ཟླ་རེའི་གསར་འགྱུར།

བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་ལེགས་གྲུབ་ཟིན་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ ནས་ ༢༤ བར་ཉིན་གྲངས་ལྔ་རིང་ཤེས་རིག་བརྡ་ཆད་ཚན་པའི་ལས་ཁུངས་སུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་བསྐྱངས་ཡོད།
དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷན་ཚོགས་ཐེངས་ཉེར་ལྔ་པའི་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དབུ་བཞུགས་ཀྱིས། འཛིན་སྐྱོང་བཀའ་ཤག་ནས་གསར་བསྐོ་གནང་བའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་སྐབས་དྲུག་པའི་ཚོགས་མི་ལྷན་རྒྱས། དེ་བཞིན་བརྡ་ཆད་ཚན་པའི་ལས་བྱེད་རྣམ་པ་ཚང་འཛོམས་སར་ཚན་པའི་འགན་འཛིན་གྱིས་ཚོགས་མི་རྣམ་པའི་ངོ་སྤྲོད་སྙིང་བསྡུས་ཞུས་པ་དང་སྦྲགས། ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། མང་ཚོགས་སུ་གཏན་འབེབས་ཟིན་པའི་ཐ་སྙད་ཁག་གི་དེབ་ཕྲེང་འགྲེམས་སྤེལ་དང་གོ་རྟོགས་སྤེལ་ཚུལ་སོགས་འགྲེལ་བརྗོད་གནང་།
དེ་རྗེས་བཀའ་བློན་མཆོག་གིས་དང་ཐོག་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པར་འཚམས་འདྲི་ལེགས་གསོལ་ཞུས་པ་དང་སྦྲགས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཆོས་རིག་གོམས་སྲོལ་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་བྱས་པའི་ཁར་དེང་རབས་ཀྱི་རིག་གསར་ཐ་སྙད་དེ་དག་བོད་སྐད་དུ་གཏན་ལ་ཕབ་སྟེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བཀོལ་སྤྱོད་གང་ཐུབ་བྱ་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་སོགས་ཀྱི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་བ་དང་། དེ་ནས་ལྷན་ཚོགས་མུ་མཐུད་བསྐྱངས་ཏེ་ཉིན་གྲངས་ལྔའི་རིང་ཤེས་ཡོན་དང་། ཁྲིམས་ལུགས། ཆབ་སྲིད། ཁོར་ཡུག ཚན་རིག་འཕྲུལ་ཆས་སོགས་ཀྱི་ཐ་སྙད་ཁྱོན་བསྡོམས་གྲངས་ ༥༠༠ ལྷག་ཙམ་གཏན་འབེབས་གནང་།
སྤྱིར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་རྒྱུན་སྤྱོད་དང་དེང་རབས་ཀྱི་རིག་ཚན་སྣ་ཚོགས་པའི་ཐ་སྙད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་གཟིགས་ཏེ། བཀའ་ཤག་སྐབས་བཅུ་གསུམ་པའི་གཙོ་སྐྱོང་ལམ་སྟོན་འོག ཕྱི་ལོ་ ༢༠༠༦ ལོར་ཤེས་རིག་བརྡ་ཆད་ཚན་པ་འདི་བཞིན་དངོས་སུ་འགོ་འཛུགས་གནང་བ་ནས་བཟུང་ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་བཅུ་གསུམ་བར་འདོན་སྤེལ་ཐུབ་པ་བྱུང་ཡོད།
བརྡ་ཆད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་རྫོགས་དང་། སྤྱི་སྒེར་སློབ་གྲྭ་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། དགོན་སྡེ་ཆོས་སྒར་དང་དཔེ་མཛོད་ཁང་། བརྒྱུད་ལམ་ཁག་སོགས་སུ་རྒྱ་གང་ཆེར་འགྲེམས་གཏོང་དང་དེབ་གཟུགས་པར་འགྲེམས་ཟིན་རིམ་བཞིན་ཚན་པའི་དྲྭ་ཚིགས་དང་བཀོལ་སྤྱོད་མཉེན་ཆས་ཐོག་འཇོག་མུས་ཡིན་པ་བཅས། །

སྔོན་མ།
སློབ་གྲྭའི་འགོ་ཁྲིད་སློབ་ཚན་དང་འབྲེལ་བའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
འཛིན་རིམ་བཞི་པ་དང་ལྔ་པའི་ཨང་རྩིས་སྦྱོང་དེབ་གཏན་འབེབས་ཚོགས་འདུ།