ཟླ་རེའི་གསར་འགྱུར།

ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ

་དང་། རྩོམ་སྒྲིག དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང། འདི་ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས་སློབ་དེབ། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་སོགས་སློབ་དེབ་གསར་པ་ཁག་ཅིག་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།
ལྷོ་གཞིས་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་སློབ་དེབ་གསར་པ་དེ་དག་གི་ནང་དོན་ངོ་སྤྲོད་དང་། ཁྲིད་ཐབས་སོགས་ཀྱི་ཆེད་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཆེད་བསྐྱོད་ཀྱིས་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས༢༦ ནས་༢༨ བར་ཉིན་གྲངས་གསུམ་ལ་ས་སྐྱ་དགོན་པའི་ཚོགས་ཁང་དུ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཀོ་ལི་གྷལ་དང། ཧུན་སུར། བྷེལ་ཀོབ་དབུས་སློབ། བྷེལ་ཀོབ་བདེ་སླར་གཞིས་སློབ། བྷེལ་ཀོབ་བོད་ཁྱིམ། སམ་བྷོ་ཊ་ཁྱབ་ཁོངས་ཀྱི་ཨར་ལི་ཀུ་མ་རི་དང། གྷོ་ལ་ཐ་ལ། ཀེ་ལ་ཤི་པུ་ར། ཅོག་ཀུར་ཉིན་སློབ་བཅས་ཀྱི་བོད་དགེ་ཁྱོན་བསྡོམས་ཉི་ཤུ་ལ་རྒྱུས་སྟོན་ཟབ་སྦྱོང་ཞིག་གོ་སྒྲིག་གནང་།
དེ་བཞིན་ཕྱི་ཟླ་༡༡ ཚེས་༢ ནས་༤ བར་ཉིན་གསུམ་ལ་མོན་གྷོ་ཊི་ཡི་གཞིས་སློབ་ཁག་གི་དགེ་རྒན་བཅུ་གཅིག་ལ་རྒྱུས་སྟོན་གནང་བཞིན་ཡོད་པ་བཅས།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ཚོགས་པ།
ཕྱི་མ།
བཀའ་བློན་མཆོག་གི་ཐའེ་ལེན་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།