ཟླ་རེའི་གསར་འགྱུར།

ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་པ་ལེགས་གྲུབ་ཟིན་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༡༤ ནས་ ༡༩ བར་ཉིན་གྲངས་དྲུག་རིང་འདི་ག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་ཤེས་རིག་ལྷན་ཚོགས་ཁང་དུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་པ་བསྐྱངས་ཡོད།

དེ་ཡང་ཐེངས་འདིའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་འགོ་འཛུགས་ཐོག་མར་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་འབྲེལ་ཡོད་ཚན་པའི་ལས་བྱེད་ཚང་འཛོམས་ཐོག་འདི་ག་ཤེས་རིག་བརྡ་ཆད་ཚན་པ་ཐོག་མར་གསར་འཛུགས་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་རྐང་བཞེས་གནང་མཁན་ཚན་པའི་འགན་འཛིན་ཐོག་མ་ཞིང་གཤེགས་དམ་པ་སྐུ་ངོ་ཨཙཱརྱ་ཀརྨ་སྨོན་ལམ་ལགས་ཀྱིས་རླབས་ཆེན་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་བཏུད་མཚོན་བྱེད་དུ་ངག་བཅད་དང་མ་ཎི་ཡིག་དྲུག་གསུང་འདོན་ཞུས།

ཚོགས་འདུའི་ཐོག་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་དང་། ཚོགས་མིར་འབུམ་རམས་པ་ལྷག་པ་ཚེ་རིང་ལགས། འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། སྨན་རམས་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་ལགས། བོད་ཁྱིམ་ཨིན་དགེ་ལས་ཟུར་རྒན་བསྟན་འཛིན་དར་རྒྱས་ལགས། ཚོགས་མི་དང་ཚོགས་དྲུང་གཅིག་ལྕོགས་བརྡ་ཆད་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུང་དྲུང་ཨོ་རྒྱན་བསྟན་འཛིན་ལགས། ཚན་པའི་ལས་བྱེད་བཅས་མཉམ་འཛོམས་གནང་ཡོད།

གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུའི་ལས་ཉིན་དྲུག་རིང་ཚན་རིག་དང་། ཤེས་ཡོན། ཁྲིམས་ལུགས། ཆབ་སྲིད། དཔལ་འབྱོར། རྩིས་རིག ཁོར་ཡུག འཕྲུལ་ཆས་བཅས་ཀྱི་འཆར་འབུལ་ཞུས་པའི་ཐ་སྙད་ཁྱོན་བསྡོམས་གྲངས་ ༧༠༠ ཡོད་ཁོངས་ནས་ཐ་སྙད་གྲངས་ ༥༧༠ ཙམ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ད་བར་ཐ་སྙད་ཁྱོན་ཁྱོན་བསྡོམས་གྲངས་ ༢༡༦༦༡ གཏན་འབེབས་གནང་ཡོད་ཅིང་། ཐ་སྙད་དེབ་ཕྲེང་ ༡༧ བར་འདོན་སྤེལ་ཟིན་ཅིང་། ཐ་སྙད་འཚོལ་བཤེར་གྱི་དྲྭ་ཚིགས་དང་བཀོལ་སྤྱོད་མཉེན་ཆས་བཅས་ཀྱི་ཆ་རྐྱེན་སྦྱོར་སྐྲུན་ཞུས་ཡོད། ཐེངས་འདིའི་གཏན་འབེབས་ཚོགས་འདུ་དང་ལས་གཞིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ནས་མཐུན་འགྱུར་གནང་མུས་བཅས། །


སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་སྐབས་བརྒྱད་པའི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༥ ལོའི་སྐབས་བརྒྱད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ལེགས་པར་གྲུབ་པ།