རྟོགས་ལས་འཆར་སྤེལ་བ།
ཕྱི་མ།
ཤེས་རིག་དྲུང་ཆེས་སློབ་ཁག་ལ་གཟིགས་སྐོར་གནང་བ།