ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པའི་བྱིས་པའི་འཁྲབ་སྟོན་བརྙན་སྡེར་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༤ ཉིན་ནོར་གླིང་སྔོན་སློབ་ཚོགས་ཁང་དུ་འདི་གའི་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་ཆོས་གྲགས་ལགས་ཀྱི་བྱིས་པའི་འཁྲབ་གཞུང་དང་འབྲེལ་བའི་བྱིས་པའི་གླུ་གཞས་གཏམ་བརྗོད་བརྙན་སྡེར་དབུ་འབྱེད་གནང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཉམས་ཞིབ་པ་ཆོས་གྲགས་ལགས། ནོར་གླིང་འགན་འཛིན་སོགས་ ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བྱིས་པའི་འཁྲབ་སྟོན་བརྙན་སྡེར་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པའི་བྱིས་པའི་འཁྲབ་སྟོན་བརྙན་སྡེར་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་འདིར་རྣམ་པ་ཚོ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
དེ་རིང་ཉམས་ཞིབ་པ་ཆོས་གྲགས་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱིས་འཆར་གཞི་ནང་བཞིན་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་ཐོག་བྱིས་པའི་འཁྲབ་གཞུང་དང་འབྲེལ་བའི་བྱིས་པའི་གླུ་གཞས་གཏམ་བརྗོད་བརྙན་སྡེར་དབུ་འབྱེད་མཛད་སྒོ་འདི་བཞིན་གལ་ཆེན་པོ་ཡིན་སྟབས་དེ་རིང་འདིར་བཅར་བ་ཡིན། ནོར་གླིང་འགན་འཛིན་དང་། རྒན་ལགས་རྣམ་པ། སློབ་ཕྲུག་བཅས་ཚང་མ་ཕེབས་པར་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་ཤེས་རིག་ལས་ཁུངས་ནས་རྣམ་པ་ཚོ་ཚང་མར་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སྐོར་གོང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་མདོར་ཙམ་གསུངས་སོང་། རྣམ་པ་ཚོ་མཁྱེན་གསལ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ཐོག་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད། ལྷག་པར་རིགས་གཅིག་རྐང་འཛིན་ཐོག་བཀའ་སློབ་ཡང་ཡང་ཕེབས་ཡོད་པར་བརྟེན། ༧གོང་ས་མཆོག་གིས་བཀའ་དགོངས་བཞིན་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་འདི་ཤེས་རིག་ལས་ཁུངས་ནས་འགོ་འཛུགས་ཏེ་ལོ་ཁ་ཤས་འགྲོ་བཞིན་ཡོད། ཉེ་ཆར་ཨ་འཁོར་བཟོད་པ་ལགས་ཀྱིས་བྲིས་རྩོམ་གནང་བའི་ཕྱག་དེབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་དབུ་འབྱེད་གནང་ཡོད། དེ་རིང་ཆོས་གྲགས་ལགས་ཀྱི་བྱིས་པའི་འཁྲབ་གཞུང་དང་འབྲེལ་བའི་བྱིས་པའི་གླུ་གཞས་དང་། གཏམ་བརྗོད་བརྙན་སྡེར་དབུ་འབྱེད་མཛད་སྒོར་བཅར་རྒྱུ་བྱུང་བ་དགའ་པོ་བྱུང་། འཁྲབ་སྟོན་ཟེར་དུས་ཟློས་གར་གྱི་ཆ་ཤས་ཤིག་ཆགས་ཡོད། ཟློས་གར་ཟེར་དུས་ངག་ནས་གླུ་གཞས་ལེན་རྒྱུ་དང་། ལག་ནས་རོལ་ཆ་དཀྲོལ་རྡུང་། ལུས་ཀྱི་སྒོ་ནས་ཞབས་བྲོ་དང་གར་འཁྲབ་རྒྱུ་བཅས་ནི་ང་ཚོའི་རིག་གཞུང་གི་ཆ་ཤས་ཆགས་ཀྱི་ཡོད། འདི་ཧ་ཅང་གནད་འགག་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།

སྔོན་མ།
དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཞི་པ་ཚོགས་པ།