ཟླ་རེའི་གསར་འགྱུར།

སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དབུ་འབྱེད་གནང་བ།

༄༅། །ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ ཚེས་ ༧ བར་གྱི་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་འགོ་འཛུགས་གནང་བ་དང་། དབུ་འབྱེད་མཛད་སྒོའི་སྐབས་དཔལ་ནཱ་ལེནྡྲ་གཉིས་པར་གྲགས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན་དཔལ་བཟང་པོ་མཆོག་གིས་དབུས་པའི་ཕྱག་མཛོད་ཁྲི་པ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དོན་གྲུབ་ལགས་དང་། ཤེས་ཡོན་དང་འབྲེལ་བའི་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་བསྟན་འཛིན་སྙན་གྲགས་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། དེ་བཞིན་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་ཝཱཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་བློ་བཟང་རྒྱ་མཚོ་ལགས་བཅས་ཚོགས་ཕེབས་གནང་ཡོད།

མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་ངོ་སྤྲོད་གནང་དོན་དུ། ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་སློབ་གྲྭ་ཁག་བཅུ་བདུན་ནས་བོད་དགེ་ ༡༧ དང་ཚན་རིག་དགེ་རྒན་ ༡༨ བཅས་ཁྱོན་བསྡོམས་དགེ་རྒན་གྲངས་ ༣༥ མཉམ་ཞུགས་ཐུབ་པ་བྱུང་ཡོད་པ་དང་། ཚན་རིག་དགེ་རྒན་ཁག་གཅིག་ལ་འདས་པའི་ལོ་ཤས་ནང་རིགས་ལམ་གྱི་ཟབ་སྦྱོང་ཐོབ་མྱོང་ཡོད་ཀྱང་། ཕྱི་ལོ་ ༢༠༠༤ ནས་བོད་དགེ་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་གོ་སྒྲིག་ཞུས་མེད་སྟབས། བོད་དགེ་ཚོགས་བཅར་བ་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་འདི་བཞིན་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་༸གོང་ས་མཆོག་གི་དགོངས་གཞི་བཞིན་གཞི་རིམ་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་གྲྭ་ཚང་མར་ལྟ་གྲུབ་དགེ་རྒན་བསྐོ་གཞག་དང་། རིགས་ལམ་སློབ་སྤེལ་གྱི་འབད་བརྩོན་གང་ཐུབ་ཞུ་བཞིན་པའི་ཐོག། སློབ་ཚན་གཞན་པའི་དགེ་རྒན་ཁྲོད་རིགས་ལམ་གྱི་རྨང་གཞི་བསྐྲུན་རྒྱུའི་ལས་གཞི་འདིས། མ་འོངས་པར་སློབ་གྲྭའི་ནང་རིགས་ལམ་བརྒྱུད་སློབ་ཚན་གཞན་སྦྱོང་ཐབས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་རེ་བ་ཡོད་པ་བཅས་ཀྱི་སྐོར་ངོ་སྤྲོད་གནང་།

དེ་ནས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སྤྱིར་རིགས་ལམ་དང་འབྲེལ་བའི་གནད་དོན་ཐོག་ངས་ཞིབ་རྒྱས་ཞུ་རྒྱུ་དཀའ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ནང་པའི་གཞུང་འདི་ལ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ། ནང་པའི་ཆོས་བཅས་སྡེ་ཚན་གསུམ་དུ་ཕྱེ་བ་ལས་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ་དང་འབྲེལ་བ་ཆགས་ཤིང་། སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་ཀྱི་ལས་དོན་ཙམ་མ་ཡིན་པར་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཁྲོད་རིགས་ལམ་གྱི་གནས་ཚད་གོང་མཐོར་གཏོང་ཐབས་ཀྱི་ལས་གཞི་རིམ་པ་སྤེལ་བཞིན་ཡོད། མཉམ་མེད་ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་པོར་བླང་བར་བྱ། །ཞེས་པ་ལྟར་རིག་པའི་གནས་ཆ་ཚང་བ་ཚེ་གཅིག་ལ་སློབ་སྦྱོང་བྱེད་དཀའ་ཡང་། རིག་པའི་གནས་གང་ཞིག་དང་པོར་སློབ་དགོས་མིན་དབྱེ་ཞིབ་བྱེད་པ་ལའང་རིགས་པའི་འགྲོ་སྟངས་ཤེས་རྒྱུ་གལ་ཆེ། དེང་གི་ཆར་འཛམ་གླིང་འདི་ནང་དུས་རབས་ ༢༡ དང་མཐུན་པར་འགྲོ་ཐུབ་པར་འབྲེལ་ལམ་དང་། མཉམ་རུབ། དཔྱད་ཞིབ་ཀྱི་བསམ་བློ། གསར་གཏོད་བཅས་རྩལ་བཞི་ངེས་པར་དུ་དགོས། དེ་དག་ལས་དཔྱད་ཞིབ་ཀྱི་བསམ་བློ་དེ་རིགས་ལམ་རྟགས་གསལ་གཏོང་བའི་ཐབས་ལམ་ལས་ཡོང་ཐུབ།

དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་གསལ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་ལས་བསམ་སྤྱོད་ཀྱི་རང་དབང་དེ་ཡང་། རིགས་ལམ་གྱི་ཐབས་ལམ་སྤྱད་ནས་ཡོང་རྒྱུ་ཡིན་པ་གསལ་པོར་མཐོང་ཐུབ་པས། སྤྱིར་རིགས་ལམ་དེ་སྲོལ་རྒྱུན་གྱི་ཐབས་ལམ་ཞིག་ཡིན་ནའང་དུས་དང་མཐུན་པའི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན། ཟབ་སྦྱོང་འདིར་གཅར་སྐབས་གནས་སྐབས་འཛིན་གྲྭར་སློབ་ཁྲིད་མ་ཐུབ་པ་སོགས་ཀྱི་སེམས་འཚབ་ཕྲན་བུ་ཡོང་སྲིད་ཀྱང་། ཟབ་སྦྱོང་གི་དུས་ཚོད་དམ་འཛིན་ལེགས་པར་གནང་སྟེ་བློ་བསྐྱེད་བཟང་པོ་ཞིག་ཕྱིར་བསྣམ་རྒྱུ་བྱུང་ན་ད་ལྟའི་སློབ་ཕྲུག་ཙམ་མ་ཟད། འབྱུང་འགྱུར་སློབ་ཕྲུག་མང་པོའི་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་བསྒྱུར་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་སེམས་བཅང་བྱ་དགོས། སོ་སོའི་མི་རིགས་ཀྱི་འགན་ཁུར་ཐུབ་པ་ནི། རང་རང་གི་རིག་གཞུང་གི་ཐོག་ནས་ཡོང་བ་ལས། མི་རིགས་གཞན་གྱི་ལད་ཟློས་ཁོ་ནས་སོ་སོའི་མི་རིགས་ཀྱི་འགན་ཁུར་ཐུབ་པ་ཞིག་ཡོང་རྒྱུ་དཀའ་བ་བཅས་ཀྱི་སྐོར་གསུངས།

དེ་རྗེས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་ཀྱིས་ཟབ་སྦྱོང་སྐབས་སློབ་ཁྲིེད་གནང་མཁན་གྱི་གྲ་སྒྲིག་དང་མཉམ་ཞུགས་གནང་མཁན་གྱི་མཐུན་འགྱུར་ཇི་དགོས་སྐོར་གསུང་དོན། གྲ་སྒྲིག་ལ་དངོས་སུ་མཐོང་ཐུབ་པའི་གྲ་སྒྲིག་དང་། དངོས་སུ་མཐོང་མ་ཐུབ་པའི་གྲ་སྒྲིག་བཅས་གཉིས་ཡོད། ཐོག་མཐའ་གཉིས་ལ་བྱ་བ་གཉིས་ལ་བྱ་བ་གཉིས་ཟེར་བ་ལྟར་མཐོང་མ་ཐུབ་པའི་གྲ་སྒྲིག་ནི་ཀུན་སློང་གི་གྲ་སྒྲིག་དེ་རེད། ༸གོང་ས་མཆོག་ཐུགས་དགྱེས་པའི་བྱ་བ་བརྩམས་ན་ཁོང་སྐུ་ཚེ་ཡུན་དུ་གནས་པར་ཕན་ཐོགས་ཡོད་པས་སློབ་ཁྲིད་གནང་མཁན་དང་མཉམ་ཞུགས་གནང་མཁན་གཉིས་ཀས་སེམས་ཤུགས་བསྐྱེད་དེ་འབད་བརྩོན་གནང་རྒྱུ་གལ་ཆེ་བ་དང་། དེ་ནས་གཉིས་པ་དངོས་སུ་མཐོང་ཐུབ་པའི་གྲ་སྒྲིག་ནི། རིགས་ལམ་རྨང་གཞི་ཅུང་ཟད་ཡོད་པ་དང་མེད་པ་གཉིས་དབྱེ་ཞིབ་ཀྱིས་སྡེ་ཚན་སོ་སོར་འཚམ་པའི་བརྗོད་གཞི་སློབ་ཁྲིད་བྱ་རྒྱུ།  དེ་ནས་མཉམ་ཞུགས་གནང་མཁན་གྱི་ངོས་ནས་ཚོགས་ཐུན་རེར་སྐར་མ་བཅུའམ་བཅོ་ལྔ་སློབ་ཚན་འགྲེལ་བཤད་སྐབས་ཡིད་གཟབ་བྱེད་ནས་ཉན་ཞིང་། མ་ཤེས་པ་རྣམས་དྲི་བ་འདྲི་བ་དང་རྩོད་པ་རྒྱག་པ་སོགས་བྱེད་དགོས། རྩོད་པ་རྒྱག་པར་མཚན་ཉིད་བཤད་རྒྱུ་ཡོད་པ་དགོས་སྟབས། ཉིན་རེར་ཉུང་མཐར་མཚན་ཉིད་གཉིས་གསུམ་བློ་འཛིན་ཐུབ་པ་དང་དབྱེ་བ་རྣམས་ཤེས་པ་དགོས་ཀྱི་རེད་བཅས་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་ཝཱཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་བློ་བཟང་རྒྱ་མཚོ་ལགས་ཀྱིས་བརྩམས་བྲིས་གནང་བའི་རིགས་ལམ་བརྒྱུད་བརྡ་སྤྲོད་ཁྲིད་ཐབས་ཀྱི་དཔེ་དེབ་དབུ་འབྱེད་གནང་བ་དང་། དེ་རྗེས་ཟབ་སྦྱོང་བ་རྣམས་ལ་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་བཀའ་སློབ་གནང་དོན་དུ། ཟབ་སྦྱོང་འདི་ཤེས་རིག་ལས་ཁུངས་ཀྱིས་བློ་གསལ་གླིང་གྲྭ་ཚང་དུ་གོ་སྒྲིག་གནང་བ་ཐེངས་དང་པོ་མ་ཡིན་པར། དེ་སྔ་ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ལོར་སཱི་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་སྔ་རྗེས་གཉིས་དང་། དེ་བཞིན་ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་དེར་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་གི་སེམས་ཁམས་འཕྲོད་བསྟེན་ལེགས་པར་ཡོང་སླད་སྒོམ་སྒྲུབ་སྐོར་ཟབ་ཁྲིད་གནང་རོགས་གསུངས་པ་ལྟར། ཟླ་བ་གཉིས་རིང་བདུན་རེར་ཚོགས་ཐེངས་རེར་དྲ་ཐོག་ནས་སྒོམ་སྒྲུབ་སྐོར་ལ་ཟབ་ཁྲིད་ཞུས། དེ་མིན་ཉེ་བའི་ཆར་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་གཉིས་མཉམ་འབྲེལ་ཐོག་སློབ་གྲྭ་ཁག་གི་ཚན་རིག་འགྲེམས་སྟོན་གོ་སྒྲིག་གནང་བའི་སྐོར་ང་ལ་བརྡ་ལན་བྱུང་ཡང་། སྐབས་དེར་ང་རང་ས་གནས་སུ་མེད་སྟབས་ངའི་སྐུ་ཚབ་ཅིག་ཕེབས་རོགས་ཞུས་པ་རེད།

ཐེངས་འདིར་ཡང་ང་ལ་ཉིན་གཉིས་གོང་དགེ་རྒན་རྣམས་ལ་རིགས་ལམ་གྱི་ཟབ་སྦྱོང་གནང་རྒྱུ་ཡིན་པའི་སྐོར་བརྡ་ལན་བྱུང་བས་ཧ་ཅང་གི་ཡག་པོ་རེད་དྲན་བྱུང་། ད་ལྟ་ཟབ་སྦྱོང་འབུལ་ས་དེ་བོད་ཡིག་དང་ཚན་རིག་དགེ་རྒན་ཡིན་སྟབས། རྒན་ལགས་རྣམ་པ་ཚོས་སོ་སོའི་སློབ་ཚན་དེ་རིགས་ལམ་བརྒྱུད་སློབ་ཁྲིད་ཐུབ་པ་ཡིན་ན་སློབ་ཕྲུག་གི་བསམ་བློའི་འཁྱེར་ཕྱོགས་དང་བསམ་བློ་གཏོང་སྟངས་སོགས་གང་ཅིའི་ཐོག་ནས་ཡག་པོ་ཡོང་གི་རེད་བསམ་གྱི་འདུག དེས་ན་རྒན་ལགས་རྣམ་པ་ཚོས་ཟབ་སྦྱོང་གི་དུས་ཚོད་དེ་ཆུད་ཟོས་སུ་མ་འགྲོ་བ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིང་མིན་བློ་གསལ་གླིང་དུ་སློབ་ཕྲུག་བརྒྱ་དང་བཅུ་གཉིས་ཙམ་གྱི་རིགས་ལམ་འདུ་འཛོམས་ཀྱང་འཚོགས་གཏན་འཁེལ་བ་རེད། རྒན་ལགས་རྣམ་པ་ཚོ་སློབ་ཕྲུག་ལ་སློབ་སྟོན་གནང་མཁན་ཞིག་ཆགས་ཡོད་སྟབས། ཁྱེད་རྣམ་པར་ཟབ་སྦྱོང་ཡག་པོ་ཞིག་ཕུལ་ཐུབ་ན། ཁྱེད་དགེ་རྒན་སུམ་ཅུ་སོ་ལྔ་ཙམ་མིན་པར་རྗེས་སུ་ཁྱེད་རྣམ་པས་སློབ་ཁྲིད་གནང་སའི་སློབ་ཕྲུག་བརྒྱ་ཕྲག་མང་པོར་ཕན་ཐོགས་ཡོང་གི་ཡོད་སྟབས། ཤེས་རིག་ལས་ཁུངས་ཀྱིས་བཀའ་གནང་བ་བཞིན་ཡིན་དང་ཡིན་ཞེས་ཞུས་པ་ཡིན།

༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ལ་བརྩི་བཀུར་ཞུ་རྒྱུར་འབྲས་སྤུངས་བློ་གསལ་གླིང་ཤར་སྐྱོད་བྱེད་བཞིན་ཡོད་པས། མ་འོངས་པར་ཡང་འདི་གར་ལས་རིམ་གལ་ཆེ་རིགས་མ་འཁེལ་བ་ཡིན་ན། ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་ཐོག་གྲྭ་ཚང་གི་ངོས་ནས་མཐུན་འགྱུར་གང་ནུས་ཞུ་རྒྱུ་ཡིན། བློ་གསལ་གླིང་གྲྭ་ཚང་གིས་ཤེས་ཡོན་དེ་གལ་ཆེན་པོར་བརྩིས་ཏེ་ང་ཚོའི་ཕྱག་མཛོད་ཁྲོད་ཤེས་ཡོན་གྱི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཕྱག་མཛོད་ཅིག་བསྐོས་ཏེ། ཚན་རིག་ལྟེ་གནས་ཁང་དང་གྲྭ་ཚང་གི་འཛིན་རིམ་བཅུ་པ་བར་གྱི་སློབ་གྲྭ་གཉིས་ཀྱི་ཤེས་ཡོན་གྱི་འགན་ཆ་ཚང་བཞེས་བཞིན་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་ངོས་ནས་ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་སམ་ཞེ་ན། གཟུར་གནས་བློ་ལྡན་དོན་གཉེར་བའི།། ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་པ་ལྟར་དང་པོར་བློ་གཟུ་བོར་གནས་པ་ཞིག་དགོས་རྒྱུ་གལ་ཆེ་བ་དང་། གཉིས་པར་བློ་གྲོས་དང་ལྡན་པའམ་ཤེས་རབ་དང་ལྡན་པ་དགོས། གསུམ་པར་སློབ་དཔོན་མཁས་པ་དང་ཉན་པོ་ཤེས་རབ་ཡོད་པ་ཙམ་གྱིས་མ་འགྲིགས་པར་དོན་གཉེར་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་རིང་ཟབ་སྦྱོང་གི་བརྗོད་གཞི་རིགས་ལམ་ཡིན་སྟབས། སྦྱོང་སྟངས་དེ་སུམ་རྟགས་ཀྱི་དགེ་རྒན་ཞིག་གིས་སྙན་སུམ་ཁྲིད་པ་ཙམ་གྱིས་མི་ཆོག་པར་དཔེར་བརྗོད་མང་པོ་རྒྱག་དགོས་པ་བཞིན། རིགས་ལམ་ལ་རྟགས་གསལ་ངེས་པར་དུ་གཏོང་དགོས། རྟགས་གསལ་མ་བཏང་ན་གང་སྦྱངས་པ་དེ་ལམ་སེང་བརྗེད་འགྲོ་རྒྱུ་རེད། དེར་བརྟེན་རིགས་ལམ་སྦྱོང་བ་ལ་མཚན་ཉིད་བློ་འཛིན་དང་རྩོད་པ་རྒྱག་རྒྱུ་གཉིས་ཧ་ཅང་གལ་ཆེན་པོ་ཡིན། ཟབ་སྦྱོང་བ་རྣམས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་དགེ་འདུན་པ་ཆུང་བའི་ལྷན་དུ་རྩོད་པ་རྩོད་དུ་ཕེབས་ཐུབ་ན་རིགས་ལམ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད། བསྡུས་གྲྭ་ཡག་པོ་བྱུང་ན་སེམས་ཀྱི་འགྲོ་སྟངས་ཀྱང་ལེགས་པར་ཤེས་ཐུབ་པ་ཡིན། དེང་རབས་ཀྱི་སེམས་ཁམས་རིག་པ་དང་ནང་པའི་སེམས་ཁམས་རིག་པ་གཉིས་དབར་གནམ་སའི་ཁྱད་པར་ཡོད་སྟབས་དགེ་ལགས་རྣམ་པས་དེའི་ཐོག་ཐུགས་སྣང་གནང་ན་ཕན་ཐོགས་ཆེན་པོ་ཡོད། ཟབ་སྦྱོང་རིང་དུས་ཚོད་ཆུད་ཟོས་སུ་མ་འགྲོ་བ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་རབས་ཀྱི་ཤེས་ཡོན་གང་ཡོད་པའི་ཐོག་ལ་ང་རང་ཚོའི་བོད་ཀྱི་ཐུན་མིན་རིག་གཞུང་རྣམས་ཤེས་ན་སློབ་ཕྲུག་རྣམས་ལ་སློབ་ཁྲིད་སྐབས་ཕན་ཐོགས་དང་ནུས་པ་ཆེ་བ་ཡོང་རྒྱུ་མ་ཟད། རིགས་ལམ་གྱི་འགྲོ་སྟངས་ཡག་པོ་ཤེས་ན་པཎ་གྲུབ་བཅུ་བདུན་གྱི་གསུང་དང་། དེ་མིན་གྱི་ཕྱག་དཔེ་གང་འདྲ་ཞིག་གཟིགས་ཀྱང་གོ་བ་ལེགས་པར་འཆར་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས།

མཛད་རིམ་གྱི་མཐའ་མར་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དབུས་པའི་ཕྱོགས་མཐའ་ནས་ཕེབས་པའི་ཚོགས་བཅར་བ་རྣམས་དང་། ལྷག་པར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་རྣམ་པས་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་དངོས་སུ་འགོ་འཛུགས་ཐུབ་རྒྱུར་སྔ་ཕྱིར་མཐུན་འགྱུར་གང་ལེགས་གནང་བར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་རིམ་ལེགས་པར་མཇུག་བསྒྲིལ། །

ཟབ་སྦྱོང་ཐོག་མཉམ་བཞུགས་པའི་འདྲ་པར།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་དགེ་ཆེ་རྣམས་ལ་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གནང་བཞིན་པ།