༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སློབ་སྡེ་ཁག་གི་འགན་འཛིན། རྒྱ་བལ་གཉིས་ཀྱི་སློབ་གྲྭའི་སློབ་སྤྱི་དང་། རེག་ཊར་དང་ངེས་སྟོན་པ། ལྟ་གྲུབ་དགེ་རྒན་རྣམ་པ། དེ་བཞིན་སམ་བྷོ་ཊའི་ཁྱབ་ཁོངས་ནས་ཚོགས་བཅར་བ་གྲངས་ ༨༨ དང་། བོད་ཁྱིམ་ཁྱབ་ཁོངས་ནས་ཚོགས་བཅར་བ་༧༨ ། མ་སུ་རི་བོད་ཁྱིམ་ནས་ ༢༢ ། དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་ནས་ ༤༤། བལ་ཡུལ་གངས་ཅན་བདེ་རྩ་ནས་ ༢༠ ། སྒེར་གྱི་སློབ་གྲྭ་ཁག་ལྔ་དང་། ས་རཱ་མཐོ་སློབ། ཝཱ་ཎ་མཐོ་སློབ། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ་ཁང་། སྒྲོལ་མ་གླིང་མཐོ་སློབ་བཅས་ཀྱི་སྐུ་ཚབ། སེ་ར་དང་འབྲས་སྤུངས་བློ་གསལ་གླིང་ནས་མི་གྲངས་ ༡༠ ། ཨ་རི་དང་། ཨིན་ལན། ཨོ་སི་ཊི་ལི་ཡ་བཅས་ནས་སྐུ་ཚབ་ ༤ བཅས་ཁྱོན་ཚོགས་བཅར་བ་གྲངས་ ༢༤༢ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་སྐོང་ཚོགས་གནང་བ་དང་། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་དང་བཀའ་ཤག་གི་ལམ་སྟོན་གསུང་བཤད་གནང་། ཆོགས་ཆེན་མཛད་སྒོ་གྲོལ་རྗེས་ཚོགས་ཆུང་དགུ་རུ་ཆ་བགོས་ཀྱི་གྲོས་གཞི་དོན་ཚན་བཞིའི་སྟེང་གྲོས་བསྡུར་གྱིས་སྙན་ཐོ་འདོན་སྤེལ་གནང་བ་དང་། ཚོགས་ཆུང་དགུ་ཡི་སྙན་ཐོ་ལས་ཕྱོགས་བསྡོམས་ཞུས་པའི་གྲོས་ཆོད་གཤམ་གསལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ནས་ ༢༥ བར་གྱི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་གྲོས་གཞི་དང་གྲོས་ཆོད།

གྲོས་གཞི་དང་པོ།

༄༅། །གཏན་ཉིན་སློབ་གྲྭ་ཁག་ནང་ལོ་རེ་བཞིན་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་བབས་དང་བསྟུན་མ་འོངས་པའི་སློབ་གྲྭའི་གྲངས་ཚད་དང་། ཤེས་ཡོན་གྱི་གནས་ཚད་སོགས་ཀྱི་ཐད་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་གཏོང་ཐབས་ཇི་དགེའི་སྐོར།

གྲོས་ཆོད།

༡༽    སློབ་སྡེ་ཁག་གི་འཛིན་སྐྱོང་གི་གནས་བབས་མི་འདྲ་བར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་ཏེ། སློབ་སྡེ་ཁག་གི་འགན་འཛིན་དང་ལྷན་དུ་གོ་བསྡུར་གྱིས་གཞིས་ཆགས་ཁག་གི་གཞི་རིམ་འོག་མ་རྣམས་གནས་ཐབས་དང་། གཞི་རིམ་བར་མ་དང་གོང་མ་རྣམས་སློབ་གྲྭ་སོ་སོའི་གནས་བབས་དང་བསྟུན་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཐུབ་ན་དཔལ་འབྱོར་བསྲི་ཚགས་དང་མིའི་ནུས་ཤུགས་མཉམ་སྤུངས་ཐུབ་པས་དེ་ལྟར་གནང་གལ།
༢༽ འཛིན་སྐྱོང་བཀའ་ཤག་ནས་བོད་ནས་ཡོང་མཁན་དང་ཕྲུ་གུ་སྐྱེས་གྲངས་ཉུང་དུ་འགྲོ་བ་སོགས་ཀྱི་དཀའ་ངལ་མཁྱེན་ཆུབ་ལྟར་ཕྲུ་གུ་གསུམ་ཅན་ལ་ལྟ་སྐྱོང་བྱེད་པའི་སྲིད་བྱུས་ཀྱིས་ནུས་པ་ཇི་ཙམ་ཐོན་མིན་བསྐྱར་ཞིབ་དང་། ལྷ་རབ་བྱུང་ན། བྱིས་པ་གཉིས་ཡན་ལ་སྦྱིན་བདག་འཚོལ་སྒྲུབ་སོགས་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་པ་དང་། བྱེས་བཞུགས་ཕ་མ་རྣམས་ལ་བུ་ཕྲུག་གང་མང་སྐྱེ་བར་སློབ་གསོ་གནང་གལ།
༣༽   སློབ་སྡེ་ཁག་གི་བུད་མེད་ལས་བྱེད་རྣམས་ལ་ཕྲུ་གུ་བཙས་རྗེས་སྐྱེད་མའི་ཐོབ་སེང་ཟླ་བ་དྲུག་དང་། ཕའི་ཐོབ་སེང་ཟླ་གཅིག་དང་ཕྱེད་ཀ ཡང་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་སྒྲིག་གཞིའི་ཐོབ་ཐང་ལྟར་སྒྲིག་འཛུགས་ཁག་གིས་མཐུན་རྐྱེན་གཅིག་གྱུར་གནང་རྒྱུ་དང་། དེ་བཞིན་དགེ་ལས་ཚོའི་བྱིས་པ་ལྟ་སྐྱོང་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་ས་གནས་གང་སར་བུ་བཅོལ་ཁང་གི་མཐུན་རྐྱེན་དང་མ་མའི་གནས་ཚད་ཇེ་བཟང་དུ་གཏོང་རྒྱུ།
༤༽   བོད་ཁྱིམ་གྱི་སློབ་ཕྲུག་རྣམས་མཐོ་སློབ་ཏུ་འཛུལ་ཞུགས་སོགས་ཀྱི་སྐབས་སུ་འཛིན་སྐྱོང་ནས་རོགས་རམ་སོགས་བདག་སྐྱོང་ལེགས་པོ་གནང་མུས་བཞིན། སློབ་སྡེ་ཚང་མས་ཤེས་ཡོན་ཡར་རྒྱས་ཆེད་བདག་སྐྱོང་གནང་དགོས།
༥༽   སློབ་ཕྲུག་གི་ཁ་གྲངས་འཕེལ་ཆེད་བེད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་ཞབས། སློབ་གྲྭ་ཁག་གི་འགན་འཛིན་དང་། དགེ་ལས་བཅས་ཀྱི་བུ་ཕྲུག་རྣམས་བོད་སློབ་ཁག་ཏུ་གཏོང་གནང་དགོངས་བཞེས་ཐོག་མི་མང་ལ་ཡང་དེ་བཞིན་སློབ་འཇུག་དགོས་སྐོར་ལམ་སྟོན་དང་། ཆང་ས་མ་བརྒྱབ་པའི་བོད་མི་གཞོན་སྐྱེས་རྣམས་ལ་མི་འབོར་འཕེལ་རྒྱས་ལ་འགན་ཁུར་དགོས་སྐོར་ལམ་སྟོན་གསུང་བཤད་གནང་དགོས།
༦༽   ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་བྱེད་ཐུབ་པའི་མཐུན་འགྱུར་གནང་ཐབས་དང་། སློབ་ཡོན་མཐོ་པོ་སྤྲད་ནས་རྒྱ་གར་གྱི་སློབ་གྲྭ་ཁག་ལ་གཏོང་མཁན་རྣམས་བོད་སློབ་ཏུ་འགུགས་ཐབས་སུ་སློབ་གྲྭའི་མཐུན་རྐྱེན་བཟང་དུ་གཏང་དགོས།
༨༽    ཤེས་ཡོན་ཡར་རྒྱས་ཡོང་ཐབས་དང་། དགེ་རྒན་རྒྱུན་གནས་སླད་ད་ལྟ་ཆོད་གན་ཐོག་ཡོད་པའི་དགེ་ལས་རྣམས་གཏན་འཇགས་ཀྱི་ངོ་བོར་བསྐོ་གཞག་དང་འབྲེལ་གླ་ཕོགས་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱོར་སྤྲོད་དང་། དགེ་ལས་རྣམས་ཀྱི་ཕྲུ་གུ་ལ་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་ཐབས་གནང་གལ།
༩༽   གཞིས་ཆགས་ཁག་ལ་སློབ་ཕྲུག་སྡོད་སའི་ཉལ་ཁང་བཟོ་གལ་དང་། དགུན་དུས་ཕ་མ་རྣམས་དགུན་ཚོང་ལ་ཕེབས་སྐབས་ཕྲུ་གུ་བཅོལ་ས་མེད་པའི་དཀའ་ངལ་ལ་དགོངས་བཞེས་གནང་གལ།
༡༠༽ སློབ་ཚན་སོ་སོའི་དགེ་རྒན་གྲངས་ཚད་ལོངས་པ་བསྐོ་གཞག་དགོས་པ་དང་། རྒན་ཡོལ་དུ་ཕྱིན་པའི་ཉམས་མྱོང་ལྡན་པའི་དགེ་རྒན་རྣམས་ལམ་སྟོན་པར་བསྐོ་གཞག་གནང་ཐུབ་ན་ཤེས་ཡོན་ཡར་རྒྱས་ཐད་ཕན་རླབས་ཆེ་བ་མངོན།
༡༡༽ སློབ་གྲྭ་ཟླ་སྒྲིལ་བཏང་བའི་རྗེས་སུ་བརྒྱ་ཆ་རྒྱས་བཅད་ཀྱི་སྒོ་ནས་ཧི་མཱ་ལ་ཡའི་སློབ་ཕྲུག་ཁག་མུ་མཐུད་སློབ་བཞེས་གནང་དགོས་ཐོག བོད་ཕྲུག་དང་ལྷན་དུ་འཇོག་དགོས་མིན་དགོངས་བཞེས་གནང་གལ།
༡༢༽  མཛད་གཙོ་རྣམ་པས་ཕ་མ་དང་དགེ་རྒན་སློབ་ཕྲུག་སོགས་ལ་རྒྱ་བལ་འབྲུག་གསུམ་དུ་རྒྱུན་གནས་ཆེད་མི་རིགས་ཀྱི་སློབ་གསོ་ངེས་པར་དུ་བསྐྱོན་དགོས་གལ།
༡༣༽ ཤེས་ཡོན་གྱི་གནས་ཚད་གང་ལེེགས་ཡོང་བར་གཙོ་ཆེ་གཞི་རིམ་འོག་མའི་སློབ་གྲྭ་ཁག་ནས་ཡར་རྒྱས་གཏོང་གལ་ཆེ་བར་བརྟེན། གཞི་རིམ་འོག་མའི་སློབ་གྲྭ་ཁག་ཏུ་དགེ་རྒན་ཤེས་ཡོན་གནས་ཚད་ལྡན་པ་འདེམས་སྒྲུག་གནང་གལ་དང། དགེ་རྒན་གཅིག་གིས་སློབ་ཚན་མང་པོ་བསླབ་མི་དགོས་པར་སློབ་ཚན་སོ་སོར་དགེ་རྒན་འདེམས་སྒྲུག་གནང་གལ།
༡༤༽ བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སུ་རྒྱ་གར་གྱི་སློབ་གྲྭ་ལེགས་གྲས་ཁག་གི་འཛིན་སྐྱོང་དང་ཕ་མ། དགེ་རྒན་བཅས་ནས་ལེགས་ཆ་བླངས་ཏེ་ལམ་སྟོན་གནང་གལ།
༡༥༽  རིགས་ལམ་ནང་ཆོས་ཀྱི་སློབ་ཁྲིད་ཚགས་ཚུད་ཡོང་ཐབས་སུ་ཚོགས་ཐུན་སྤར་ཆའི་ཐད་འཛིན་སྐྱོང་ནས་དགོངས་བཞེས་གནང་ཐབས་གནང་གལ།

གྲོས་གཞི་གཉིས་པ།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་༡༣ ལྷག་འགྲོ་བཞིན་པར་བརྟེན། ད་དུང་མུ་མཐུད་ཚགས་ཚུད་གཏོང་ཐབས་དང་། བོད་ཨིན་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཐབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་བཅས་ཇི་དགེའི་སྐོར། 

གྲོས་ཆོད།

    ཤེས་ཡོན་སྲིད་བྱུས་མུ་མཐུད་ཚགས་ཚུད་གཏོང་ཐབས།
༡༽ ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་དང་ངོ་སྤྲོད་མ་ཐོབ་པའི་དགེ་རྒན་རྣམས་ལ་ཤེས་རིག་ལས་ཁུངས་དང་སློབ་གྲྭ་སྡེ་ཁག་སོ་སོ་ནས་དོ་ཁུར་གྱིས་དུས་ནས་དུས་སུ་ཤེས་ཡོན་སྲིད་བྱུས་སྤྱི་དང་། ལྷག་པར་དུ་ཤེས་ཡོན་སྤྲོད་པའི་དགོས་དམིགས་བཞིའི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་སྟེ་དགེ་རྒན་རྣམས་ལ་ངེས་པ་རྙེད་པ་གནང་དགོས་པ་མ་ཟད། འགོ་ཁྲིད་དང་ཕ་མ་རྣམས་ལའང་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཁག་ལ་ངེས་པ་རྙེད་པ་ཞིག་གནང་དགོས།
༢༽    ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་གོང་འཕེལ་སླད་དགེ་རྒན་ནང་ཁུལ་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་སོགས་ལ་མཐུན་འགྱུར་གནང་དགོས།
༣༽   ཤེས་ཡོན་སྲིད་བྱུས་ནང་རིགས་ལམ་གལ་ཆེར་བརྩིས་ཡོད་པར་བརྟེན་རིགས་ལམ་འདུ་འཛོམས་དེ་ཉིད་མུ་མཐུད་འཚོག་རྒྱུར་ཤུགས་སྣོན་གནང་དགོས་པ་དང་། རིགས་ལམ་བརྒྱུད་སློབ་ཚན་གཞན་ཁྲིད་ཐབས་སུ་སློབ་ཚན་གཞན་གྱི་དགེ་རྒན་རྣམས་ནས་ཀྱང་རྒྱབ་སྐྱོར་དང་མཉམ་རུབ་གནང་དགོས།
༤༽   ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་འཛིན་གྲྭའི་ནང་སློབ་མ་དབུས་བཞག་དང་། སྤྱི་ཚོགས་ནང་དགེ་རྒན་དབུས་བཞག་གི་སྲིད་བྱུས་དེ་ཉིད་ཕྱག་བསྟར་ངེས་པར་གནང་དགོས།
༥༽   ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་ཡོང་བར་སློབ་ཕྲུག་གི་ལོ་ཚད་དང་མཉམ་པའི་ལས་འཆར་གང་མང་དང་། དགེ་རྒན་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་རང་དབང་འབུལ་དགོས།
༦༽   དབུས་བོད་སློབ་འཛིན་ཚོགས་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཏུ་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་ཨིན་ཇི་སློབ་ཁྲིད་མི་གནང་བའི་འབོད་སྐུལ་གནང་དགོས་པ་དང་། གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་ཡུལ་དུས་ཁོར་ཡུག་སོགས་ཀྱི་རྐྱེན་པས་ད་ལྟའི་ཆར་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐུབ་མེད་ཀྱང་མ་འོངས་པར་ལག་བསྟར་ཐུབ་ཐབས་འབད་བརྩོན་གནང་དགོས།
    བོད་ཨིན་གཉིས་ཀྱི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་གཏོང་ཐབས།
༡༽    བོད་ཨིན་སློབ་ཚན་གང་ཡིན་རུང་སློབ་ཚན་དེ་དང་འབྲེལ་བའི་སྐད་ཡིག་ཁོ་ནའི་ཐོག་ནས་སློབ་ཁྲིད་གནང་རྒྱུར་དགེ་རྒན་སོ་སོས་ཐུགས་འགན་བཞེས་དགོས།
༢༽    འཛིན་རིམ་དང་པོ་ནས་གསུམ་པ་བར་བོད་ཡིག་སྦྱོར་ཀློག་གང་མང་བསླབ་རྒྱུ་དང་། སྒྲ་གདངས་གསལ་པོའི་ངང་སུམ་རྟགས་དག་གསུམ་གྱི་རྩ་བ་བློ་འཛིན་གང་མང་། གཞན་ཡང་བོད་ཡིག་དང་ལྟ་གྲུབ་དགེ་རྒན་མཉམ་རུབ་ཐོག་རིགས་ལམ་བརྒྱུད་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་ལ་ཤུགས་སྣོན་གནང་དགོས།
༣༽   བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སློབ་ཁག་ནང་འཛིན་རིམ་བཞི་པ་ནས་ཨིན་ཇི་སློབ་སྟོན་འགོ་འཛུགས་བྱེད་ཀྱི་ཡོད་སྟབས། སློབ་ཕྲུག་གི་ཨིན་ཇིའི་རྨང་གཞི་སྲ་བརྟན་ཡོང་ཐབས་སུ་འཛིན་རིམ་བཞི་པ་དང་ལྔ་པར་ཨིན་ཇིའི་ཚོགས་ཐུན་མང་དུ་གཏོང་རྒྱུ་དང་། ཨིན་ཇིའི་དགེ་རྒན་ཡང་ཚད་ལྡན་བསྐོ་གཞག་གནང་དགོས།
༤༽ བོད་ཡིག་ཆུ་ཚད་ལེགས་པའི་གྲྭ་བཙུན་རྣམས་ལ་ཤེས་རིག་ལས་ཁུངས་ནས་དུས་ཐུང་སྦྱོང་བརྡར་སྤྲད་དེ་དགེ་རྒན་ལ་བསྐོ་གཏོང་ཐུབ་ན་བོད་ཡིག་ཡར་རྒྱས་འགྲོ་བར་དགེ་མཚན་ཆེ་བར་མངོན།
༥༽   སློབ་ཕྲུག་གི་སྐད་ཡིག་གི་རྩལ་བཞི་(ཉན་རྩལ། བཤད་རྩལ། འབྲི་རྩལ། ཀློག་རྩལ།)ཡར་རྒྱས་གཏོང་ཐབས་སུ་འཛིན་སྐྱོང་ནས་སྐད་ཡིག་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་དང་། ལྷག་པར་དུ་སྐད་ཡིག་དགེ་རྒན་རྣམ་པས་སློབ་ཕྲུག་གི་ཉན་རྩལ་ཡར་རྒྱས་གཏོང་ཐབས་སུ་སྒྲ་འཇུག་བྱས་པའི་གནས་ཚུལ་གང་མང་ཉན་དུ་འཇུག་རྒྱུ་དང་། མིང་ཚིག་ཕྱུག་ཏུ་གཏོང་ཐབས་སུ་སློབ་དེབ་ཙམ་མིན་པར་ཟུར་བལྟའི་དཔེ་དེབ་ཁག་ནས་རྒྱུ་ཆ་འཚོལ་སྒྲུབ་ཀྱིས་སྐད་ཡིག་གི་ཆུ་ཚད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
༦༽ དགེ་རྒན་སྤྱི་དང་ལྷག་པར་བོད་ཡིག་དགེ་རྒན་རྣམས་ལ་སོ་སོའི་ཤེས་ཚད་ཡར་རྒྱས་གཏོང་འདོད་ཀྱི་འདུན་པ་དང་དེང་རབས་དང་མཐུན་པའི་ཐབས་ལམ་སྣ་ཚོགས་ཀྱིས་སློབ་ཁྲིད་ཐུབ་པ་དགོས་ཤིང་། དུས་ནས་དུས་སུ་ཤེས་ཚད་ཡར་རྒྱས་གཏོང་སླད་ཡིག་ཚད་གཏང་དགོས་གལ།
༧༽   དགེ་རྒན་གྱི་སློབ་ཁྲིད་གནང་ཐབས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། བོད་ཨིན་སོགས་ཡར་རྒྱས་དགོས་ངེས་སར་འཛིན་སྐྱོང་ནས་སྐབས་བསྟུན་ཟབ་སྦྱོང་སོགས་གོ་སྒྲིག་གནང་སྟེ་ཡར་རྒྱས་གཏང་དགོས།
༨༽    སློབ་ཕྲུག་རྣམས་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ཡོང་ཐབས་སུ་བོད་སྐད་ཐོག་འགུལ་བརྙན་གསར་བཟོ་དང་། སྐད་རིགས་གཞན་གྱི་གློག་བརྙན་རིགས་བོད་སྐད་ཐོག་ཕབ་སྒྱུར། གཞན་ཡང་དབུ་མེད་ཐོག་བྱིས་སྒྲུང་གང་མང་མུ་མཐུད་པར་འགྲེམས་དང་། དེ་བཞིན་ཕ་མ་དང་དགེ་རྒན་སྤྱི་ཚོགས་ཡོངས་ནས་བོད་སྐད་གཙང་མ་བསྐྱོན་དགོས།
     ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས།
༡༽    སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གོ་རྟོགས་ལས་རིམ་སྤེལ་བ་ལྟར་ཕ་མ་རྣམས་ལའང་གོ་རྟོགས་སྤེལ་དགོས། དེ་ཡང་མདོ་ཡི་ལུང་འདྲེན་ཙམ་མིན་པར་ཉན་པ་པོའི་ཁམས་དང་མོས་པ། གནས་ཚད་ལ་འཚམ་པའི་ཐོག་ནས་གནང་དགོས།
༢༽    མཛད་གཙོ་རྣམ་པ་དང་འགན་འཛིན། དགེ་རྒན། ཕ་མ། མང་ཚོགས་བཅས་ནས་ཕྲུ་གུའི་མདུན་དུ་སྒོ་གསུམ་གྱི་སྤྱོད་པ་བཟང་པོ་གནང་དགོས་པ་དང་། ལྷག་པར་དུ་ཕྲུ་གུའི་མདུན་དུ་ཆང་རག་དང་ཐ་མག་རྒྱན་རྩེད་སོགས་ཚུལ་མིན་གྱི་བྱ་སྤྱོད་ལ་འཛེམ་ཟོན་གནང་དགོས།
༣༽   ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་མཚོན་པའི་འགུལ་བརྙན་དང་པར་རིས། གཞན་ཡང་བྱེད་སྒོའི་ལམ་ནས་ལས་གཞི་གང་མང་སྤེལ་དགོས།
༤༽   ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་བསླབ་གཞི་དང་། སློབ་ཁྲིད་གནང་མཁན་གྱི་དགེ་རྒན་གང་མང་གསོ་སྐྱོང་གནང་གནང་དགོས་པ་མ་ཟད། སློབ་གྲྭའི་སྡེ་ཁག་སོ་སོར་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་གསོ་སྐྱོང་གནང་གལ།
༥༽   བཟང་སྤྱོད་དྲན་གསོ་དང་རང་རྒྱུད་ལ་འཇགས་ཐབས་སུ་སློབ་གྲྭ་ཁག་གི་ནང་བཟང་སྤྱོད་ཀྱི་ཉིན་མོ་དང་། བཟོད་པའི་ཉིན་མོ། གཞན་ཕན་གྱི་ཉིན་མོ་ཞེས་ལས་འགུལ་གྱི་མིང་འདྲ་མིན་བཏགས་ཏེ་དངོས་སུ་ལག་ལེན་དུ་འཁེལ་ཐུབ་པ་བྱ་དགོས།
༦༽ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐབས་སློབ་ཕྲུག་གི་རྒྱུད་ལ་བཟང་སྤྱོད་བྱས་ན་ཕན་ཡོན་གང་ཡོད་ཀྱི་མྱོང་ཚོར་དངོས་སུ་བྱུང་བའི་ལས་འགུལ་གང་མང་སྤེལ་དགོས་པ་དང་། དགེ་ལས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས།
༧༽   ཨེ་མོ་རིའི་གཙུག་ལག་སློབ་ཁང་གིས་བཟོ་འགོད་གནང་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཉིད་དགེ་རྒན་ཚང་མར་གོ་རྟོགས་སྤེལ་དགོས།
༨༽    སློབ་གྲྭ་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཚོགས་པ་ཡོད་པ་རྣམས་ཀྱིས་སློབ་གྲྭ་གཞན་ལ་ཉམས་མྱོང་བརྗེ་རེས་གནང་དགོས།
༩༽   འགན་འཛིན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐད་གོ་རྟོགས་དང་བཅོས་མིན་ཡིད་ཆེས་དགོས་གལ།

གྲོས་གཞི་གསུམ་པ།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་ཡོང་མིན་གཙོ་བོ་ཞིག་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་རག་ལས་ཡོད་སྟབས། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པའི་ཆེད་ལས་དང་ནུས་པ་སོགས་གོང་མཐོར་གཏོང་ཕྱོགས་དང་། དགེ་རྒན་རྣམ་པའི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་། དགེ་རྒན་ཕ་མའི་ཚོགས་ཆུང་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་ནུས་པ་མཉམ་སྤུངས་ཡོང་སླད་སློབ་གྲྭའི་འགན་འཛིན་གྱི་འགན་ཁུར་གནང་ཕྱོགས་ཇི་དགེའི་སྐོར།  

གྲོས་ཆོད།

༡༽    ཕྲུ་གུའི་ཤེས་ཡོན་ཡར་རྒྱས་ཡོང་ཐབས་སུ་སློབ་གྲྭ་ཁག་གི་འཛིན་སྐྱོང་གལ་ཆེ་ཤོས་སུ་མཐོང་བས།  ཤེས་རིག་ལས་ཁུངས་ཀྱིས་ཐུགས་འགན་བཞེས་ཏེ། རྒྱ་གར་ནང་སྙན་གྲགས་ཡོད་པའི་མཐོ་སློབ་དང་གཙུག་སློབ་གཉེར་ཁང་བཅས་ལ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འཛིན་སྐྱོང་གནང་སྟངས་དང་། སློབ་མའི་སེམས་ཁམས་རིག་པ། ཀམ་པུ་ཊར་སོགས་འཕྲུལ་ཆས་བེད་སྤྱོད་བརྒྱུད་སློབ་ཁྲིད་བྱེད་ཐབས་སོགས་བརྗོད་གཞི་གལ་ཆེའི་ཐོག་ཟབ་སྦྱོང་གནང་དགོས་རྒྱུ།
༢༽    སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་ལ་མཁྱེན་རྒྱ་ཡོད་པ་དང་། བོད་ཨིན་སྐད་ཡིག་གི་གནས་ཚད་ལྡན་པ་ཞིག་བྱུང་ཚེ་སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་ཐོག་ནུས་པ་འདོན་ཐུབ་ངེས་ན། འཛིན་སྐྱོང་གི་ངོས་ནས་དུས་ཐུང་ཟབ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་གནང་དགོས།
༣༽   སློབ་སྤྱི་དང་དགེ་ཆེ། དགེ་རྒན་རྣམས་ཀྱི་ཆེད་ལས་ཡར་རྒྱས་སླད་ས་གནས་ཁག་ཏུ་ལས་འཆར་གོ་སྒྲིག་གིས་ཟབ་སྦྱོང་སྤྲོད་མཁན་ནུབ་ཕྱོགས་ཀྱི་མཁས་དབང་གཅིག་པུ་མིན་པར་བོད་པ་དང་རྒྱ་གར་གྱི་མཁས་དབང་གང་མང་གདན་ཞུས་གནང་ཐུབ་ཚེ་སློབ་ཁྲིད་ཀྱི་དུས་ཚོད་ལ་དོ་ཕོག་ཆུང་བ་དང་། དཔལ་འབྱོར་བསྲི་ཚགས་ལ་དགེ་ཕན་ཆེ་བས་དེ་ལྟར་གནང་དགོས།
༤༽   སློབ་སྤྱི་དང་དགེ་ཆེ་ཚད་ལྡན་ཡོང་ཐབས་ལ་བསྐོ་གཞག་གི་སྒྲིག་གཞི་ཁ་གསལ་དགོས་པ་དང་། བསྐོ་གཞག་བྱུང་བ་རྣམས་ཀྱིས་དམན་སར་བཟུང་ནས་དགེ་ལས་དང་། ཕ་མ། སློབ་ཕྲུག་བཅས་ལ་འབྲེལ་འདྲིས་གང་བཟང་གིས་ཕྱག་ལས་མཉམ་རུབ་ཐོག་འགོ་འཁྲིད་བཟང་པོ་ཞིག་ཡོང་ཐབས་གནང་དགོས་པ་དང་། རང་འཁྲིའི་ལས་འགན་ཐོག་དོ་ཁུར་སླེབས་པར་ཆོད་གན་གྱི་ངོ་བོར་མ་ཡིན་པར་གཏན་འཇགས་ཀྱི་ངོ་བོར་བསྐོ་དགོས།
༥༽   དགེ་རྒན་ལ་ཚོགས་ཐེངས་དང་། སློབ་ཚན་གྱི་རྣམ་གྲངས། ལས་ཞོར་གྱི་བྱེད་སྒོ་མང་བས་སློོབ་ཁྲིད་འཐུས་ཤོར་མི་ཡོང་སླད་ལས་འབོར་མང་ཉུང་འཚམས་པོ་གནང་དགོས།
༦༽   ལྟ་གྲུབ་དགེ་རྒན་ཕལ་ཆེ་བ་གསར་པ་ཡིན་པ་དང་། དགོན་པ་དང་སློབ་གྲྭའི་ཁྲིད་ཐབས་མི་འདྲ་བར་བརྟེན། སློབ་ཕྲུག་ལ་སློབ་ཁྲིད་གནང་ཕྱོགས་ཐད་ཟབ་སྦྱོང་སྤྲོད་དགོས་རྒྱུ།
༧༽   སློབ་སྤྱི་དང་དགེ་ཆེ་སོགས་བསྐོ་གཞག་གནང་སྐབས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ལྡན་ཞིང་། ལས་གནས་རིམ་འཛེགས་དང་ཉམས་མྱོང་ཅན་བསྐོ་གཞག་གནང་དགོས་པ་ལས། ཉམས་མྱོང་སོགས་གང་ཡང་མེད་པ་ཞིག་བསྐོ་གཞག་བྱས་ན་ལས་དོན་འཐུས་ཤོར་དང་ཤེས་ཡོན་ཉམས་ཞན་དུ་འགྲོ་ཉེན་ཆེ་བས་དེའི་ཐད་དགོངས་བཞེས་གནང་དགོས་པ་དང་། དེ་ཡང་འདེམས་སྒྲུག་སྐབས་ཚོགས་ཆུང་བསྐོ་འཛུགས་ཀྱིས་འོས་ཆོས་ཚང་བའི་མི་འགྲོ་འདེམས་ཕྱོགས་མ་ནོར་བ་གནང་གལ།
༨༽    ཤེས་ཡོན་སྡེ་ཁག་ཙམ་མིན་པར་ཕ་མའི་ངོས་ནས་ཕྲུ་གུའི་ཤེས་ཡོན་དང་ཀུན་སྤྱོད་སོགས་ལ་ཐུགས་འགན་ངེས་པར་དུ་བཞེས་དགོས་པ་དང་ཉམས་མྱོང་སྤེལ་རེས་ཀྱི་ལས་གཞི་སྤུས་དག་གོ་སྒྲིག་ཞུ་ཐུབ་ན་ལེགས།
༩༽   ཕ་མ་རྣམས་ལ་ཕྲུ་གུའི་ཤེས་ཡོན་གྱིས་གཙོས་པའི་འཚར་ལོངས་དང་བྱམས་སྐྱོང་གནང་སྟངས། དགེ་རྒན་ལ་རམ་འདེགས་བྱེད་དགོས་པར་ཕ་མའི་ཚོགས་ཆུང་གིས་ཁུར་བླངས་ནས་ས་གནས་ས་ཐོག་ཏུ་ཟབ་སྦྱོང་དང་ལམ་སྟོན་ངེས་པར་གནང་དགོས་པ་མ་ཟད། ཟབ་སྦྱོང་སྐབས་ཕྲུ་གུའི་ཕ་མ་དངོས་སུ་བཅར་དགོས་པ་ལས། རྒན་རྒོན་སོགས་མི་ཚབ་གཏོང་མི་དགོས་པ་གཙོ་འདོན་གནང་དགོས།
༡༠༽  སློབ་སྤྱི་དང་དགེ་ཆེ་རྣམས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་རྟོག་ཞིབ་དང་འབྲེལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་ཐུབ་དགོས་པ་དང་། སེམས་ཚོར་དང་འབྲེལ་བའི་སེམས་ཁམས་ཀྱི་འཕྲོད་བསྟེན་དང་། དགེ་ལས་ཡོངས་ཀྱི་གནས་སྟངས་ཐད་རྒྱུས་ལོན་གྱིས་གཅིག་མཚུངས་གཟིགས་རྟོག་ངེས་པར་གནང་དགོས།
༡༡༽  སློབ་མའི་ཤེས་ཚད་རྒྱུས་ལོན་དང་འཛིན་ཁང་གི་གནས་སྟངས་རྟོགས་ཆེད་འཛིན་སྐྱོང་ངོས་ནས་དུས་ནས་དུས་སུ་སློབ་ཕྲུག་གི་འབྲི་དེབ་ལ་རྟོག་ཞིབ་དང་། ཟླ་མཇུག་ཚོགས་འདུ། དགེ་རྒན་ཕ་མའི་ཐུག་འཕྲད་སོགས་དགོས་པའི་ཐོག དགེ་རྒན་ཕ་མའི་སྒྲིག་གཞི་དེ་ཉིད་ལག་བསྟར་འཐུས་གཙང་ཞུ་དགོས་པའི་བཀོད་ཁྱབ་གནང་དགོས་རྒྱུ།
༡༢༽  སློབ་གྲྭའི་འཛིན་སྐྱོང་གི་ལས་དོན་འཐུས་ཤོར་མ་འགྲོ་བ་དང་ཡར་རྒྱས་གཏོང་ཐབས་སུ་སློབ་གྲྭ་ཁག་ལ་སློབ་སྤྱི་ལས་རོགས་དང་། དགེ་ཆེ་ངེས་པར་བསྐོ་གཏོང་གིས་དབང་ཚད་ཆ་བགོས་བྱ་དགོས་པ་དང་། སློབ་གྲྭའི་ལས་དོན་ལ་གོང་རིམ་ནས་དུས་ནས་དུས་སུ་ཞིབ་འཇུག་དང་རྟོག་ཞིབ་གནང་དགོས།
༡༣༽ དགེ་རྒན་དང་དགེ་ཆེ་སོགས་ཀྱི་ཆེད་ལས་ཡར་རྒྱས་ལ་དམིགས་ཏེ་ཕྱི་ལོགས་ཀྱི་ཆེད་ལས་ཡར་རྒྱས་ལྟེ་གནས་ཁང་དུ་དུས་ཐུང་ཆེད་ལས་ཡར་རྒྱས་སྦྱོང་བརྡར་ལ་ཕྱིན་རྗེས་ཆེད་ལས་པ་ཉིད་ཀྱི་བོད་མིའི་ས་གནས་ས་ཐོག་ཏུ་སྦྱོང་བརྡར་གནང་ཐུབ་ན་དགེ་མཚན་ཆེ་ཞིང་། ནུ་བ་བསྟན་འཛིན་འཆི་མེད་ལགས་ལྟ་བུ་རྒྱ་གར་དང་བོད་པའི་མཁས་མྱོང་ཅན་དང་ཆེད་ལས་པ་རྣམས་སློབ་ཁག་ཏུ་གདན་ཞུས་ཀྱིས་ས་གནས་ས་ཐོག་ཏུ་ཟབ་སྦྱོང་གནང་ཐབས་གནང་དགོས།
༡༤༽ དགེ་རྒན་དང་དགེ་ཆེ་སློབ་སྤྱི་རྣམས་ལྷག་བསམ་ཅན་དང་གཞན་ཕན་གྱི་བསམ་པ་དགོས་གལ་ཆེ་བས། དེ་ལྟར་སྐྲུན་ཐབས་སུ་རང་རེའི་བླ་མ་དགེ་བཤེས་ཁག་གདན་ཞུས་ཐོག་སྤྱོད་འཇུག་དང་། བློ་སྦྱོང་སོགས་ཀྱི་ཟབ་ཁྲིད་གནང་དགོས།
༡༥༽  དགེ་རྒན་ཕ་མའི་ཚོགས་ཆུང་ནང་སློབ་སྟོན་པ་ཐེ་བའི་ཚོགས་མི་བརྒྱད་ལས་མེད་གཤིས་དཀའ་ངལ་མི་ཉུང་བ་འཕྲད་བཞིན་འདུག་ན། ཚོགས་མིའི་གྲངས་སྤར་ཆ་དང་ཚོགས་མི་ཁག་ལ་མཐུན་འགྱུར་གང་ཐུབ་གནང་ཐོག ཚོགས་ཆུང་ནང་ཤེས་ཡོན་ལྡན་པའི་ཕ་མ་རྣམས་འདེམས་རྒྱུར་གཙོ་འདོན་བྱ་དགོས།

གྲོས་གཞི་བཞི་པ།

༄༅། །རང་རེ་སྤྱི་ཚོགས་ནང་ལས་རིགས་སློབ་སྦྱོང་ལ་དམིགས་བསལ་ཤུགས་སྣོན་བསྐྱོན་དགོས་པའི་གནད་དོན་གལ་ཆེ་ཡིན་པ་འདས་པའི་ཞིབ་འཇུག་གི་སྙན་ཐོའི་ནང་གསལ་བ་ལྟར། ལས་རིགས་སློབ་སྦྱོང་ཐད་སྤྱི་ཚོགས་ཀྱི་ལྟ་སྟངས་བསྒྱུར་བཅོས་གནང་ཕྱོགས་དང་དོ་དབྱིངས་སྐྲུན་ཐབས་ཇི་དགེའི་སྐོར།

 གྲོས་ཆོད།

༡༽ སློབ་ཕྲུག་རྣམས་ལ་སྲོལ་རྒྱུན་དང་དེང་རབ་ཀྱི་ལས་རིགས་ཐོག་གོམས་འདྲིས་དང་བག་ཆགས་ཟབ་མོ་ཡོང་ཐབས་སུ་སློབ་གྲྭ་ཁག་ལ་ལས་རིགས་འདྲ་མིན་ལ་མཁས་པའི་མི་སྣ་གདན་འདྲེན་གང་མང་གིས་ལས་རིགས་ཀྱི་གལ་གནད་ཐོག་གོ་རྟོགས་སྤེལ་དགོས།
༢༽ ལག་ཤེས་སྤྱི་དང་ལྷག་པར་དུ་སྟོངས་ལ་ཉེ་བའི་བོད་པའི་སྲོལ་རྒྱུན་ལག་ཤེས་ཀྱི་ཕྱག་རྒྱུན་ལྡན་པའི་ལས་རིགས་ནང་ཞུགས་མཁན་རྣམས་ལ་སློབ་ཡོན་སྦྱོར་སྤྲོད་དང་དམིགས་བསལ་གཟིགས་བཟོས་གནང་དགོས།
༣༽   སྤྱི་ཚོགས་ནང་ལས་རིགས་ཐད་ལྟ་ཕྱོགས་ངེས་པར་དུ་འགྱུར་དགོས་ཚེ། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་སྒྲོམ་གཞིའི་འོག་སློབ་གྲྭ་ཁག་གི་ནང་ལས་རིགས་སློབ་སྦྱོང་དང་འབྲེལ་བའི་སློབ་ཚན་དང་ཚོགས་ཐུན་བཀོད་སྒྲིག་གནང་གལ།
༤༽ སློབ་གྲྭ་ཁག་ནང་ལས་རིགས་ལ་དོ་དབྱིངས་ཡོད་པའི་སློབ་ཕྲུག་རིགས་ལ་སློབ་གྲྭའི་འཛིན་སྐྱོང་ནས་དམིགས་བསལ་དོ་སྣང་གིས་འཛིན་རིམ་བཅུ་པའམ་བཅུ་གཉིས་ཐོན་རྗེས་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་སོགས་ལ་གཏོང་རྒྱུའི་ལམ་སྟོན་དང་སློབ་ཡོན་སྦྱོར་སྤྲོད་ཀྱིས། མ་འོངས་པར་ལས་རིགས་སློབ་སྦྱོང་ཐོན་པའི་གཞོན་སྐྱེས་རྣམས་ལ་རང་ངོས་ནས་ཚོང་ལས་གཉེར་ཐུབ་ཐབས་སུ་བཀའ་ཤག་ནས་རོགས་སྐྱོར་གནང་དགོས།
༥༽ ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱའི་ནང་ལས་རིགས་རྣམ་གྲངས་མང་པོའི་ངོ་སྤྲོད་དང་།ལས་རིགས་དེ་དག་གི་སློབ་གཉེར་བྱེད་སའི་ལྟེ་གནས་ཁང་།གཞན་ཡང་ལས་རིགས་དེ་དག་གིས་འཚོ་རྟེན་ལ་ཕན་ཐོགས་ཇི་ཡོད་སྐོར་ཁ་གསལ་བཀོད་གལ་ཆེ།
༦༽  སྤྱི་ཚོགས་ནང་ལས་རིགས་སློབ་ཐོན་པ་རྩེ་ཕུད་རྣམས་ལ་ཆེ་མཐོང་སླད་གསར་འགྱུར་བརྒྱུད་ལམ་ཁག་ནང་བཅར་འདྲི་ལེ་ཚན་གང་མང་དང་།ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་འཚོ་བའི་རང་དབང་སྐྲུན་ཐབས་སུ་ལས་རིགས་འདྲ་མིན་གྱི་ཆེད་ལས་པར་བཅར་འདྲི་བྱས་པའི་བརྙན་དུམ་ཕྱོགས་བསྒྲིགས་ཞུས་པའི་རིགས་སློབ་གྲྭ་ཁག་དང་མང་ཚོགས་སུ་འགྲེམས་སྤེལ་གྱིས་གོ་རྟོགས་གང་མང་སྤེལ་དགོས།
༧༽ གྲོས་གཞི་འདིའི་ཐོག་གསུང་བཤད་གནང་མཁན་སྐུ་ཞབས་རཱཇ་གིལྜཱ་ཡི་གཏམ་བཤད་ནང་དོན་ཁག་ལ་ཡང་ནས་ཡང་དུ་བསམ་གཞིག་གིས་སློབ་གྲྭའི་སྡེ་ཁག་ནས་ཁྱབ་ཁོངས་སློབ་གྲྭའི་ནང་ལས་འཆར་སྤེལ་ཕྱོགས་ཐད་འགན་ཁུར་གནང་དགོས།
༨༽ ཤེས་རིག་ལས་ཁུངས་ནས་ལག་ཤེས་སློབ་གཉེར་ཁང་ཁག་གི་འབྲེལ་ཡོད་འགན་འཛིན་རྣམས་ཆེད་འབོད་ཀྱིས་མ་འོངས་པར་ལས་རིགས་སློབ་སྦྱོང་ནང་ཞུགས་མཁན་མང་དུ་གཏོང་ཕྱོགས་ཐབས་ཤེས་ཇི་དགེ་གནང་དགོས་ཤིང་། ལས་རིགས་སྦྱོང་མཁན་རྣམས་ལ་མདུན་ལམ་བཟང་བ་དང་། ལས་རིགས་ཐད་ལ་ལྟ་སྟངས་འགྱུར་བ་དང་ཞུགས་མཁན་མང་དུ་འགྲོ་ཐབས་སུ་བོད་པའི་ལས་རིགས་སྦྱོང་བརྡར་བྱེད་སའི་ལྟེ་གནས་ཁང་ཁག་རྒྱ་གར་གཞུང་ནས་ངོས་ལེན་ཐོབ་ཐབས་གནང་དགོས་གལ་དུ་མཐོང་།
༩༽   བོད་མིའི་སྒྲིག་འཛུགས་ནས་ལོ་དུས་རྒྱས་བཅད་ནང་ལས་རིགས་ཐོན་རྫས་འགྲེམས་སྟོན་གོ་སྒྲིག་ཞུས་ཏེ། ལས་རིགས་སྡེ་ཚན་རེ་རེའི་ནང་གི་རྩེ་ཕུད་ཁག་ལ་གཟེངས་བསྟོད་དང་། གཞན་ཡང་ལས་རིགས་ལྟེ་གནས་ཁང་ཁག་གི་ལྷག་བསམ་ཅན་གྱི་དགེ་རྒན་ཞབས་ལོ་ཉེར་ལྔ་ཟིན་པ་རྣམས་ལ་ཤེས་རིག་ལས་ཁུངས་ནས་དམིགས་བསལ་གཟེངས་བསྟོད་ཕྱག་འཁྱེར་གནང་དགོས།
༡༠༽  ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ལ་པར་ཆས་དང་བརྙན་པར་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་སྦྱར་ན། པར་པ་དང་བརྙན་པར་བའི་ལས་རིགས་ལ་དོ་དབྱིངས་སྐྲུན་ཐུབ་པ་དང་། གཞན་ཡང་སློབ་གྲྭ་ཁག་ནང་སྐྲ་གཞར་དང་ཚེམ་བུ་སོགས་འགྲོ་གྲོན་ཆུང་བའི་ལས་རིགས་ཆུང་ཙག་གི་ལས་རིམ་ཁག་གོ་སྒྲིག་གནང་དགོས།
༡༡༽  ད་ལྟའི་སྤྱི་ཚོགས་ནང་གི་རྟེན་བཞེངས་དང་། ལྷ་འབྲི་བ། གསེར་བཟོ། ཚེམ་བཟོ་བ་སོགས་ལག་ཤེས་ཚད་ལྡན་རྣམས་ལ་གཞུང་ནས་གཟིགས་སྐྱོང་དང་། ཁོང་ཚོའི་ལག་ཤེས་རྣམས་གཞོན་སྐྱེས་ཚོར་བརྒྱུད་སྤྲོད་ཐུབ་ཐབས་གནང་དགོས།
༡༢༽ སློབ་གྲྭ་ཁག་ལ་རི་མོའི་དགེ་རྒན་དང་བཟོ་རིག་དགེ་རྒན་ཚད་ལྡན་རེ་རེ་མ་བྱུང་རུང་སློབ་གྲྭ་སྡེ་ཁག་སོ་སོའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་སྐོར་སྐྱོད་གནང་ཐུབ་མཁན་གྱི་དགེ་རྒན་ཚད་ལྡན་ཁ་ཤས་ངེས་པར་དུ་དགོས་པར་མངོན།

སྤྱི་སྨན་དགོངས་འཆར།

༡༽ བོད་མའི་སྒྲིག་འཛུགས་ལ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཤེས་ཡོན་ཡར་རྒྱས་ཆེད་རོགས་དངུལ་མཐུན་རྐྱེན་གང་འབྱོར་བ་རྣམས་སློབ་གྲྭའི་སྡེ་ཁག་གི་དགོས་མཁོ་དང་ལས་འཆར་ལ་གཞིགས་ནས་གནང་ཐབས་གནང་རྒྱུ།
༢༽    ཕྱི་རྒྱལ་དུ་གནས་སྡོད་བོད་མི་མང་དག་ཅིག་གིས་བོད་ཕྲུག་ཉམ་ཐག་མང་པོར་སློབ་ཡོན་གྱི་རོགས་རམ་གནང་མུས་ལྟར། འཛིན་སྐྱོང་གིས་ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་སྒེར་པ་རེ་རེས་རྒྱ་གར་དུ་ཡོད་པའི་དྭ་ཕྲུག་དང་ཉམ་ཐག་རྣམས་ལ་སྦྱིན་བདག་བྱེད་དགོས་པའི་འབོད་སྐུལ་གནང་གལ།
༣༽   ཤེས་རིག་ལས་ཁུངས་ནས་ད་བར་བྱིས་སྒྲུང་ཚོན་ཁྲ་ཅན་མང་པོ་འདོན་སྤེལ་གནང་བ་ལྟར་མུ་མཐུད་འདོན་སྤེལ་ཐུབ་ཚེ། འབྱུང་འགྱུར་བོད་ཕྲུག་གི་བོད་ཡིག་གནས་ཚད་ཡར་རྒྱས་ལ་ཕན་ཐོགས་འབྱུང་ངེས།
༤༽   བོད་མི་མང་ཚོགས་སུ་དཔེ་ཀློག་གི་ཁོར་ཡུག་བཟང་དུ་ཕྱིན་ཚེ་ཕྲུ་གུ་ཚོར་ཡང་དཔེ་ཀློག་གི་གོམས་གཤིས་བཟང་པོ་འབྱུང་ངེས་སོང་། གཞིས་ཆགས་ཁག་ཏུ་ཤེས་རིག་ལས་ཁུངས་ཀྱིས་མི་མང་གི་དཔེ་མཛོད་གསར་འཛུགས་གནང་དགོས།
༥༽   འཛིན་གྲྭ་གྲོལ་རྗེས་དགེ་རྒན་རྣམས་ལ་བོད་ཡིག་སྦྱོང་རྒྱུ་ངེས་ཅན་བཟོ་བ་ལས། སྦྱང་འདོད་ཡོད་མཁན་རིགས་ལ་ཝཱཎ་དང་ས་རཱ་སོགས་སུ་ཟླ་ཤས་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་བསྐྲུན་ན་ཕན་ཐོགས་ཆེ་བར་མངོན།
༦༽   ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བའི་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་གནང་གོང་དང་གནང་བའི་རྗེས་ཀྱི་བོད་ཨིན་གྱི་གནས་ཚད་ཞིབ་འཇུག་གནང་གལ།
༼ཤེས་རིག་དྲུང་ཆེ།༽

གྲོས་ཆོད་ངོ་མའི་ངོ་བཤུས།

Menu