ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་རྒྱལ་ཡོངས་འགོ་ཁྲིད་ཚོགས་འདུར་ཕེབས་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ནས་ ༢༡ བར་རྒྱ་གར་ལྷོ་ཕྱོགས་ཨཎ་དྷ་ར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་གས་ཏྱ་རྒྱལ་སྤྱིའི་ཚོགས་པ་ནས་མགྲོན་འབོད་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་དྲུང་འཕར་བསྟན་འཛིན་པདྨ་ལགས་གཉིས་ནས་སློབ་གྲྭའི་ཤེས་ཡོན་ནང་བཅོས་མའི་རིག་རྩལ་དང་འབྲེལ་བའི་རྒྱ་གར་རྒྱལ་ཡོངས་ཀྱི་འགོ་ཁྲིད་ཚོགས་འདུར་མཉམ་ཞུགས་གནང་ཡོད།

ཉིན་གསུམ་གྱི་ཚོགས་འདུའི་ནང་མཁས་དབང་ཉི་ཤུ་ཙམ་ནས་བརྗོད་གཞི་གཙོ་བོ་བཅོས་མའི་རིག་རྩལ་གང་ཡིན་གྱི་འགྲེལ་བརྗོད་དང་། སློབ་གྲྭའི་བསླབ་གཞི། སློབ་ཁྲིད། དཔྱད་ཞིབ་བཅས་ཀྱི་ནང་བཅོས་མའི་རིག་རྩལ་གྱི་ཆ་ཤས། སྤྱི་ཚོགས་དང་སེམས་མྱོང་ལ་བཅོས་མའི་རིག་རྩལ་གྱི་ཤུགས་རྐྱེན་ཞེས་པའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་མངའ་སྡེ་བཅུ་གཅིག་གི་ཤེས་རིག་ལས་ཁུངས་ཀྱི་འགོ་ཁྲིད་ཉི་ཤུ་ཙམ་ནས་མཉམ་ཞུགས་གནང་ཡོད།

ཤེས་རིག་བཀའ་བློན་མཆོག་ནས་སྤྱིར་སློབ་གྲྭའི་ཤེས་ཡོན་དང་བྱེ་བྲག་ཏུ་སློབ་ཕྲུག་དང་དགེ་རྒན་ཐོག་བཅོས་མའི་རིག་རྩལ་གྱི་ཤུགས་རྐྱེན་ཐོག་ཐུགས་ཚོར་ཇི་ཡོད་ཁ་གསལ་གསུངས་ཡོད་པ་མ་ཟད། ཕྲུ་གུ་ཚོས་རང་ལ་ཐོབ་པའི་ཤེས་ཡོན་རང་གཞན་ཀུན་གྱི་ཕན་ཐོགས་སླད་བེད་སྤྱོད་ཚད་ལྡན་ཡོང་བར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཡར་རྒྱས་གོང་སྤེལ་གཏོང་གི་ཡོད་སྐོར་གསུངས་ཡོད། ཐོག་མ་ཉིད་ནས་འགྲོ་བ་མིའི་ནང་གི་བཟང་སྤྱོད་གོང་སྤེལ་གཏོང་ཐུབ་ཚེ། མིིའི་རིག་སྟོབས་དང་བཅོས་མའི་རིག་རྩལ་གང་ཡིན་རང་གཞན་ཚང་མར་ཕན་པའི་ལག་ཆ་ཞིག་ཏུ་ངོས་འཛིན་གྱིས་བེད་སྤྱོད་བྱེད་པ་མ་གཏོགས། གཞན་ལ་གནོད་པའི་ཆེད་དུ་རིག་རྩལ་དེ་དག་བེད་སྤྱོད་མི་གཏོང་བ་དང་། བཅོས་མའི་རིག་རྩལ་གྱི་ངོས་ནས་འགྲོ་བ་མི་ལ་གནོད་པའང་སྐྱེལ་མི་འཇུག་རྒྱུར་དགེ་མཚན་ཆེན་པོ་ཡོད་སྐོར་དང་། དེ་བཞིན་འགྲོ་བ་མིའི་རྣམ་དཔྱོད་ཡོད་དོ་ཅོག་བཅོས་མའི་རིག་རྩལ་གྱི་འོག་ལ་མགོ་བཏགས་མི་ཞུ་བར་གཟབ་ནན་བྱེད་དགོས་པ་བཅས་གསུངས་པ་ལ་ཚང་མས་ཆ་འཇོག་ཆེན་པོ་དང་བསྔགས་བརྗོད་གནང་ཡོད།

ཤེས་རིག་ལས་ཁུངས་དང་ཨ་གས་ཏྱ་ཚོགས་པ་གཉིས་ཀྱི་དབར་སློབ་གྲྭའི་ནང་གི་ཚན་རིག་དང་ཨང་རྩིས་གཉིས་ཀྱི་ལས་གཞི་མང་པོའི་ཐོག་འབྲེལ་བ་ཡོད།

ལས་རིམ་འདིའི་འགྲོ་གྲོན་ཆ་ཚང་ཨིན་ཕོ་སིས་ཚོགས་པ་ (Infosys Foundation) ནས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
སྲི་ཞུའི་ལས་བྱེད་གསར་འདེམས་གསལ་བསྒྲགས།
ཕྱི་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་གཤམ་གསལ་ས་མིག་གསལ་བསྒྲགས།