༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཉིན་དང་པོའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ། ནང་སྲིད་དྲུང་ཆེ། མ་སུ་རི་བོད་ཁྱིམ་གྱི་འགན་འཛིན། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། བཙན་བྱོལ་བོད་མིའི་ས་ཁུལ་ཁག་ ༤༣ ནས་ཕ་མ་དང་ཕ་མའི་འཐུས་ཚབ་བཅས་ཚོགས་བཅར་བ་གྲངས་ ༢༥༠ དང་གསར་འགོད་པ་བཅས་ཁྱོན་མི་གྲངས་སུམ་བརྒྱ་ཙམ་འདུ་འཛོམས་གནང་འདུག
དབུ་འབྱེད་མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས། དེ་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་འདིར་ཤེས་རིག་ལས་ཁུངས་ཀྱིས་ཕ་མའི་ཚོགས་ཆེན་དང་ཟབ་སྦྱོང་ཞིག་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་ཡོད། དེ་ལྟར་གོ་སྒྲིག་ཞུ་དགོས་དོན་ནི། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་ཤེས་ཡོན་ནི་གལ་ཆེའི་ནང་ནས་ཡང་ཆེ་ལ་ངོས་འཛིན་གནང་བ་བཞིན། སྟོང་བཤད་ཙམ་མ་ཡིན་པར་དངོས་སུ་ཤེས་ཡོན་ཐོག་ལས་འཆར་དང་། དཔལ་འབྱོར། གང་སྤྱིའི་ཐོག་ནས་འབད་བརྩོན་གནང་ཡོད། དེར་བརྟེན། ཤེས་ཡོན་དེ་ཕུན་སུམ་ཚོགས་པ་ཞིག་ཡོང་བར་ཆ་རྐྱེན་ཁག་བཞི་མེད་དུ་མི་རུང་བ་ཆགས་ཡོད། ཆ་རྐྱེན་ཁག་བཞི་དེ་གང་རེད་ཞུས་ན། སློབ་མ་དང་དགེ་རྒན། འཛིན་སྐྱོང་དང་ཕ་མ། ཆ་རྐྱེན་བཞི་པོ་དེ་དག་ཡ་མ་བྲལ་བ་ཞིག་དང་ཟུང་དུ་འབྲེལ་བའི་ཐོག་ནས་འགྲོ་དགོས་པ་ཞིག་ངེས་པར་དུ་ཆགས་འདུག དཔེར་ན་རྒྱ་ལྕོག་ཅིག་ལ་ཆ་བཞག་ནའང་། རྐང་པ་བཞི་ཚུགས་ཐུབ་པའི་ཐོག་ནས་ཅོག་ཙེ་དེའི་སྒང་ལ་ཡོད་པའི་ཅ་དངོས་དེ་དག་ཐེག་ཐུབ་ཀྱི་ཡོད། རྒྱ་ལྕོག་གི་རྐང་པ་གཅིག་མེད་ནའང་རྒྱ་ལྕོག་སྟེང་གི་ཅ་ལག་དེ་ཚོ་ཐེག་རྒྱུ་ཁག་པོ་ཆགས་ཡོད། དེ་བཞིན་སེམས་ཅན་དུད་འགྲོར་མཚོན་ན་སུག་ལག་བཞི་ལ་བརྟེན་ནས་འགྲོ་གི་ཡོད། སུག་ལག་བཞི་ལྡན་པ་ཡིན་ན་གང་དུའང་འགྲོ་ཐུབ་པ་ཞིག་དང་རྡོག་ཁྲེས་ཤིག་བཀལ་བ་ཡིན་ནའང་དེ་རང་ཉིད་ཀྱིས་འཁུར་ཐེག་ཐུབ་ཀྱི་ཡོད། སུག་ལག་གཅིག་མེད་ན་སོ་སོའི་སྒང་ལ་ཅ་ལག་འཁུར་རྒྱུ་ཕར་བཞག ཁོ་རང་གི་གོམ་པའི་འགྲོས་ཡིན་ནའང་ཀྱོག་ཀྱོག་བྱས་ནས་འགྲོ་དགོས་པ་ང་ཚོས་མཐོང་ཆོས་རེད།
གོང་དུ་བཤད་པའི་ཆ་རྐྱེན་བཞི་པོ་དེ་དག་ཧྲ་ཏག་ཏག་ཅིག་མེད་ཁར་ཤེས་ཡོན་ཡག་པོ་ཞིག་ཡོང་ཐུབ་བམ་ཟེར་ན། ཤེས་ཡོན་ཡག་པོ་ཞིག་ཡོང་ཐུབ་ཀྱི་མ་རེད། དགེ་རྒན་དང་སློབ་ཕྲུག་གཉིས་ཀ་ཧྲ་ཏག་ཏག་ཅིག་ཡོད་ན་ཤེས་ཡོན་ཡག་པོ་ཞིག་ཡོང་གི་རེད་དམ་ཟེར་ན་ཡོང་གི་རེད། འོན་ཀྱང་ཤེས་ཡོན་ཕུན་སུམ་ཚོགས་པའམ་རྩེ་ཕུད་ཅིག་ཡོང་ཐུབ་བམ་ཟེར་ན། དེར་འཛིན་སྐྱོང་གི་རྒྱབ་བརྟེན། ཕ་མའི་མཉམ་བཞུགས་ཤིག་མེད་པར་ཡོང་ཐུབ་རྒྱུ་ཁག་པོ་རེད་བསམས་ཀྱི་འདུག བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་དེ་གལ་ཆེན་པོར་བརྩིས་པ་ཇི་བཞིན་ང་ཚོ་ཤེས་རིག་ལས་ཁུངས་ངོས་ནས་ཀྱང་འབད་བརྩོན་རིམ་པ་བྱས་ཡོད། གང་ལྟར་འཛིན་སྐྱོང་ངོས་ནས་ལས་འཆར་དང་དཔལ་འབྱོར་སོགས་ཕྱོགས་གང་སྤྱིའི་ཐོག་ནས་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། དགེ་རྒན་ཚོའི་ཆ་རྐྱེན་མེད་དུ་མི་རུང་བའི་དགོས་མཁོ་དེ་ཤེས་ཡོན་ཆགས་ཡོད། ཤེས་ཡོན་ཡོད་པའི་ཐོག་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གནད་དུ་སྨིན་པ་ཞིག་སྤྲད་ཐུབ་པའི་ཐབས་ལམ། དེ་དག་ཡོང་བར་བྱེད་པ་ལ་ལྷག་བསམ་བཅས་ཆ་རྐྱེན་དེ་གསུམ་ཐོག་ལ་ང་ཚོས་དགེ་རྒན་ཚོར་སྔ་རྗེས་སུ་ཟབ་སྦྱོང་རབ་དང་རིམ་པ་ཞུས་དང་ཞུ་མུས་ཡིན།
སྤྱིར་སློབ་ཕྲུག་མང་པོའི་ནང་ནས་ཁ་ཤས་ངན་པ་ཡོད་ཤས་ཆེ་ཡང་། སྤྱི་ཡོངས་ཀྱི་སློབ་ཕྲུག་ཟེར་བ་དེ་ཤོག་བུ་དཀར་པོ་ལྟ་བུ་ཞིག་རེད། དེ་ལ་ཚོན་ཁྲ་ག་རེ་གཏོང་མིན་ཟེར་བ་དེ་སློབ་ཕྲུག་དང་འབྲེལ་བ་ཡོད་མཁན་རྣམས་ཀྱི་ལས་འགན་ཞིག་རེད་བསམས་ཀྱི་འདུག སློབ་ཕྲུག་གཅིག་པུར་ཁག་དཀྲི་བྱ་རྒྱུ་མེད་པ་རེད་བསམས་ཀྱི་འདུག དེ་ནས་བཞི་པ་དེ་ཕ་མ་རེད། ཕ་མའི་ལས་འགན་གང་རེད། འགན་འཁུར་གནང་སྟངས་དེ་གང་འདྲ་ཡིན་པ། སོགས་ཀྱི་གནད་དོན་སྐོར་གོ་བསྡུར་སྦྱང་བཤད་བྱ་རྒྱུ་ནི་ཚོགས་འདུ་དེ་ཚོགས་པའི་དགོས་དམིགས་གཙོ་བོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་ལམ་སྟོན་གནང་བ་དང་། མཇུག་ཏུ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཤེས་ཡོན་གྱི་སློབ་གསོ་ཧྲ་ཏག་ཏག་ཡོང་བར་ང་ཚོ་ཚང་མས་གོང་དུ་ཞུས་པའི་ཆ་རྐྱེན་བཞི་ཀའི་ཐོག་ཤུགས་བརྒྱབ་དགོས་པ་དེ་གལ་ཆེན་པོ་འདུག་ཞུ་རྒྱུ་ཡིན། དེ་ཡག་པོ་བྱུང་བ་ཡིན་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་ཐུབ་པའི་ཆ་རྐྱེན། བོད་མི་རིགས་ཀྱི་རྩ་དོན་ཧྲ་ཏག་ཏག་ངང་བསྒྲུབ་ཐུབ་པའི་ཆ་རྐྱེན། རྒྱ་མི་ཡིན་ནའང་སྐྲག་དགོས་པའི་ཆ་རྐྱེན་ཞིག་ཆགས་ཡོད། ང་ཚོ་ཚང་མས་འདི་ཕ་མའི་ལས་འགན་རེད། དེ་སློབ་ཕྲུག་གི་ལས་འགན་རེད་ཅེས་ཟུར་དུ་མ་བཞག་པའི་ཐོག་ནས་ང་ཚོ་ཚང་མས་ནུས་པ་གཅིག་སྒྲིལ་གྱི་ཐོག་ནས་སྤྱི་ཚོགས་ནང་གལ་ཆེ་དོན་ཆེན་བརྩིས་དགོས་པ་འདུག་ཅེས་ཞུ་རྒྱུ་ཡིན།
འདིར་རྣམ་པ་ཚོ་ཉིན་གྲངས་གསུམ་རིང་ཟབ་སྦྱོང་དང་ཚོགས་ཆེན་ཆེད་ཕེབས་གནང་བ་དང་། ང་ཚོའི་ངོས་ནས་རེ་བ་ཆེན་པོ་ཞིག་ལ་བརྩིས་ཀྱི་ཡོད་ལ་རེ་བ་ཆེན་པོ་ཡོད་པ་བཞིན་རྣམ་པ་ཚོས་ཀྱང་ཟབ་སྦྱོང་སྐབས་ཐུགས་སྣང་ཡག་པོ་གནང་རྒྱུ་དང་། ཟབ་སྦྱོང་སྐབས་འདྲི་བ་མང་ཙམ་དྲིས་གནང་རྒྱུ། དེ་བཞིན་ཚོགས་འདུའི་སྐབས་ལའང་མདོ་དོན་བསམ་ཚུལ་ག་རེ་བཏོན་དགོས་པ་དང་། ཟབ་སྦྱོང་ཚར་རྗེས་ཁུངས་སོ་སོའི་ས་གནས་མང་ཚོགས་ལ་གང་འདྲ་ཞིག་ཤོད་དགོས་ཀྱི་འདུག་སོགས་ཀྱི་ལྷག་བསམ་ཞིག་འཁྱེར་བ་ཡིན་ན། ང་ཚོས་རེ་བ་བརྒྱབ་པ་དེ་འགྲིག་འདུག་བསམ་པ་ཞིག་ཡོང་བ་འདུག མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་། དེ་རྗེས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་ཆེན་ཉིན་དང་པོའི་དབུ་འབྱེད་མཛད་སྒོ་རེ་ཞིག་ལེགས་པར་མཇུག་སྒྲིལ། །