ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༤ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་བཞི་པར་མཉམ་ཞུགས་གནང་བའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་དང་དགེ་རྒན་རྣམས་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཇལ་འཕྲད་དང་སྦྲགས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་བཀའ་ཤག་གི་ཚོམས་ཆེན་ནང་སྲིད་སྐྱོང་མཆོག་གིས་དབུས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱོགས་མཐའ་སོ་སོའི་དགེ་རྒན་དང་སློབ་ཕྲུག གསར་འགོད་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་མཉམ་འཛོམས་ཀྱིས་ཐོག་མར་སློབ་ཕྲུག་རྣམས་ཀྱིས་བོད་ཕྱི་ནང་གི་དཀའ་ངལ་སེལ་ཐབས་དང་། སྲིད་སྐྱོང་གི་སློབ་ཡོན་དང་འབྲེལ་བའི་གནད་དོན། འཆར་གཞི་དང་འཐབ་བྱུས། དེ་བཞིན་བོད་རྒྱའི་གནད་དོན་བཅས་ཀྱི་དྲི་བར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
ངས་ལྔ་དང་ལྔ་བཅུ་ཞེས་བཤད་པ་འདི་ནི། བོད་དོན་བདེན་མཐའ་གསལ་ཐབས་སུ་གཙོ་བོ་བོད་རྒྱ་ཞི་མོལ་ལ་རག་ལས་ཡོད། ནམ་ཞིག་བོད་དོན་བདེན་མཐའ་གསལ་ངེས་ཡིན། ཡིན་ནའང་། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བཙན་བྱོལ་སྒྲིག་འཛུགས་འདི་སྲ་བརྟན་ཡོང་རྒྱུ་དང་། རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་འཚོལ་དགོས་པ་ཡིན། མི་འབོར་དང་སྟོབས་ཤུགས་སོགས་གང་གི་ཆ་ནས་ཀྱང་ང་ཚོས་ཁ་གཏད་མི་ནུས་ཀྱང་། ང་རང་ཚོར་ཡོད་པའི་ནང་ཁུལ་མཐུན་སྒྲིལ་གཅིག་ཏུ་གནས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ལྔ་དང་ལྔ་བཅུ་ཞེས་པ་དེའི་རིང་ཕྱོགས་གང་ནས་འབད་བརྩོན་བྱ་རྒྱུ་ཡིན། ཞེས་དང་། ཡང་བོད་རྒྱ་ཞི་མོལ་ཡོང་བར་གནད་དོན་ཆེན་པོ་བཞི་ལ་རག་ལས་ཡོད་པ་ནི།
དང་པོ། གཙོ་ཆེ་ཤོས་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་རག་ལས་པ་དེ་གཙོ་བོ་ཡིན། གཉིས་པ། རྒྱ་ཕྱོགས་ནས་བོད་ནང་དཀའ་ངལ་ཡོད་པ་དེ་དག་ཤེས་པའི་ཐོག་ནས་ནུས་པ་ཞིག་ཡོང་དགོས་པར་བརྟེན། རྒྱ་གཞུང་དང་རྒྱ་ནག་མི་མང་གི་བསམ་བློ་གཏོང་ཕྱོགས་དང་། གསུམ་པ། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དང་དོ་སྣང་། བཞི་པ། རྒྱ་གར་དང་རྒྱ་གར་གཞུང་།  དེ་ལྟར་བོད་དོན་སྐོར་ནུས་པ་ཐོན་པ་དང་། རོགས་སྐྱོར་ཐོབ་ཆེད་བོད་མིའི་མགྲིན་ཚབ་པ་དེ་བོད་མིའི་སྒྲིག་འཛུགས་གཙོ་བོ་ཆགས་ཡོད། ཅེས་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་སྐུ་སྒེར་གྱི་མི་ཚེའི་ནང་དཀའ་ལས་རྒྱག་སྟངས་དང་ཤེས་ཡོན་ཐོག་འབད་བརྩོན་གནང་ཕྱོགས་སྐོར་ཞུས་པ་དང་སྦྲགས་གསུང་དོན། སློབ་སྦྱོང་ཡག་པོ་ཞིག་ཡོང་བར་ཉུང་མཐར་ཆུ་ཚོད་བཅུ་དཀའ་ལས་བརྒྱག་དགོས་པ་དང་། དེ་བཞིན་བསམ་བློའི་གྲ་སྒྲིག་དང་གདེང་ཚོད། རྣམ་དཔྱོད་སོགས་འབད་བརྩོན་བྱ་དགོས་པའི་སྐུལ་ལྕག དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྐར་མ་གཉིས་ཀྱི་རིང་བོད་དོན་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཚེ་དུས་ཡུན་ཐུང་ངུ་དེའི་ནང་མང་ཚོགས་ལ་སེམས་འགུལ་ཐེབས་རྒྱུའི་གཏམ་བཤད་གང་འདྲ་ཞིག་བྱེད་དགོས་མིན་དང༌། དེ་འབྲེལ་གལ་ཏེ་རྒྱ་རིགས་ཚོར་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་ཚེ་དབུ་མའི་ལམ་ནི་བོད་དོན་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བཟང་ཤོས་གང་འདྲ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་དོན།
ཨེམ་(M)དང་པོ་དེ་ཨིན་ཡིག་ནང་ཡོད་པ་བཞིན་ (Mistake) སྟེ་ནོར་འཁྲུལ་ཞེས་པ་དེ་ཡིན། དེ་ཡང་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ཆབ་སྲིད་ཀྱི་དམ་བསྒྲགས་དང་། ཁོར་ཡུག་གཏོར་བཤིག སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད་བྱས་པ་དེ་དག་ནོར་བ་རེད། ནོར་འཁྲུལ་གཞན་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་ཡོད། དེ་ནས་ཨེམ་(M)གཉིས་པ་རྒྱ་ནག་གཞུང་གིས་ད་ལྟའི་དབུ་མའི་ལམ་གྱི་སྐོར་ལོག་འགྲེལ་བྱས་པ་སྟེ་ཨིན་ཡིག་ནང་། (Misinterpretation) ཞེས་བརྗོད་ཀྱི་ཡོད། ལོག་འགྲེལ་རྒྱག་སྟངས་དེ་ཡང་བོད་པ་ཚོས་དབུ་མའི་ལམ་ཁ་ལ་འཁྱེར་ནས་དོན་དངོས་ཐོག་རང་བཙན་རྩོད་རྒྱུ་རེད། རྒྱ་ནག་ནས་ཁ་བྲལ་བྱེད་རྒྱུ་རེད། སྲིད་བྱུས་དེ་གཉིས་སྨན་ཞིག་མ་རེད། བོད་པ་ཚོར་ཀུན་སློང་གཞན་ཞིག་ཡོད་སྐོར་འགྲེལ་བཤད་ལོག་པ་རྒྱག་བཞིན་ཡོད། ལོག་འགྲེལ་བྱས་པ་དེར་བརྟེན་ཨེམ་བཞི་པ་ (M) དེ་རྒྱ་མི་དང་བོད་མི་དབར་གོ་ནོར་ཐེབས་པ་སྟེ་ཨིན་ཡིག་ནང་། (Misunderstanding)བརྗོད་ཀྱི་ཡོད། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ང་ཚོས་ཁ་ཡོད་ལག་ཡོད་དང་ཡིད་ཆེས་ལག་བསྟར་བྱེད་རྒྱུའི་སྲིད་བྱུས་ཤིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ནོར་འཁྲུལ་བྱས་པ་དེ་དག་ཁས་ལེན་མ་བྱས་པ་ཙམ་དུ་མ་ཟད། དབུ་མའི་ལམ་གྱི་འགྲེལ་བརྗོད་ལོག་པ་བརྒྱབ་ཀྱི་འདུག འགྲེལ་ལོག་དེས་བོད་རྒྱ་མི་རིགས་གཉིས་དབར་གོ་ནོར་ཐེབས་པའི་རྒྱུ་ཞིག་ཆགས་ངེས་རེད། དེར་བརྟེན་ཨེམ་བཞི་པ་(M)སྟེ་ཨིན་ཡིག་ནང་ཡོད་པའི་ (Middle way ) སྟེ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་དག་པ་ཞིག་ཡིན། ཨེམ་ལྔ་པ་(M)དེ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ (Mutual Understanding) བསྐྱར་གསོ་བྱེད་དགོས་རྒྱུ་དེ་རེད། ཅེས་སློབ་ཕྲུག་རྣམས་ལ་གོ་བདེའི་ལམ་ནས་ངོ་སྤྲོད་གནང་།
མཇག་ཏུ་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚོར་སློབ་གྲྭའི་རྒན་བདག་གི་ལས་འགན་དེ་འདྲ་ཞིག་འཁུར་ཐུབ་པ་དེ་མི་ཚེའི་ནང་བྱ་བ་རླབས་ཆེན་ཞིག་ཡིན་པར་བརྟེན་བསྔགས་བརྗོད་ཞུས་པ་དང་། སྐུ་པར་མཉམ་སྒྲོན་གནང་སྟེ་ལས་རིམ་མཇུག་སྒྲིལ། །

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་བཞི་པ་འགོ་འཛུགས་གནང་།
ཕྱི་མ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་གསུང་བཤད་གནང་བ།