ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༥ ལོའི་སྐབས་བརྒྱད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ལེགས་པར་གྲུབ་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༡༧ ནས་ ༡༩ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོོན་ལེགས་པར་གྲུབ་ཡོད། ཉིན་གསུམ་རིང་འགྲེམས་སྟོོན་དེར་སློབ་གྲྭ་ཁག་ ༡༩ ནས་སློབ་ཕྲུག་ ༡༤༦ མཉམ་ཞུགས་གནང་ཡོད་པ་དང་། འགྲེམས་སྟོན་འདིའི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོས་ཚན་རིག་ལ་དོ་སྣང་དང་། ཁོར་ཡུག་ལ་གོ་རྟོགས་གསར་གཏོད་ཀྱི་ལམ་ནས་དཀའ་ངལ་སེལ་ཐབས་ཀྱི་ནུས་པ་བཅས་མཚོན་ཐུབ་ཀྱི་ཡོད།

འདི་ལོའི་འགྲེམས་སྟོན་གྱི་བརྗོད་གཞི་རྒྱུན་གནས་ཐུབ་པའི་མ་འོངས་པའི་ཆེད་ཚན་རིག་དང་འཕྲུལ་རིག་ཅེས་པ་དེ་ཡིན་ཞིང་། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་གིས་ཚད་གཞིའི་ཐོག་ནས་འགྲེམས་གཟུགས་ ༣༩ བདམས་ཐོན་བྱུང་ཡོད། མཉམ་ཞུགས་གནང་མཁན་གྱི་སློབ་གྲྭ་ཁག་ནི། དྷ་ས་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་སློབ་གྲྭ་ལྔ་དང་། མ་སུ་རི་བོད་ཁྱིམ་ཁོངས་གཏོགས་སློབ་གྲྭ་གཉིས། སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་བཅུ་གཉིས་འཚུད་ཡོད་ལ། སྐབས་དེར་སློབ་གྲྭ་རེ་ནས་སློབ་ཕྲུག་རེ་དང་སློབ་སྟོན་དགེ་རྒན་རེ་ཕེབས་ཡོད།

དེའི་སྟེང་གོ་སྒྲིག་གནང་ཡུལ་སློབ་གྲྭ་ནས་འཛིན་གྲྭ་ ༤ ནས་ ༦ བར་གྱི་སློབ་ཕྲུག་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ནས་སྒྱུ་སྩལ་གྱི་ལམ་ནས་རང་བྱུང་ཚན་རིག་ཅེས་པའི་བརྗོད་གཞི་ཐོག་རི་མོ་དང་འགྲེམས་གཟུགས་གཞན་བཟོ་རིག་བཅས་ཀྱི་ཐོག་འགྲེམས་གཟུགས་གྲངས་ ༤༣ གོ་སྒྲིག་གནང་ཡོད།

ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༡༧ ཉིན་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་སེམས་ཤུགས་སྐྱེས་པའི་ལམ་སྟོན་གནང་ཡོད། དེ་ཡང་ཁོང་གིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་འབད་རྩོན་ཧུར་ཐག་གནང་དགོས་པ་དང་། ངས་མ་བྱེད་ན་སུས་བྱས། ད་ལྟ་མ་བྱེད་ན་ག་དུས་བྱས་ཞེས་པ་ལུང་འདྲེན་གྱིས་རང་ངོས་ནས་སྤྱི་ཚོགས་ལ་འགན་ཁུར་དང་འབད་རྩོན་བྱེད་པ་ལས་མ་འོངས་པར་གྲུབ་འབྲས་བཟང་པོ་ཐོན་གྱི་ཡོད་པའི་སྐོར་ནན་བརྗོད་གནང་ཡོད། 

གཞན་ཡང་སྐུ་མགྲོན་དུ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་མཐོ་རིམ་ལས་བྱེད། སློབ་སྤྱི། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་འགྲེམས་སྟོན་གྱི་དམིགས་ཡུལ་དང་འཕེལ་རིམ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཚན་རིག་དང་། འཕྲུལ་རིག བཟོ་རིག ཨང་རྩིས་བཅས་ཀྱི་ཤེས་ཡོན་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་གསར་གཏོད་ཀྱི་བསམ་བློ་གཏོང་མཁན་དང་གསར་སྐྲུན་བྱེད་མཁན་སྐྱེད་སྲིང་བྱེད་པའི་ཆེད་དུ་ཡིན་པར་ནན་བརྗོད་གནང་ཡོད།

ཟུར་དཔང་རྣམ་པའི་གོ་སྒྲིག་འོག་ “Millets for a Sustainable Future and Health” ཞེས་པའི་གྲོས་གླེང་ཞིག་ཚོགས་ཡོད། སྐབས་དེར་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་ Gargi མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་གཞོན་པ་བསྟན་འཛིན་ཉི་འབུམ་ལགས་ནས་བརྗོད་གཞི་དེའི་སྐོར་འགྲེལ་བརྗོད་གནང་། ཟུང་དཔང་གཞན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས། འབུམ་རམས་པ་བསྟན་འཛིན་ཆོས་འཕེལ་ (Aerospace Engineer at Pratt and Whitney) ལགས། པན་ཇབ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་བསྟན་འཛིན་དཔལ་སྒྲོལ་ལགས་བཅས་ཕེབས་ཡོད། 

ཕྱི་དྲི་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་གི་ Shell འཕྲུལ་རིག་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐལ་བཟང་ཐར་པ་ལགས་ཀྱིས་ “How Not to Make a Project.” བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་ཟབ་ཁྲིད་གནང་ཡོད། 

ཕྱི་ཟླ་ ༧ ཚེས་ ༡༨ ཉིན་འགྲེམས་སྟོན་མང་ཚོགས་ལ་གཟིགས་འབུལ་ཆེད་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་ལྟར། དྷ་སའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་སུ་ཇ་བོད་ཁྱིམ་དང་ཅོན་ཏ་ར་བོད་ཁྱིམ། དཔེ་སྟོན་སློབ་གྲྭ། གྷོ་པལ་པུར་བོད་ཁྱིམ་བཅས་ཀྱི་སློབ་ཕྲུག་དང་། དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་ནས་ཀྱང་འགྲེམས་སྟོན་ལ་གཟིགས་སྐོར་ཕེབས་ཡོད། གཟིགས་སྐོར་བ་ཚོས་འགྲེམས་གཟུགས་ལ་བལྟ་ཞིབ་ཀྱིས་སློབ་ཕྲུག་ཚོས་རང་ཉིད་ཀྱི་འགྲེམས་གཟུགས་ལ་འགྲེལ་བརྗོད་དང་འབྲེལ་གོ་བསྡུར་གནང་ཡོད། 

ཕྱི་ཟླ་ ༧ ཚེས་ ༡༩ འགྲེམས་སྟོན་གྱི་ཉིན་མཐའ་མར་ཚན་རིག་དང་ཨང་རྩིས་ཀྱི་སྡེ་ཚན་ནས་ཡིན་པ་སློབ་དཔོན་ཏི་པི་ཤར་མ་ལགས་འགྲེམས་སྟོན་ལ་ཆེད་དུ་གཟིགས་སྐོར་དུ་ཕེབས་པ་དང་། ཁོང་དང་ལྷན་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས་ཕེབས་ཡོད། མཇུག་བསྡོམས་མཛད་སྒོའི་སྐབས་སློབ་དཔོན་ཏི་པི་ཤར་མ་ལགས་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་ནས་ལམ་སྟོན་གནང་མཁན་གྱི་དགེ་རྒན་རྣམས་ལ་བསྔགས་བརྗོད་ཀྱི་ལག་འཁྱེར་ཕུལ་བ་དང་། སློབ་དཔོན་ཏི་པི་ཤར་མ་ལགས་ནས་བོད་པའི་སློབ་གྲྭའི་ནང་ཚན་རིག་དང་། འཕྲུལ་རིག བཟོ་རིག ཨང་རྩིས་བཅས་ཀྱི་ཤེས་ཡོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དྲན་རྟེན་གྱི་ཕྱག་རྟགས་བཅས་ཕུལ་ཡོད། 

ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་གཉིས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བ་ལས་ད་ཐེངས་འགྲེམས་སྟོན་གྱི་ལས་གཞི་འདི་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཤེས་རིག་ལས་ཁུངས་ནས་འགྲེམས་གཟུགས་གྲངས་ ༡༢ དྲག་འདེམས་ཀྱིས་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དུ་སྤྱན་འབུལ་ཞུས་ཡོད་པ་གསལ་བསྒྲགས་གནང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ནས་འགྲེམས་གཟུགས་དྲག་འདེམས་གིས་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་གྱི་ལས་རིམ་ནང་བཞུགས་རྒྱུ་ཡིན་པ་གསུང་ཡོད། 

ཤེས་རིག་དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་དང་། ཤེས་ཡོན་ཚན་པའི་ལས་བྱེད་བདེ་སྐྱིད་དཔལ་མོ་ལགས། དེ་བཞིན་ཤེས་རིག་གི་ལས་བྱེད་དང་ཚོགས་མི་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་གནང་བར་ལས་ད་ལན་འགྲེམས་སྟོན་གྱི་ལས་གཞི་ཚགས་ཚུད་ངང་ལེགས་གྲུབ་བྱུང་ཡོད། འགྲེམས་སྟོན་གྱི་ལས་གཞི་འདི་ནི་ཚན་རིག་གི་འགྲེམས་སྟོན་ཙམ་མ་ཡིན་པར། སྐབས་བརྒྱད་པའི་བོད་མི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་དེ་བརྒྱུད་མ་འོངས་བོད་པའི་མི་རབས་ནང་། བསམ་བློ་བ་དང་། འགོ་ཁྲིད་པ། གསར་གཏོད་པ་བཅས་ལ་བློ་སྤོབས་སྤེལ་བའི་སྡིངས་ཆ་ཞིག་ཏུ་གྱུར་ཡོད། །


སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།