ཟླ་རེའི་གསར་འགྱུར།

༄༅། །ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།

བརྡ་དག

ཨ་ལག་ཤ་ངག་དབང་བསྟན་དར།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །ལེགས་བཤད་འདོམས་ངག་འབྲུག་སྒྲ་སྒྲོག་པ་ཡིས། །དྲན་དབང་རྨ་བྱའི་བློ་ལ་དགའ་སྐྱེད་ཅིང་། །དམ་ཆོས་དགུང་ཆར་ཕབ་པའི་བཅུད་བཟང་པོས། །ཐུབ་བསྟན་འཛིན་མ་གསོ་མཛད་བླ་མ་རྒྱལ། །སྤངས་རྟོགས་ཡོན་ཏན་རིན་ཆེན་འབྱུང་གནས་ལས། །གཟུགས་སྐུ་རིན་ཆེན་རྡུལ་བརྩེགས་གྱེན་དུ་འཕགས། །འཕྲིན་ལས་ཉི་ཟླས་རྒུད་མུན་མཐར་མཛད་པའི། །ཤཱཀྱ་སེང་གེའི་དགེ་ལེགས་གཡོ་གྱུར་ཅིེག ཆུ་སྐྱེས་གསར་བ་ལྡེམ་ལྡེམ་གཡོ་བའི་རྩེར། །འགྱིང་བག་མཛེས་པའི་གར་གྱིས་རྣམ་རོལ་པའི། །སེང་ལྡེང་ནགས་སྒྲོལ་འཕགས་མའི་ཞབས་རྡུལ་མཆོད། །དགེ་མཚན་བཀྲ་ཤིས་དམ་པས་སྐྱོང་གྱུར་ཅིག །ལུས་ཅན་སྒྲོལ་བའི་དམ་བཅའ་མི་བསྙེལ་བར། ། རྒྱལ་སྲས་ཚུལ་འཆང་ཟུར་ཕུད་ལྔ་པ་དང་། །སྒྲ་དབྱངས་ལྷ་མོ་ཟུང་དུ་འབྲེལ་བའི་ལྷ། བདག་ཡིད་ཁྱིམ་དུ་དལ་གྱིས་བཞུགས་པར་མཛོད། །སློབ་དཔོན་ཨ་ནུའི་ཐུགས་རྗེའི་སྤྲིན་སྟུག་ལས། །ཚོགས་གསུམ་བཀྲ་བའི་བདུད་རྩིའི་རྒྱུུན་ཐིགས་པ། །སྡེ་སྣོད་རྒྱ་མཚོར་འཁྱིལ་བའི་འཇིངས་ཟབ་ལས། །རྣམ་དཔྱོད་སྙིམ་པས་བཅུས་པའི་བཅུད་འདི་སྤེལ། །ཕན་སེམས་རྟག་འགྲོས་བསྐུལ་བའི་སྒྲ་བརྒྱ་པ། །རྣམ་དཔྱོད་ལྷ་ཡི་ལམ་ནས་དེང་ཆར་བསྒྲག བློ་ལྡན་གཙུག་ཕུད་ཅན་དག་དུས་ད་ནས། དགའ་བའི་མཇུག་སྒྲོ་བཏེགས་པའི་གར་བྱོས་ཤིག དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས། །རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་ཚིག་སྦྱོར་ལ་མཁས་པ་ས་སྟེང་གི་རིན་པོ་ཆེ་དང་མཚུངས་པར་བསྔགས་བརྗོད་མཛད་པ་ལྟར། ཚིག་སྦྱོར་ལ་མཁས་པའི་ཤིན་ཏུ་དགོས་ཤིང་། དེ་ལ་ཡང་ཐོག་མར་ཚིག་གི་གཞི་ཡི་གེ་ལ་སྦྱང་བ་གནད་དམ་པ་ཡིན་པས། འདིར་ཡི་གེའི་ཚུལ་བཤད་པར་བྱ་བ་ལ། ཡི་གེ་སྤྱིར་བཤད་པ་དང་། འཕགས་ཡུལ་གྱི་ཡི་གེ་བཤད་པ་དང་། གངས་ཅན་གྱི་ཡི་གེ་བཤད་པ་དང་གསུམ་མོ།
    དང་པོ་ཡི་གེ་སྤྱིར་བཤད་པ་ལ། ཡི་གེའི་ངོ་བོ་ནི། མིང་ཚིག་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སོ། །
    ངེས་ཚིག་ནི། ཡུལ་སོ་སོའི་སྐད་མི་འདྲ་ཡང་། དབྱངས་གསལ་གྱི་ཡི་གེ་རྣམས་གང་ཟག་སུས་བརྗོད་ཀྱང་སྒྲའི་གདངས་ཀྱི་རྣམ་པ་མི་འགྱུར་བར་གནས་པས་ན་ཡི་གེ་ཞེས་བྱའོ། །ཡི་གེའི་སྐད་དོད་ཨ་ཀྴར་ཞེས་པ་འགྱུར་མེད་ལ་འཇུག་པས། དེའི་ནང་ངོ་བོ་མི་འགྱུར་བའི་དོན་དུ་བསམས་ནས། རིག་བྱེད་པ་རྣམས་ཡི་གེ་མི་འགྱུར་བའི་རྟག་པར་འདོད་ཅིང་སངས་རྒྱས་པ་དག་གིས་ཡི་གེའི་གདངས་ཀྱི་རྣམ་པའི་རང་བཞིན་གཞན་དུ་མི་འགྱུར་བའི་དོན་ཡིན་པས། དཔེར་ན་མེའི་རང་བཞིན་ཚ་བ་ལས་གཞན་དུ་མི་འགྱུར་ཡང་མེའི་ངོ་བོ་རྟག་པ་མ་ཡིན་པ་བཞིན་དུ།  ཡི་གེའི་ངོ་བོ་ཡང་སྐྱེ་འཇིག་བྱེད་པའི་མི་རྟག་པ་འདོད་དོ།
    ཡི་གེ་ལ་དབྱེ་བ། དབྱངས་དང་གསལ་བྱེད་གཉིེས་ཡོད་པར་རྒྱ་བོད་གཉིས་ཀས་འདོད་ཅིང་། དེ་དག་ལ་ཅིའི་ཕྱིར་དབྱངས་དང་གསལ་བྱེད་ཅེས་བྱ་ཞེ་ན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་ནི། དབྱངས་སམ་ཨཱ་ལིའི་ཡི་གེ་དང་། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མཆུ་སོགས་ཕྱེ་འཛུམ་གྱི་དབང་གིས་ཅུང་ཟད་བརྗོད་བྱ་གསལ་བར་བྱེད་པའི་ཁྱད་པར་ཅན་དུ་གྱུར་པ་ནི། གསལ་བྱེད་དམ་ཀཱ་ལིའི་ཡི་གེ་ཞེས་བྱའོ། །འོ་ན། བློ་བརྟེན་གྱིས། དོན་གྱི་ངོ་བོ་སྟོན་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག གང་ཡང་མི་སྟོན་ཡི་གེའོ། །ཞེས་པའི་རྐང་པ་ཐ་མས། ཡི་གེ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་པར་བཤད་པ་ཅི་ཡིན་ཞེ་ན། འདིས་དོན་གྱི་ངོ་བོ་དང་ཁྱད་པར་སྟོན་པ་དང་མ་འབྲེལ་བའི་ཡི་གེ་རེ་རེ་བས་དོན་མི་སྟོན་པར་བསྟན་གྱི། ཡི་གེ་ལ་དོན་མི་སྟོན་པས་ཁྱབ་པ་བསྟན་པ་མ་ཡིན་ཏེ། མིང་གི་ཐུང་བའི་མཐར་ཐུག་པ་ཡིན་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུངས་ཤིང་། མིང་ལ་དོན་མི་སྟོན་པ་དཀོན་པས་སོ།
    ཡི་གེའི་རྒྱུ་གང་ལས་བྱུང་ཞེ་ན། གནས་དང་། བྱེད་པ་དང་། རླུང་དང་། རྣམ་པར་རྟོག་པའམ་རྣམ་ཤེས་པ་བཞི་ལས་བྱུང་ངོ་། དེ་དག་གིས་རྒྱུ་ཅི་ལྟར་བྱེད་ཅེ་ན། གནས་ནི་གཞིའི་རྒྱུ་སྟེ། དྲིལ་བུའི་ཁོག་པ་ལྟ་བུའོ། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། དྲིལ་བུའི་ལྕེ་ལྟ་བུ །རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུའོ། །རྣམ་རྟོག་དང་རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ། རྒྱུ་དེ་དག་ལས་ཡི་གེ་ཅི་ལྟར་བྱུང་ཞེ་ན། དང་པོར་ཡི་གེར་རྣམ་པར་རྟོག་ཅིང་ཡི་གེའི་རྣམ་པར་ཤར་བའི་རྟོག་པ་སྐྱེ་ཞིང་། དེ་སྐྱེས་པ་ན་ཡི་གེ་བརྗོད་པར་འདོད་པའི་ཀུན་སློང་སྐྱེ་ཞིང་། ཀུན་སློང་དེས་བསྐུལ་བ་ན། ནང་གི་རླུང་གཡོ་སྟེ་རླང་དེས་གནས་དང་བྱེད་པ་དང་རྩོལ་བ་རྣམས་བསྐྱེད་དེ་དབུགས་དབྱུང་བ་དང་ལྷན་གཅིག་ཏུ་སྒྲའི་རྣམ་འགྱུར་ཡི་གེ་སོ་སོའི་རྣམ་པར་སྐྱེ་བར་འགྱུར་ཏེ། ཡི་གེ་ནི་སྒྲ་གཞིར་བྱས་པ་ལ་གནས་རྣམས་སུ་ལྕེ་སོགས་བསྐྱོད་པ་ལས་བྱུང་བའི་རྣམ་འགྱུར་ཙམ་ཡིན་པས་སོ། དཔེར་ན་གཞི་ཤིང་གཅིག་པུ་བཟོ་བོའི་འདུ་བྱེད་ཀྱི་དབང་གིས་ཟླུམ་པོ་དང་གླུ་བཞི་ལ་སོགས་པའི་རྣམ་འགྱུར་སྣ་ཚོགས་བྱུང་བ་བཞིན་དུ། གཞི་སྒྲ་གཅིག་ཉིད་ཀྱང་གནས་དང་བྱེད་པའི་ཁྱད་པར་ལས་ཡི་གེ་སྣ་ཚོགས་པར་འགྱུར་རོ། །གནས་ནི་བརྒྱད་དེ། ཁོག་པ་དང། མགྲིན་པ་དང་། རྐན་དང་། ལྕེ་དང་། སྣ་དང་། སྤྱི་བོ་དང་། སོ་དང་། མཆུ་རྣམས་སོ། གནས་དེ་རྣམས་ཀྱང་གཉིས་སུ་འདུ་སྟེ། དོག་པའི་གནས་དང་། ཡངས་པའི་གནས་སོ། །དེ་ལ་དོག་པའི་གནས་ནི། མགྲིན་པ་དང་། སྣ་དང་། སྤྱི་བོའི་ཀླད་པའི་སྤུབས་གསུམ་མོ། ཡངས་པའི་གནས་ནི། ཁོག་པ་དང་། རྐན་དང་། ལྕེ་དང་། སོ་དང་། མཆུ་ལྔའོ། །བྱེད་པ་ནི་ལྕེ་དང་རྐན་གཉིས་གཙོ་བོ་ཡིན་ཞིང་། དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་དྲུག་བྱེད་དེ། ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། བཙུམ་པ་དང་། ཕྱེ་བ་དང་། དོག་པ་དང་། ཡངས་པར་བྱས་པའོ། རྩོལ་བ་ནི། རླུང་དང་རྣམ་རྟོག་སོགས་སོ། །གནས་དེ་དག་ལས་ཡི་གེ་འབྱུང་བའི་ཚུལ་འོག་ཏུ་བརྗོད་པར་བྱའོ།
    གཉིས་པ། རྒྱ་གར་འཕགས་ཡུལ་གྱི་ཡི་གེ་བཤད་པར་བྱ་བ་ལ། རྒྱ་གར་གྱི་ཡི་གེ་ལ་ཨྰ་ལིི་ཀ་ལི་གཉིས་ཡོད་ཅིང་། ཨཱ་ལི་ནི་ཨ་ཕྲེང་སྟེ་དབྱངས་ཡིག་དང་། ཀཱ་ལི་ནི་ཀ་ཕྲེང་སྟེ་གསལ་བྱེད་ཀྱི་ཡི་གེའོ། །དབྱངས་དེ་ལ་གྲངས་བཅུ་དྲུག་ཏུ་བགྲངས་ཀྱང་། མཁས་པ་ལ་ལས་ཨᨗ་དང་ཨ᫷གཉིས་ཕྲི་ནས་བཅུ་བཞིར་མཛད་པ་དང་། གསལ་བྱེད་སོ་བཞིར་གྲངས་པ་ལས་᫴་ཡིག་ཕྲི་སྟེ་སོ་གསུམ་དུ་ཡང་མཛད་དོ། །དེ་དག་ལ་ཐ་སྙད་འདོགས་པའི་ཚུལ་ནི། ཨ་ཨཱ་ཨི་ཨཱི་ཨ་ཨཱུ་རྀ་རཱྀལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་སྟེ་བཅུ་བཞི་ལ་དབྱངས་ཡིག་ཅེས་བྱ་ཞིང་། ཨᨗ་ལ་སྣ་ལྡན་དང་། ཨ᫷ལ་རྣམ་བཅད་ཅེས་བཏགས་ཤིང་། ཀ་ཁ་ག་གྷ་ང་། ཅ་ཆ་ཇ་ཇྷ་ཉ། ཊ་ཋ་᩷་᩸་᪅། ཏ་ཐ་ད་᩻་ན། པ་ཕ་བ་བྷ་མ་སྟེ་སྡེ་པ་ལྔར་གནས་པའི། དང་པོ་ལ་ཀ་སྡེ། གཉིས་པ་ལ་ཙ་སྡེ། གསུམ་པ་ལ་ཊ་སྡེ། བཞི་པ་ལ་ཏ་སྡེ། ལྔ་པ་ལ་པ་སྡེ་ཞེས་བྱ་ཞིང་། ཡ་ར་ལ་ཝ་བཞི་ལ་མཐར་གནས་ཀྱི་ཡི་གེ་ཞེས་བྱ་སྟེ། དེ་ཡང་ཡ་ནི་ཀ་ཅའི་མཐའ། ར་ནི་ཊའི་མཐའ། ལ་ནི་ཏའི་མཐའ། ཝ་ནི་པའི་མཐའོ། དེ་དག་གང་ནས་བྱུང་བའི་གནས་མཐུན་པའི་ཕྱིར་དེ་དག་གི་མཐར་གནས་སུ་བཞག་གོ། ཤ་᫣་ས་ཧ་བཞི་ལ་དྲོ་བའི་ཡི་གེ་ཞེས་བྱའོ། དབུགས་དྲོ་བར་བྱ་བའི་ཕྱིར་དྲོ་བ་ཞེས་བྱའོ། ᫴་ལ་མཐར་ཟད་ཀྱི་ཡི་གེ་ཞེས་བྱ་སྟེ། ཡི་གེ་རྣམས་ཀྱི་ཟད་མཐར་གནས་པའི་ཕྱིར་མཐར་ཟད་ཅེས་བྱའོ། ཡང་ཨ་ལ་ཐུང་ངུ་དང་། ཨཱ་ལ་རིང་པོ་དང་། ཨཻ་དང་ཨཽ་ལ་ཤིན་ཏུ་རིང་པོ་དང་། སྡེ་པ་བཞི་པ་གྷ་ཇྷ་᩸་དྷ་བྷལྔ་ལ་མཐུག་པོ་ལྔ་དང་། ཊ་ཋ་᩷་᪅་᫣་ལྔ་ལ་ལོག་པ་ལྔ་ཟེར་ཅིང་དེ་དག་བཀླག་པའི་ཚུལ་ནི་མཁས་པ་རྣམས་ཀྱིས་མཛད་པའི་སྔགས་ཀློག་ཐབས་ཀྱི་བསྟན་བཅོས་ལས་ཤེས་པར་བྱའོ།།
གསུམ་པ། བོད་གངས་ཅན་གྱི་ཡི་གེ་བཤད་པར་བྱ་བ་ལ། བོད་ཡིག་མཛད་པ་པོ་དང་། དེས་ཇི་ལྟར་མཛད་ཚུལ་དང་། དེས་མཛད་པའི་བོད་ཡིག་དངོས་ཀྱི་རྣམ་གཞག་དང་གསུམ་མོ། །
    དང་པོ་མཛད་པ་པོ་ནི། བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆད་ལ་ཡི་གེ་མེད་ཅིང་། ཆོས་རྒྱལ་དེ་ཉིད་ཀྱི་དུས་སུ། ཐོན་མི་སམྦྷོ་ཊ་ཞེས་བྱ་བ་ལ། རྒྱལ་པོས་ཕྱག་རྟེན་ལ་གསེར་སྲང་མང་པོ་བསྐུར་ཏེ་རྒྱ་གར་དུ་བརྫངས་པས། ཤྲི་ན་ལེནྡྲ་གཙུག་ལག་ཁང་དུ་བྲམ་ཟེ་ལི་བྱིན་ལ་སོགས་པའི་ཞབས་ལ་གཏུགས་ཏེ་སྦྱངས་པའི་ཡོན་ཏན་མཐར་ཕྱིན་པར་མཛད་དེ། སླར་བོད་དུ་བྱོན་ནས་རྒྱ་གར་གྱི་ལཉྪའི་ཡི་གེ་ལ་དཔེ་བྱས་ནས། བོད་ཡིག་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ཅིང་། ཡིག་སྲོལ་དེ་ལ་བརྟེན་ནས་ལོ་པ᪅་དུ་མས་རྒྱ་གར་ནག་ལི་དང་ཁ་ཆེ་བལ་ཡུལ་ནས་བཀའ་བསྟན་མང་པོ་བརྡའ་སྣ་ཚོགས་པས་བསྒྱུར་ཏོ། །ཆོས་རྒྱལ་རལ་པ་ཅན་གྱི་དུས། སྐ་ཅོག་ཞང་སོགས་མཁས་པ་མང་པོས་རྒྱལ་པོའི་བཀས་བསྐུལ་བ་བཞིན་སྐད་གསར་བཅད་ཀྱི་གཏན་ལ་ཕབ་པར་གྲགས་སོ། །རྒྱ་ནག་ལ་དེའི་གོང་ནས་ཀྱང་ཡི་གེ་དང་སངས་རྒྱས་ཀྱི་བསྟན་པ་ཡོད་ལ། བོད་དང་སོག་པོའི་ཡུལ་དུ་བསྟན་པ་དར་བའི་རྩ་བ་ནི། སློབ་དཔོན་ཐོན་མི་སམྦྷོཊས་བཟོས་པའི་ཡི་གེ་སུམ་ཅུ་འདིའི་དྲིན་ཁོ་ན་ཡིན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡིག་སྲོལ་མི་ཉམས་པའི་ཐབས་ལ་ཤིན་ཏུ་འབད་པར་རིགས་སོ། །
    གཉིས་པ། བོད་ཡིག་ཇི་ལྟར་མཛད་པའི་ཚུལ་ལ་ཡང་གསུམ་སྟེ། རྒྱ་ཡིག་ལ་ཕྲི་བསྣན་བྱེད་ཚུལ་དང་། ཡི་གེ་འགའ་གསར་དུ་བཅུག་པའི་དགོས་པ་དང་། ཡི་གེ་རྙེད་པའི་རྐྱེན་དང་གསུམ་མོ། །དང་པོ་ནི། དབྱངས་ལ་དབྲི་བསྲེ་གཉིས་དང་། གསལ་བྱེད་ལ་དབྲི་བསྣན་གཉིས་བྱས་ཏེ། བོད་ཡིག་དབྱངས་བཞི་དང་། གསལ་བྱེད་སུམ་ཅུའི་གྲངས་མཛད་དོ། །དེ་ལ་ཡང་ཨཱ་ཨཱི་ཨཱུ་རི་རཱི་ལྀ་ལཱི་ཨཻ་ཨཽ་ཨᨗ་ཨ᫷སྟེ་བཅུ་གཅིག བོད་ཡིག་ལ་རིང་ཐུང་སོགས་ཀྱི་ཐ་སྙད་མི་དགོས་པས་བོར་ཞིང་། དབྱངས་དང་པོ་ཨ་ཡིག་དགོས་དབང་གིས་གསལ་བྱེད་དུ་བསྲེས་ནས། ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་བོད་སྐད་དུ་གུག་གུ་ཞབས་ཀྱུ་འགྲེང་བུ་ན་རུ་ཞེས་ཐ་སྙད་བཏགས་ནས་དབྱངས་ཡིག་བཞིར་མཛད་དོ། གསལ་བྱེད་ལས་འཐུག་པོ་ལྔ་དང་ལོག་པ་ལྔ་᫴་ཡིག་སྟེ་བཅུ་གཅིག་བོད་སྐད་ལ་མི་མཁོ་བས་ཕྲི་ཞིང་། རྒྱ་སྐད་ལ་མེད་ཀྱང་བོད་སྐད་ལ་ཉེ་བར་མཁོབའི་ཡི་གེ་སྟོད་དུ་ཅ་ཆ་ཇ་གསུམ་དང་།སྨད་དུ་ཞ་ཟ་འ་སྟེ་ཡི་གེ་དྲུག་གསར་དུ་བསྣན་ནས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུར་མཛད་དོ། གཉིས་པ་ཡི་གེ་དེ་དག་བཅུག་པའི་དགོས་པ་ནི། རྒྱ་སྐད་དུ་ཨེ་ཀ་ཞེས་པ་བོད་སྐད་དུ་གཅིག་གི་མིང་དང་། རྒྱ་སྐད་དུ་དྷརྨ་ཞེས་པ་བོད་སྐད་དུ་ཆོས་ཀྱི་མིང་དང་། རྒྱ་སྐད་དུ་ལོ་ཀ་ཞེས་པ་བོད་སྐད་དུ་འཇིག་རྟེན་གྱི་མིང་ཡིན་པས་ཅ་ཆ་ཇ་གསུམ་རྒྱ་སྐད་ལ་མེད་ཀྱང་བོད་སྐད་ལ་དེ་བཞིན་མཁོ་བ་དང་།  རྒྱ་སྐད་དུ་དདྷི་ཞེས་པ་བོད་སྐད་དུ་ཞོའི་མིང་དང་། རྒྱ་སྐད་དུ་བྷ་ཀྟᨗ་ཞེས་པ་བོད་སྐད་དུ་ཟས་ཀྱི་མིང་དང་། རྒྱ་སྐད་དུཀྔཏ་ཞེས་པ་བོད་སྐད་དུ་འོ་མའི་མིང་ཡིན་པས་ཞ་ཟ་འ་གསུམ་ཡང་བོད་སྐད་ལ་ཉེ་བར་མཁོ་བའི་དགོས་དབང་གིས་རྒྱ་གར་ན་མེད་པའི་ཡི་གེ་དྲུག་གསར་དུ་སྣོན་དགོས་པ་བྱུང་ངོ་། །གསུམ་པ་ཡི་གེ་དེ་དག་རྙེད་པའི་རྐྱེན་ནི། རྒྱ་བོད་གཉིས་ཀྱི་སྐད་རིགས་མི་མཐུན་པའི་དབང་གིས་སྒྲ་འགའ་ཞིག་བསྒྱུར་དཀའ་བ་བྱུང་ནས། སློབ་དཔོན་ཐོན་མི་སམྦྷོ་ཊ་རེ་ཞིག་ཐུགས་མུག་སྟེ་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་ཙ་ན། མི་དཀར་པོ་ལྕགས་ཞྭ་ལྕགས་གོས་གྱོན་པ་ཞིག་བྱུང་བར། སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་བྱས་པར། དེ་ན་རེ། ཞང་ཞུང་ནས་འོངས་ཟེར།  གང་དུ་འགྲོ་བྱས་པས་ཟ་འོར་དུ་འགྲོ་ཟེར། གང་བྱེད་དུ་འགྲོ་བྱས་པས་ཇ་ཉོ་རུ་འགྲོ་ཟེར།ནམ་སླེབ་བྱས་པས་ཅི་ཆ་ཟེར་བའི་མུ་ནས་མི་དེ་གར་སོང་ཆ་མེད་དུ་སོང་། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པས། ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་དང་ཆ་ཡིག་གཉིས་རྙེད་ནས་རྒྱ་གར་ན་མེད་པའི་ཡི་གེ་དྲུག་བསྣན་པར་མཛད་དོ། །དེ་ལྟ་བུ་ཡིག་སྲོལ་ཐོག་མར་ཕྱེ་བ་དེ་ནས་བཟུང་སྟེ། གྲ་ཤོད་གཉིས་ཀྱི་བར་དུ་དར་རྒྱས་སུ་བྱུང་བ་དེ་ལ་སྔ་དར་ཞེས་བྱ་ཞིང་། དེ་ནས་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་རྗེས་སུ། མཁན་པོ་སྒྲོ་གཉའ་ཁྲི་བྱ་བས། སྔ་མའི་ཡིག་རིགས་ལ་བརྟག་སྟེ་གྲ་ཤོད་གཉིས་སུ་ལུགས་སུ་བྲིས་ཀྱང་ཇི་བཞིན་མ་བྱུང་བར་བརྟེན། པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེ་ལ་བར་དར་ཞེས་བྱ་ཞིང་། དེའི་རྗེས་སུ་ལོ་ཆེན་ཤེས་རབ་དབང་ཕྱུག་མན་ཆད་དུ་དར་བ་དེ་ལ་ཕྱི་དར་ཞེས་བྱའོ། །དེ་ལྟར་བོད་དུ་དར་ནུབ་ཅི་རིགས་པ་བྱུང་ནའང། ཀུན་གཟིགས་ལྔ་པ་ཆེན་པོས་བསྟན་པ་རིན་པོ་ཆེ་ལ་བཀུར་སྟི་རྒྱ་ཆེར་མཛད་པའི་དྲིན་ལས་ཐ་ན་ཡི་གེའི་ཐིག་རྩ་སོགས་ཀྱང་གནས་པའི་རྒྱུན་ལས། ཨོས་ལོད་ཅུང་ཀར་དུ་བསྟན་པ་དར་སྐབས་སུ། བོད་ཀྱི་ཐིག་རྩ་ལས་དཔེ་བླངས་ཏེ་ཡི་གེ་དབུ་ཅན་ཚད་ལྡན་བསླབ་སྐད་གཅིག་དང་། དེའི་རྗེས་སུ་འཇམ་དབྱངས་བཞད་སྤྲུལ་བསྟན་འཛིན་གྱི་སྐྱེས་བུའི་མིང་དང་དོན་མཐུན་པའི་སྐྱེས་ཆེན་དམ་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཐུགས་རྗེའི་འཕྲུལ་ལས། བོད་ཀྱི་དྲུང་ཡིག་མཁས་པའི་ལག་ལེན་ལྟར་བསླབ་པའི་དབུ་མེད་ཀྱི་བྲི་སྲོལ། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་བྱ་བའི་ཆོས་སྡེར་ཡོད་སྐད་གྲགས་པ་གཅིག་དང་། འདི་གཉིས་མ་གཏོགས་དེང་སང་། ཁམས་གཞན་དང་སྡེ་དགེའི་ཕྱོགས་ན་ཅུང་ཡོད་ལས་ཆེ། དེ་ལས་གཞན་པའི་ཨ་མདོ་དང་སོག་ཡུལ་ཕྱོགས་སུ་ཡི་གེ་ལྟ་ཞོག་སྒྲ་སྙན་ངག་སྡེབ་སྦྱོར་སུམ་རྟགས་སོགས་ལ་ཅི་ཡང་མི་སྙམ་པར་བཏང་སྙོམས་སུ་བཞག་པ་འདི་བཟང་རྟགས་མ་ཡིན་ཏེ། རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་བསྩལ་གྱིན་འདུག་པ་དག་གིས་དངོས་སུ་ཐོས་སོ། །སྨྲས་པ། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོམ་པ་ལེགས་ཀྱང་སུག་བྲི་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །རྩོམ་ཚིག་སུམ་རྟགས་ཇི་བཞིན་མ་བྱུང་ན། །མཁས་པ་ཤིན་ཏུ་ཁྲེལ་བས་བག་ཡོད་བྱ། །ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །བུད་མེད་མཛེས་པ་སྒྲེན་མོར་རྒྱུ་བ་བཞིན། །མངོན་བརྗོད་གསར་རྙིང་བརྡའ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་པས་དོར་བྱར་འོས། །དེ་ཕྱིར་རིག་གནས་ཆུང་བ་དག།། སྦྱང་རིན་མེད་ཅེས་མ་དོར་བར། །ཀུན་ལ་ཞིབ་ཏུ་སྦྱངས་བྱས་ན། །ད་གཟོད་མཁས་པའི་གྲལ་འགོ་དབང་། ཞེས་པ་ནི་བར་སྐབས་ཀྱི་ཚིགས་བཅད་དོ། །
    གསུམ་པ། བོད་ཡིག་དངོས་བཤད་པ་ལ་གསུམ་སྟེ། ཡི་གེ་དང་། ཡི་གེ་ལས་བྱུང་བའི་མིང་དང་། མིང་ལས་བྱུང་བའི་ཚིག་བཤད་པ་དང་གསུམ་མོ།། དང་པོ་ལ། སྲོག་དང་རྐྱེན་གྱི་ཡི་གེ ཕ་མ་བུ་ཚའི་ཡི་གེ ཕོ་མོ་མ་ནིང་གི་ཡི་གེ སྒྲའི་ང་རོའི་དབྱེ་བ། ང་རོ་འདྲེན་ཚུལ། ཡི་གེའི་གནས་གྱི་ཁྱད་པར། རྐྱང་པའི་ཡི་གེ འདོགས་ཅན་གྱི་ཡི་གེེ མགོ་ཅན་གྱི་ཡི་གེ ཁྱབ་ཆེ་ཆུང་གི་ཡི་གེའི་རྗེས་སུ་འཇུག་པའི་ཡི་གེ སླར་ཡང་འཇུག་པའི་ཡི་གེ་དང་བཅས་ས་བཅད་བཅུ་གཉིས་ཡོད་པ་ལས།
    དང་པོ། སྲོག་དང་རྐྱེན་གྱི་ཡི་གེ་ནི། ཕ་ཡིག་བུ་ཡིག་གི་ངོས་འཛིན་དང་དེ་དག་ལ་མུ་བརྩི་ཚུལ་སོགས་ལ་མི་མཐུན་པ་མང་ཡང་། འདིར་སྔགས་བན་གྲུབ་ཕུག་པ་བྱ་བས་མཛད་པའི་ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད་ཅེས་པའི་བསྟན་བཅོས་གཞིར་བཅས་ཏེ་འཆད་ན། སྲོག་དང་རྐྱེན་གྱི་ཡི་གེ་ཞེས་བྱ་བ་ལས། སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་ཡིན་ཏེ། བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་སོ། དཔེར་ན་སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ནོ། །རྐྱེན་གྱི་ཡི་གེ་ནི་དབུ་དང་ཤད་གཉིས་ཡིན་ཏེ། དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་དེ་ནས་གཞུང་ཡིག་རྣམས་བྲི་དགོས་པས་སོ། །༄༅།འདི་ལ་དང་ཀྱོག་གམ་བེརྒ་དང་དབུ་ཁྱུད་ཀྱང་ཟེར། །འདི་ལ་ཕུར་ཤད། ᨏ འདི་ལ་སྦྲུལ་ཤད། ᨐ འདི་ལ་རིན་ཆེན་སྤུངས་ཤད་ཅེས་བྱའོ།།
    གཉིས་པ། ཕ་མ་བུ་གསུམ་གྱི་ཡི་གེ་ནི། ཡི་གེའི་མ་ནི་ཨ་ཡིན་ཏེ། བུ་ཡིག་རྣམས་ཀྱི་འབྱུང་གནས་ཡིན་པས་སོ། །འདི་ཅུང་ཟད་བཤད་ན། ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད་ལས། ཡི་གེའི་མ་ནི་ཨ་ཡིན་ནོ། །ཨ་ནི་རང་ཉིད་བརྗོད་རུང་བས། །སེང་གེ་ལྟ་བུ་ཨ་ཞེས་བྱ། །ཞེས་དང། རང་གི་ལུས་པོ་ཆགས་དུས་ཀྱང་ཐོག་མར་ལྟེ་བ་ཆགས། ཕ་ལས་བྱུང་བའི་ཐིག་ལེ་དང་མ་ལས་བྱུང་བའི་རཀྟ་གཉིས་དབྱངས་གསལ་གྱི་དབྱིབས་ཀའུ་ཁ་སྦྱོར་དུ་ཡོད་པའི་ནང་ན། རང་སེམས་ཨ་ཧᨗ་གི་རྣམ་པར་ཡོད་ལ། མ་ལས་སྐྱེས་དུས་ཀྱང་ཐོག་མར་ཨ་ཞེས་པའི་སྒྲ་འབྱིན་པར་བྱེད་ཅིང་། དོན་ནི་ཆོས་སྐུ་སྐྱེ་བ་མེད་པའི་དོན་ཡང་ཡིན་པས་ན། ཨ་ནི་ཡི་གེའི་མ་ཡིན་ནོ། །ཞེས་གསུངས་སོ། །ཕ་ཡིག་ནི་གསལ་བྱེད་ཉི་ཤུ་རྩ་དགུ་སྟེ། དོན་སྟོན་པར་བྱེད་པའི་བྱེད་པོ་གཙོ་བོ་ཡིན་པས་སོ། །བུ་ཡིག་ལ། སྟེང་ན་ཞྭ་ལྟར་མཛེས་པའི་ཡི་གེ་གསུམ་སྟེ། གུག་གུ་འགྲེང་བུ་རྣ་རུ་གསུམ་མོ། །འོག་ན་གདན་ལྟར་མཛེས་པའི་ཡི་གེ་གསུམ་སྟེ། ཞབས་ཀྱུ་ཡ་བཏགས་ར་བཏགས་གསུམ་མོ། །དེ་དག་ལ་བུ་ཡིག་ཅེས་བྱ་སྟེ། ཕ་མའི་ཡི་གེ་ལ་ཕར་ལྟོས་ཤིང་གདགས་སུ་རུང་ལ། ཕ་མའི་ཡི་གེ་དེ་དག་ལ་མི་ལྟོས་ཤིང་གདངས་སུ་མེད་པས་སོ། །
    གསུམ་པ། ཕོ་མོ་མ་ནིང་གི་ཡི་གེ་ནི། སྤྱིར་བཏང་དབྱངས་རྣམས་མོ་དང་། གསལ་བྱེད་རྣམས་ཕོ་ཡིན་ཡང་། དམིགས་བསལ་གསལ་བྱེད་ལ་ནང་གསེས་ཀྱིས་ཕྱེ་ན། ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང་། ག་ཇ་ད་བ་ཛ་བ་ཞ་ཟ་འ་ཡ་ཤ་ས་སྟེ་བཅུ་གཉིས་མོ་ཙམ་དང་། ང་ཉ་ན་མ་བཞི་ཤིན་ཏུ་མོ་དང་།ར་ལ་ཧ་གསུམ་མོ་གཤམ་མམ་མཚན་མེད་མ་ནིང་དང་། ཨ་ནི་ཡི་གེ་ཀུན་གྱི་སྲོག་ཏུ་ཞུགས་པས་མི་ཐེའོ། །དེ་ལྟར་ཕོ་མོ་སོགས་སུ་བརྗོད་པའི་རྒྱུ་མཚན་ནི་འོག་ཏུ་འཆད་འགྱུར་ལས་ཤེས་པར་འགྱུར་རོ། །
    བཞི་པ།སྒྲའི་ང་རོའི་དབྱེ་བ་ལ། སྤྱིར་བོད་ཡིག་ལ་དབྱངས་ཀྱི་ང་རོ་ལྔ་ཡོད་དེ། དྲང་པོ་དང་། བཀུག་པ་དང་། སྨད་པ་དང། བསྒྲེང་བ་དང་། བསྟོད་པའོ། དང་པོ་ནི། ཀ་ནས་ཨ་ཡི་བར་གྱི་ཡི་གེ་སོ་ན་གནས་པ་རྣམས་སོ། །གཉིས་པ་ནི། ཀི་སོགས་གུག་གུ་ཅན་གྱི་ཡི་གེ་ཇི་སྙེད་པའོ།།གསུམ་པ་ནི། ཀུ་སོགས་ཞབས་ཀྱུ་ཅན་ཇི་སྙེད་པའོ། བཞི་པ་ནི། ཀེ་སོགས་འགྲེང་བུ་ཅན་ཇི་སྙེད་པའོ། །ལྔ་པ་ནི། ཀོ་སོགས་རྣ་རུ་ཅན་ཇི་སྙེད་པའོ། །
    ལྔ་པ། དབྱངས་ཀྱི་ང་རོ་འདྲེན་ཚུལ་ལ། བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དེ། ཧ་དང་ཨ་དང་འ་གསུམ་མོ། །དེ་ཡང་སྒྲའི་གཞི་དབྱངས་ཀྱི་ཤུགས་འབྱུང་བའི་གནས་ཀྱི་རྩ་བ་ནི། ཁོག་པ། མགྲིན་པ་གཉིས་ཡིན་ཞིང་། ཁོག་པ་ནས་ཤུགས་བསྐྱེད་དེ་གདོན་པར་བྱ་བའི་ཡི་གེའི་རྩ་བ་ནི་ཧ་ཡིག་གོ མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡིག་གེའི་རྩ་བ་ནི་ཨ་ཡིག་གོ མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་གདོན་པའི་ཡི་གེའི་རྩ་བ་ནི་འ་ཡིག་ཡིན་པས་ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་ཞེས་བྱའོ། །དེས་ན་ཨ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་དམ་ཞིང་སྒྲ་དྲག་པའི་ཚུལ་གྱིས་དབུགས་སྟོབས་ཆུང་བར་གདོན་པའི་ཡི་གེ་ནི། ཀ་ཅ་ཏ་པ་ཙ་རྣམས་ཏེ་ཕོ་ཡིག་ཅེས་བྱ་བ་དེ་ཡིན་ནོ། ཧ་ཡིག་གི་སྒྲའི་ཆ་དང་ལྡན་པར་ཁོག་པ་ཅུང་ཟད་གློད་དེ་དབུགས་སྟོབས་ཆེ་བས་སྒྲ་བར་མའི་ཚུལ་གྱིས་གདོན་པའི་ཡི་གེ་ནི། ཁ་ཆ་ཐ་ཕ་ཚ་རྣམས་ཏེ་མ་ནིང་གི་ཡི་གེ་ཞེས་བྱ་བ་དེ་ཡིན་ནོ། འ་ཡིག་གི་སྒྲའི་ཆ་ལྡན་པར་མགྲིན་པ་གློད་དེ་དབུགས་སྟོབས་མི་ཆེ་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་ནི། ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་ར་ལ་ཤ་ས་རྣམས་ཏེ་མོ་ལ་སོགས་པའི་ཡི་གེ་ཞེས་བྱ་བ་དེ་ཡིན་ཞིང་། དེ་དག་ལས་ཞ་དང་ཟ་དང་ཤ་དང་ས་རྣམས་ནི་དབུགས་སྟོབས་དང་ཁོག་པའི་སྒྲ་ཡང་ཅུང་ཟད་ཤས་ཆེ་བའོ། དེ་ལ་ཡང་ཞ་དང་ཟ་ནི་བྱེད་པ་ལྷོད་པ་དང་། ཤ་དང་ས་ནི་བྱེད་པ་དོག་ཅིང་དམ་པའི་ཁྱད་པར་ཅན་ནོ། །འ་ཡིག་གི་ཆ་དང་ལྡན་པ་ལས་ཁྱད་པར་སྣ་ནས་འདྲེན་ཞིང་དབུགས་སྟོབས་ཕྲ་མོས་སྒྲ་ལྷག་པར་ཞན་པའི་ཚུལ་གྱིས་གདོན་པའི་ཡི་གེ་ནི། ང་ཉ་ན་མ་བཞི་སྟེ་ཤིན་ཏུ་མོ་ཡིག་་བ་དེ་ཅེས་བྱ་བ་དེ་ཡན་ནོ། །ཕོ་མོ་སོགས་སུ་དབྱེ་བའི་རྒྱུ་མཚན་བཤད་ཟིན་ཏོ།
    དྲུག་པ། ཡི་གེ་སོ་སོ་འབྱུང་བའི་གནས་ཀྱི་ཁྱད་པར་ནི། ཀ་ཁ་ག་ང་ཧ་ཨ་འ་རྣམས་ནི་མགྲིན་པ་ལས་བྱུང་ཞིང་། དེ་ཡང་ཀ་ཁ་ག་ང་སྟེ་སྡེ་པ་དང་པོ་ནི། ལྕེའི་རྩ་བའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་ནི། བཞི་པོ་གོ་རིམ་བཞིན་དུ། དམ་པ་དང་། ལྷོད་པ་དང་། ཤིན་ཏུ་ལྷོད་པ་དང་། ཁྱད་པར་དུ་ཆེས་ལྷོད་པར་བརྗོད་པའི་རིམ་པས་སྔ་མསྔ་མ་ལས་ཕྱི་མ་ཕྱི་མ་ལྷོད་པའི་ཚུལ་གྱིས་བརྗོད་དགོས་སོ། བརྗོད་ཚུལ་གྱི་ཁྱད་པར་འདི་ལེགས་པར་ཤེས་དགོས་པས། སྡེ་པ་ལྔ་པའི་ཛ་ཡིག་ཡན་ཆད་ཀུན་ལ་རིགས་འགྲེ་སྦྱར་ཏེ་བསླབ་པར་བྱའོ། དེ་བཞིན་དུ་ཅ་ཆ་ཇ་ཉ་ཞ་ཤ་ཡ་རྣམས་རྐན་ལས་བྱུང་ཞིང་། དེ་ཡང་ཅ་ཆ་ཇ་ཉ་སྟེ་སྡེ་པ་གཉིས་པ་ནི། ལྕེའི་རྩེ་མོ་དང་ཉེ་བའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་ནི་གོང་བཞིན་ནོ། ཞ་ཤ་ཡ་གསུམ་གྱི་བྱེད་པ་ཡང་ལྕེའི་རྩེ་མོ་དང་ཉེ་ཙམ་འདྲ་ཡང་། ཞ་ཤ་གཉིས་ནི་ལྕེའི་རྩེ་མོ་དང་མཆོག་ཏུ་ཉེ་ཞིང་རིམ་པས་ལྷོད་པ་དང་དམ་པའི་ཁྱད་པར་ཅན་དང་། ཡ་ནི་ལྕེའི་རྐེད་པར་ཅུང་ཟད་ཉེ་བ་ཅན་ནོ། ཏ་ཐ་ད་ན་ལ་རྣམས་སོ་ལས་བྱུང་ཞིང་། དེ་ཡང་ཏ་ཐ་ད་ན་སྟེ་སྡེ་པ་གསུམ་པ་ནི། ལྕེའི་རྩེ་མོའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་ནི་གོང་བཞིན་ནོ། །པ་ཕ་བ་མ་ཝ་རྣམས་མཆུ་ལས་བྱུང་ཞིང་། དེ་ཡང་པ་ཕ་བ་མ་སྟེ་སྡེ་པ་བཞི་པ་ནི། མཆུ་སྦྱར་ཞིང་བཙུམ་པའི་བྱེད་པས་སྐྱེད་ཅིང་བརྗོད་ཚུལ་གྱི་ཁྱད་པར་ནི་གོང་བཞིན་ནོ། ཝ་ནི་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་ཞིང་མགྲིན་པའི་བྱེད་པས་ཀྱང་བསྐྱེད་དོ། །ཙ་ཚ་ཛ་ཟ་ས་རྣམས་སོ་དང་རྐན་ལས་བྱུང་ཞིང་། དེ་ཡང་ཙ་ཚ་ཛ་གསུམ་ལྕེའི་རྩེ་མོ་དང་ཤིན་ཏུ་ཉེ་བའི་བྱེད་པས་སྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་ནི་གོང་བཞིན་ནོ། །ཟ་དང་ས་གཉིས་ཀྱི་བྱེད་པའི་ཁྱད་པར་འདྲ་ཞིང་ལྷོད་པ་དང་དམ་པའི་ཁྱད་པར་ཅན་ནོ། །ཚལ་སོགས་པ་དང་ཤ་དང་ས་ནི་རྒྱ་གར་པས་འདོན་པ་དང་ཁྱད་པར་ཆེ་བས་སྐྱེ་གནས་ཀྱང་མི་འདྲའོ། །ར་ནི་སྤྱི་བོ་ལས་བྱུང་ཞིང་ལྕེའི་རྩེ་མོ་རྐན་དང་ཅུང་ཟད་ཕྲད་པའི་བྱེད་པས་སྐྱེད་དོ། ར་ནི་སྤྱི་བོ་ལས་བྱུང་ཞིང་ལྕེའི་རྩེ་མོ་རྐན་དང་ཅུང་ཟད་ཕྲད་པའི་བྱེད་པས་སྐྱེད་དོ། །དབྱངས་བཞི་ལས། ཨི་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་། ཨེ་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་ལ་གནས་གྱེན་དུ་བསྒྲེང་སྟེ་ཡངས་པར་བྱས་པའི་བྱེད་པ་ཅན་དང་། ཨུ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། དེ་ཡང་མཆུ་མ་རེག་ཙམ་དུ་ཟུམ་ཞིང་འཕང་སྨད་ནས་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་། ཨོ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། དེ་ཡང་མཆུ་འོག་མ་གྱེན་དུ་བཏེགས་པ་ལྟར་འཕང་བསྟོད་ནས་ཡངས་པར་བྱས་པའི་བྱེད་པ་ཅན་ནོ། ། དེ་ལྟར་སྒྲའི་ང་རོའི་དབྱེ་བ་དང་ང་རོ་འདྲེན་ཚུལ་དང་གནས་ཀྱི་ཁྱད་པར་བརྗོད་པ་དེ་རྣམས། ངེས་དོན་གྱི་པ᫼ᨑ རདྣ་ཨརྠ་སིདྷིས་མཛད་པའི་ཡི་གེ་ཉུང་བར་བརྗོད་པ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་ཅེས་བྱ་བའི་བསྟན་བཅོས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་བཤད་པ་ཡིན་ནོ།
    བདུན་པ། རྐྱང་པའི་ཡི་གེ་བཤད་པ་ལ། འདོགས་དང་མགོ་མ་སྦྱར་བའི་ཡི་གེ་ལ་རྐྱང་པའི་ཡི་གེ་ཞེས་བྱ་ཞིང་། དེ་ལ་ཡང་འཕུལ་ཡིག་ཐོབ་ཚུལ་ནི། སྤྱིར་འཕུལ་ཡིག་དང་སྔོན་འཇུག་གི་ཡི་གེ་རྣམ་གྲངས་ཡིན་ཞིང་། དེ་ཡང་སྔོན་འཇུག་གི་ཡི་གེ་ནི། ག་ད་བ་མ་འ་ལྔ་ཡིན་ནོ། །དེ་དག་གིས་ཡི་གེ་གང་འཕུལ་བའི་ཚུལ་ནི། ག་ཡིས་འཕུལ་བའི་ཡི་གེ་བཅུ་གཅིག་སྟེ། དཔེར་བརྗོད་ན། གཅལ་གཉའ་གཏའ་གདའ་གནའ་གཙང་གཞན་གཟན་གཡན་གཤམ་གསན་ལྟ་བོུ། ད་ཡིས་འཕུལ་བའི་ཡི་གེ་དྲུག་སྟེ། དཔེར་བརྗོད་ན། དཀའ་དགའ་དང་ན་དཔལ་དབལ་དམན་ལྟ་བུའོ།།བ་ཡིས་འཕུལ་བའི་ཡི་གེ་བཅུ་སྟེ། དཔེར་བརྗོད་ན། བཀའ་བཀད་བཅད་བཏབ་བདག་བཙལ་བཞད་བཟང་བཤད་བསམ་ལྟ་བུའོ། །མ་ཡིས་འཕུལ་བའི་ཡི་གེ་བཅུ་སྟེ། དཔེར་བརྗོད་ན། མཁའ་མགལ་མངན་མཆན་མཇལ་མཉན་མཐའ་མདའ་མནའ་མཚན་མཛད་ལྟ་བུའོ། །འ་ཡིས་འཕུལ་བའི་ཡི་གེ་བཅུ་སྟེ། དཔེར་བརྗོད་ན།འཁར་འགར་འཆད་འཇའ་འཐད་འདམ་འཕར་འབའ་འཚལ་འཛར་ལྟ་བུའོ། །དེ་ལྟར་ན་རྐྱང་ཡིག་འཕུལ་ཐོབ་པ་ཞེ་བརྒྱད་ཡོད་དོ། །གཏན་ནས་འཕུལ་མི་ཐོབ་པའི་ཡི་གེ་དྲུག་ཡོད་དེ། ཝ་ར་ལ་ཧ་ཨ་འ་སྟེ་དྲུག་གོ དེ་ལ་ཡང་ར་ལ་གཉིས་ལ་འཕུལ་ཕྱེད་ཐོབ་པའི་ཡི་གེ་ཞེས་ཀྱང་བྱ་སྟེ། རྐྱང་པ་ལ་འཕུལ་མི་ཐོབ་ཀྱང་མགོ་ཅན་དུ་སོང་བ་ན་འཕུལ་ཐོབ་པའི་ཕྱིར་ཕྱེད་འཕུལ་ཐོབ་པའི་ཡི་གེ་གཉིས་ཞེས་བྱའོ།
    བརྒྱད་པ། འདོགས་ཅན་གྱི་ཡི་གེ་བཤད་པ་ལ། ཡ་ར་ལ་ཝའི་འདོགས་ཅན་བཞི་ལས། ཡ་བཏགས་བདུན་ཏེ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་ལྟ་བུའོ། །
ར་བཏགས་བཅུ་གཅིག་སྟེ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་ལྟ་བུའོ། །ཏ་ལ་ར་བཏགས་པའི་དཔེར་བརྗོད་དུ། མང་པོ་ཞིག་གིས་སླེ་ཏྲེས་དང་ཏྲེས་སམ་ཞེས་པ་བཀོད་ཀྱང་། དེ་གཉིས་ཞང་ཞུང་གི་སྐད་ཡིན་པས་སྐབས་སུ་མ་བབ་ཅིང་། དེ་བས་ཏྲོན་ཞེས་པ་འདུལ་བ་ནས་བརྩོན་འགྲུས་ཀྱི་མིང་དུ་བཤད་པ་དེ་འཐད་པར་སེམས་སོ། །ཐ་ལ་ར་བཏགས་པ་སྔོན་གྱི་དག་ཡིག་རྣམས་སུ་ཆེར་མི་གསལ་ཞིང་། ཕྱིས་ཀྱི་མཁས་པ་དག་གིས་ལྷམ་གྱི་སྒྲ་ཞིག་གི་མིང་དུ་བཤད་པ་ལྟར་རོ། །ལ་བཏགས་བཞི་སྟེ། ཀླ་གླ་བླ་ཟླ་ལྟ་བུའོ། །རླ་དང་སླ་གཉིས་མགོ་ཅན་གྱི་སྡེ་ཚན་དུ་གཏོགས་ཞེས་ཁ་ཅིག་གིས་བཞད་དོ། །ཝ་བཏགས་བཅུ་གཉིས་ཏེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་ལྟ་བུའོ། །དེ་ཡང་གུག་སྐྱོད་ཅན་ལ་གདགས་སུ་མི་རུང་ངོ། དེ་ལྟར་ན་འདོགས་ཅན་གྱི་ཡི་གེ་སུམ་ཅུ་སོ་བཞི་ཡོད་དོ།
    དགུ་པ། མགོ་ཅན་གྱི་ཡི་གེ་བཤད་པ་ལ། ར་མགོ་ཅན་བཅུ་གསུམ་སྟེ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ་ལྟ་བུའོ། །ལ་མགོ་ཅན་བཅུ་སྟེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་ལྟ་བུའོ། །ས་མགོ་ཅན་བཅུ་གཉིས་ཏེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ་ལྟ་བུའོ། །དེ་ལྟར་ན་མགོ་ཅན་གྱི་ཡི་གེ་སུམ་ཅུ་སོ་ལྔ་ཡོད་དོ། །བཤད་མ་ཐག་པའི་འདོགས་ཅན་དང་མགོ་ཅན་གྱི་ཡི་གེ་ལ་བརྩེགས་ཡིག་ཅེས་བྱ་ཞིང་། བརྩེགས་ཡིག་དེ་ལ་ཡང་ཉིས་བརྩེགས་དང་སུམ་བརྩེགས་གཉིས་སུ་ཕྱེའོ། དེས་ན་འདོགས་ཅན་ཉིས་བརྩེགས་དང་སུམ་བརྩེགས་འཕུལ་བྱེད་ཀྱ་ཡི་གེ་བཞི་སྟེ། ད་བ་མ་འ་བཞིའོ། །དེ་ཡང་ད་ཡིས་ཡ་རའི་འདོགས་ཅན་དགུ་འཕུལ་ཏེ། དཀྱ་དགྱ་དཔྱ་དབྱ་དམྱ་དཀྲ་དགྲ་དཔྲ་དབྲ་ལྟ་བུའོ། །བ་ཡིས་ཡ་ར་ལ་ཡི་འདོགས་ཅན་དྲུག་འཕུལ་ཏེ། བཀྱ་བགྱ་བཀྲ་བགྲ་བཀླ་བཟླ་ལྟ་བུའོ། མ་ཡིས་ཡ་རའི་འདོགས་ཅན་དགུ་འཕུལ་ཏེ། མཁྱ་མགྱ་མཁྲ་མགྲ་ལྟ་བུའོ། འ་ཡིས་ཡ་རའི་འདོགས་ཅན་དགུ་འཕུལ་ཏེ།  འཁྱ་འགྱ་འདྲ་འཕྱ་འབྱ་འཁྲ་འགྲ་འཕྲ་འབྲ་ལྟ་བུའོ། །དེ་ལྟར་ན་འདོགས་ཅན་གྱི་ཉིས་བརྩེགས་ཡི་གེ་ཉི་ཤུ་རྩ་བརྒྱད་ཡོད་དོ། །མགོ་ཅན་འཕུལ་བའི་ཡི་གེ་ནི་བ་ཡིག་ཁོ་ནར་ངེས་ཤིང་། དེ་ལ་ཡང་མགོན་ཅན་ཉིས་བརྩེགས་འཕུལ་བའི་ཚུལ་དང་། མགོ་ཅན་སུམ་བརྩེགས་འཕུལ་བའི་ཚུལ་གཉིས་ལས། བ་ཡིས་ར་མགོ་ཅན་གྱི་ཉིས་བརྩེགས་བཅུ་གཅིག་འཕུལ་ཏེ། བརྐ་བརྒ་བརྔ་བརྫ་བརྙ་བརྟ་བརྡ་བརྣ་བརྩ་བརྫ་བརླ་ལྟ་བུའོ། །བ་ཡིས་ས་མགོ་ཅན་གྱི་ཉིས་བརྩེགས་དགུ་འཕུལ་ཏེ། བསྐ་བསྒ་བསྔ་བསྙ་བསྟ་བསྡ་བསྣ་བསྩ་བསླ་ལྟ་བུའོ། །བ་ཡིས་འཕུལ་བའི་བསྩ་འདི་ངག་སྒྲོན་གྱི་དགོངས་པ་ཡིན་ཞིང་། སྨྲ་རྒྱན་དུ་དཔྱད་གཞིར་མཛད་དོ། །བ་ཡིས་ལ་མགོ་ཅན་གྱི་ཉིས་བརྩེགས་གཉིས་འཕུལ་ཏེ། བལྟ་དང་བལྡ་ལྟ་བུའོ། །ཁ་ཅིག་བལྐ་བཞེད་པ་ཡོད་ཀྱང་ཁོ་བོས་དོར། བ་ཡིས་སུམ་བརྩེགས་ཡི་གེ་བཅུ་བཞི་ཡོད་དེ། རྐྱ་རྒྱ་སྐྱ་སྒྱ་སྤྱ་སྦྱ་སྨྱ་སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་རྩྭ་ལྟ་བུའོ། དེ་དག་ལས་འཕུལ་ཡིག་ཐོབ་པ་དྲུག་སྟེ།། བརྐྱ་བརྒྱ་བསྐྱ་བསྒྱ་བསྐྲ་བསྒྲ་ལྟ་བུའོ། །དེ་ལྟར་ན་མགོ་ཅན་ཉིས་བརྩེགས་འཕུལ་ཅན་ཉི་ཤུ་རྩ་གཉིས་དང་། མགོ་ཅན་སུམ་བརྩེགས་འཕུལ་ཅན་དྲུག་སྟེ། མགོ་ཅན་གྱི་བརྩེགས་ཡིག་འཕུལ་ཅན་ཉི་ཤུ་རྩ་བརྒྱད་ཡོད་དོ། །
    བཅུ་པ། འཇུག་ཚུལ་ཁྱབ་ཆེ་ཆུང་བཤད་པ་ལ། དེ་ལ་ཝ་ཡིག་ནི། བ་ཕྱེད་ཝ་རུ་འབོད་པ་ཡིན། །ཞེས་པ་ལྟར། ཕལ་ཆེར་བ་དང་སྦྱོར་བ་མཚུངས་ཤིང་། དེར་མ་ཟད་མིེང་གཞི་ལ་འཇུག་པའང་ཝ་སྐྱེས་ཝ་ཁ་ལྟ་བུ་ཉུང་ཟད་ཅིག་ལས་མེད་པས། དེའི་ཕྱིར་ཝ་ཡིག་འདི་ལ། མེད་ཀྱང་ཆོག་པའི་ཡི་གེ་གཅིག་ཅེས་ཐ་སྙད་མཛད་དོ། །དེ་བཞིན་དུ་ལྒ་ཡིག་དང་ལྔ་ཡིག་གཉིས་གཅིན་སྣོད་ལྒང་བུའི་མིང་དང་། །གྲངས་ཀྱི་ལྔ་མ་གཏོགས་གཞན་ལ་མི་འཇུག་པས་རེ་རེ་བར་ཟད་ཅེས་གྲགས་ཆེ་ལ། ཏྲ་དང་ཐྲ་གཉིས་གོང་དུ་སྨོས་པ་ལྟར་རེ་རེ་དང་། ས་ལ་བཏགས་པའི་ཙ་ཡིག་ནི། སྩལ་དང་སྩོལ་གཉིས་ཁོ་ན་དང་། མ་འོག་ག་ལ་ར་བཏགས་མགྲ་ཡིག་ཀྱང་མགྲིན་དང་མགྲོན་གཉིས་ཁོ་ནར་ཟད་ཅེས་བདག་གིས་ཁ་མཚོན་བཅད་དེ་སྨྲས་སོ། ཡང་གསར་བུ་བ་རྣམས་ལ་འདྲི་སྨེད་ཀྱི་ཚུལ་དུ་བསྙད་པར་བྱ་བ་ནི། ལྐ་ཡིག་ནི། ལྐོག་དང་ལྐུགས་ལྟ་བུ་གཉིས་ལས་ལྷག་པ་ཡོད་དམ་མེད། ལྤ་ཡིག་ནི། སྟག་ལྤགས་ཟེར་བ་ལྟ་བུ་པགས་པའི་མིང་ལས་གཞན་ལ་འཇུག་པ་ཡོད་དམ་མེད། ལྦ་ཡིག་ཀྱང་མགྲིན་པའི་ལྦ་བ་རྒྱ་མཚོོའི་ལྦུ་བ་ལྟ་བུ་ལས་གཞན་ཡོད་དམ་མེད། མགྱ་ཡིག་ནི། མགྱོགས་ལྟ་བུ་རྣ་རུ་ཅན་དང་། དགྱ་ཡིག་ནི། དགྱེས་ལྟ་བུ་འགྲེང་བུ་ཅན་དང་། བགྱ་ཡིག་ནི། བགྱི་བགྱིད་བགྱིས་ལྟ་བུ་གུག་གུ་ཅན་ལས་གཞན་པ། ཁོ་བོའི་བློ་གྲོས་ཀྱི་བུག་པ་དོག་པས་མ་མཐོང་ཡང་། གལ་ཏེ་མཁྱེན་སྤྱན་ཡངས་པ་དག་གི་སྤྱན་ལམ་དུ་དེ་མིན་པའི་ཚུལ་གཞན་ཞིག་ཤར་བྱུང་ན། བདག་གི་སུག་རྗེས་ངན་པ་འདི་ལ་ཕྲི་སྣོན་ཅི་བདེེར་མཛོད་ཅེས་སྐབས་དབྱེ་བར་བྱའོ། །ངག་སྒྲོན་དུ། དུས་བགྱངས་ཞེས་བྱུང་ཡང་དུས་འགྱངས་ཞེས་པ་ལེགས་སམ་སྙམ་པས་དཔྱད་པར་འཚལ།
    བཅུ་གཅིག་པ། རྗེས་སུ་འཇུག་ཚུལ་བཤད་པ་ལ། ག་ང་ད་ན་བ་མ་འ་ར་ལ་ས་བཅུ་ལ་རྗེས་འཇུག་གི་ཡི་གེ་ཞེས་བྱ་ཞིང་། དེ་དག་གང་གི་རྗེས་སུ་འཇུག་ཅེ་ན། སྤྱིར་རྗེས་འཇུག་བཅུ་པོ་གསལ་བྱེད་སུམ་ཅུ་ཐམས་ཅད་ཀྱི་རྗེས་སུ་པས་འཇུག་པ་ལ་དགག་པ་མེད་མོད། འོན་ཀྱང་དེ་དག་གིས་མཐའ་རྟེན་བྱས་ན་མིང་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ནི། དཔེར་ན། པ་ཡིག་དང་མ་ཡིག་གི་རྗེས་སུ་རྗེས་འཇུག་བ་ཡིག་སྦྱར་བ་པབ་མབ་ལྟ་བུ་མིང་བོད་སྐད་ལ་མི་དགོས་པས་དེ་ལྟ་སྦྱོར་བའི་ཚུལ་སོགས་ཤེས་པར་བྱ་བ་འགའ་ཡོད་ཀྱང་ཡིག་ཚོགས་ཀྱིས་འཇིགས་ཏེ་མ་བྲིས་སོ། །འ་ཡིག་ནི་དེ་ལྟར་མ་ཡིན་པར་ཡི་གེ་ཀུན་གྱི་རྗེས་སུ་སྦྱོར་དགོས་ཏེ། འ་ནི་ཨ་ལས་འཆད་པར་གྲགས་པ་ལྟར་ཨའི་སྒྲ་ལྷོད་པ་ལས་འ་ཞེས་བ་བོད་སྐད་ལ་དགོས་པའི་དབང་གིས་བཅུག་པ་དེ་ཡིན་ཞིང་། བོད་སྐད་ཕལ་ཆེར་རིང་ཆ་ཅན་ཡིན་པས་འ་ཡིག་གི་སྒྲ་དང་ལྡན་པ་བྱུང་ངོ། །དེའི་ཕྱིར་མཐའ་རྟེན་གཞན་མེད་པའི་སྐབས་སུ་མཐའ་ངེས་པར་སྦྱོར་དགོས་པ་ཡིན་ནོ། །འོ་ན་འ་ཡིག་གི་རྗེས་སུ་འ་ཡིག་ཅི་ལྟར་སྦྱོར་ཞེ་ན། དེ་ཡང་སྦྱར་དུ་རུང་སྟེ། དཔེར་ན། ནམ་མཁའ་མཐའ་ཞེས་པ་ལ་ནམ་མཁའི་མཐའ་ཞེས་འ་ཡིག་གཉིས་སྦྱོར་བའི་ཕྱིར། ཚུལ་འདི་ནི་སུམ་ཅུ་པའི་དགོངས་པ་ཡིན་ཏེ། དེ་ཉིད་ལས། བདུན་པ་ཉིད་ལ་བདུན་པ་སྟེ། །ཞེས་གསུངས་པའི་ཕྱིར། འོ་ན་དག་ཡིག་གང་གཱའི་ཆུ་རྒྱུན་ལས། དགའ་མདའ་ལྟ་བུ་ལ་འ་ཡིག་གི་མཐའ་རྟེན་འཇུག་ཀྱང་། གུག་འགྲེང་ཅན་ལ་མི་འཇུག་པས། དེས་ནི་རྗེས་འཇུག་ཕྱེད་དང་བཅུར་འདོད་པ་ཅི་ལྟར་ཡིན་ཞེ་ན། ཁོ་བོ་ནི་དེ་མི་འདོད་དེ། གུག་འགྲེང་ཅན་ལའང་འ་མཐའ་སྦྱར་ཆོག་པའི་ཕྱིར་ཏེ། དཔེར་ན། དེ་ལ་ནི་ཁོ་བོ་འགྲོ་ཞེས་ལྟ་བུ་ལ། དེའ་ལའ་ནི་ཁོའ་བོའ་འགྲོའ་ཞེས་སྦྱོར་བ། སུམ་རྟགས་ཀྱི་དགོངས་པ་ཡིན་པར་ལི་ཤིའི་གུར་ཁང་ལས་གསུངས་ཤིང་། ཞ་ལུ་ལོ་ཆེན་གྱི་སུམ་ཅུ་པའི་འགྲེལ་པ་ལས་ཀྱང་། སྒྲ་དང་འཇུག་པ་རྣམས་ཀྱི་མཐར་འ་ཡིག་དངོས་སུ་མེད་ཀྱང་། རྗེས་འཇུག་བཅུ་པོ་མ་ཞུགས་པའི་མིང་གི་སྦྱོར་བ་མེད་པར་གསུངས་པའི་རིགས་པས། འ་མཐའ་ཅན་དུ་དོན་གྱིས་ཐོབ་པ་རྣམས་ཀྱི་མཐར་ཡང་འི་ཉིད་མཐུན་པའོ། །ཞེས་གསུངས་པའི་ཕྱིིར། འདིའི་དོན་གྱིས་ཐོབ་པ་ཞེས་པ་ལ་དགོས་པ་ཡོད་དེ།  བཀས་བཅད་གསར་པ་ལ་ཡིི་གེ་ཉུང་བའི་སླད་དུ་འ་མཐའ་དབྱེ་བ་ཡིན་གྱི་དོན་ཐོབ་ལ་ཡོད་ཅེས་པའི་དོན་ནོ། །དེ་བཞིན་དུ་བོད་སྐད་འགའ་ཞིག་གི་བརྗོད་བྱའི་ཤུགས་ལ། ཡ་ཡིག་དང་ཧ་ཡིག་གི་གདངས་ཐོན་པའི་རྒྱུ་མཚན་གྱིས། དེ་ཤེས་པར་བྱ་བའི་ཆེད་དུ་སྔོན་གྱི་ཡིག་རྙིང་རྣམས་སུ། མི་ལ་མྱི། མེ་ལ་མྱེ་ཞེས་ཡ་ཡིག་བཏགས་པ་དང་། རྙིང་བ་ལ་རྙྷིང་བ་དང་། རྫོགས་སོ་ལ་རྫོགས་སྷོ་ཞེས་ཧ་ཡིག་འདོགས་པར་མཛད་པ་ཡང་དོན་མེད་མ་ཡིན་ཞིང་། དེར་མ་ཟད་རྒྱ་སྐད་འགའ་ཞིག་འདོན་བདེ་བའི་སླད་དུ་བོད་སྐད་དང་མཐུན་པར་བཟོས་པ་ཡང་སྣང་ཏེ། དཔེར་ན། གུ་རུ། ཛམྦུ་པྲི᫴། ཛམྦྷ་ལ། གཽ་ཏ་མ་སོགས་ལེགས་སྦྱར་གྱི་སྐད་དངོས་ཡིན་ཡང་།  དེརྣམས་བོད་སྐད་དུ་འ་ཡིག་གིས་འཕུལ་བ་ལྟར་ཀློག་དགོས་ཚུལ་ཤེས་པའི་ཕྱིར་དུ། དེ་དག་གི་མིང་ཡིག་དང་པོར་འགུ་རུ། འཛམྦུ་པྲི᫴། འཛམྦྷ་ལྷ། འགོ་འུ་ཏ་མ་ཞེས་འ་ཡིག་གིས་འཕུལ་བའང་མཁས་པའི་བརྡའ་ལས་བྱུང་བས་དགོས་པ་ཅན་དུ་ཤེས་པར་བྱོས་ཤིག
    བཅུ་གཉིས་པ། སླར་ཡང་འཇུག་པའི་ཡི་གེ་བཤད་པ་ལ། རྗེས་འཇུག་ཡི་གེ་བཅུ་ལས། ས་དང་ད་གཉིས་ལ་ཡང་འཇུག་ཅེས་བྱ་སྟེ། རྗེས་འཇུག་གི་ཡང་རྗེས་སུ་འཇུག་པས་སོ། །དེ་གཉིས་རྗེས་འཇུག་གང་གི་རྗེས་སུ་འཇུག་ཅེ་ན། ས་ཡིག་ནི་ག་ང་བ་མ་བཞིའི་རྗེས་སུ་འཇུག་པ་དང་། ད་ཡིག་ནི་ན་ར་ལ་གསུམ་གྱི་རྗེས་འཇུག་གོ། །ད་ཡི་ཡང་འཇུག་འདི་ལ་ད་དྲག་ཀྱང་ཟེར། ཚུལ་ཅི་ལྟར་འཇུག་ཅེ་ན། མིང་ལ་འཇུག་པ་དང་། བྱེད་པས་བྱ་བ་བྱས་པའི་འབྲས་བུ་ལ་འཇུག་པ་གཉིས་ལས། མིང་ལ་འཇུག་པ་ནི་སྐབས་ཐམས་ཅད་དུ་ངེས་ཅན་དུ་འཇུག་ལ། བྱེད་པས་བྱ་བ་བྱས་པའི་འབྲས་བུ་ལ་འཇུག་པ་ནི་བྱས་ཟིན་འདས་ཚིག་ལ་ངེས་ཅན་དུ་འཇུག་ཀྱང་། བྱ་ཚིག་དང་བྱེད་ཚིག་ལ་ངེས་པ་མེད་དོ། །དེ་ལ་ས་ཡི་ཡང་འཇུག་མིང་ལ་འཇུག་པ་དཔེར་མཚོན་ན། འཕགས་པའི་ཚོགས་ལ་ཕྱོགས་སུ་གཏོགས་པ་ཡི། །གྲངས་མེད་སངས་རྒྱས་ཚངས་དབྱངས་གསུངས་པ་ལ། །ཚེ་རབས་སྐབས་སུ་སྐྱབས་ཀྱི་ཐབས་ལ་བསྟེན། །སེམས་ཅན་ཐམས་ཅད་གདམས་ངག་ཉམས་ལེན་མཛོད། །ཅེས་པ་ལྟ་བུ་ག་ང་བ་མའི་རྗེས་སུ་ས་མཐའ་ཐོབ་པ་རྣམས་མིང་ཡིན་པས་སྐབས་ཐམས་ཅད་དུ་དགོས་ཤིང་། བྱ་བྱེད་སོགས་ཀྱི་འདས་ཚིག་ལ་འཇུག་པ། དཔེར་ན། ཀློག་བྱེད་བཀླག་བྱ་བཀླགས་བྱས་ན། །སྐྱོང་བྱད་བསྐྱང་བྱ་རབ་བསྐྱངས་སོ། །སྐྱོབ་བྱེད་བསྐྱབ་བྱ་ལེགས་བསྐྱབས་ནས། །སྒོམ་བྱེད་བསྒོམ་བྱ་བསྒོམས་ཟིན་ཏོ། །ཞེས་པ་ལྟ་བུ་ག་ང་བ་མའི་རྗེས་སུ་ས་མཐའ་ཐོབ་པ་རྣམས་འདས་ཚིག་ཡིན་པས་ཐོབ་ཀྱང་། བྱ་ཚིག་དང་བྱེད་ཚིག་ལ་མི་དགོས་སོ། །དཔེར་བརྗོད་རྒྱས་པ་ཤེས་རབ་འོད་ཟེར་གྱིས་མཛད་པའི། ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ་ལས་ཤེས་པར་བྱའོ། །དེ་བཞིན་དུ་ད་དྲག་གི་ཐོབ་ཚུལ་ལ་ཡང་གཉིས་ལས། མིང་ལ་འཇུག་པ་ནི་དཔེར་ན་ཕར་ཕྱིནད་འཛིནད་ཅིང་མཁྱེནད་པ་བརྟནད། །ཐརད་པའི་འབྱོརད་པ་གྱུརད་ཅིག་གུ། །བསལད་ཅིང་འཚལད་ཏོ་བཀའ་སྩོལད་ཅིག །ཅེས་པ་ལྟ་བུ་ད་དྲག་ནི་ངེས་ཅན་དང་། བྱས་ཟིན་འདས་པ་ལ་འཇུག་པ་ནི་དཔེར་ན། འདོན་བྱེད་གོདན་བྱ་ལེགས་བཏོནད་ཅིང་། །སྒྱུར་མཁན་བསྒྱུར་བྱ་རབ་བསྒྱུརད་ནས། སྒྲོལ་བྱེད་བསྒྲལ་བྱ་བསྒྲལད་ཟིན་ཏོ། ཞེས་པ་ལྟ་བུ་ཡིིན་པས་གཞན་ལ་རིགས་བསྒྲེ་བར་བྱའོ། །ད་དྲག་འདི་དགོས་པ་ཅིའི་ཕྱིར་དུ་འཇུག་ཅེ་ན། སྤྱིར་ཡང་འཇུག་རྣམས་འདས་པ་སྟོན་ཕྱིར་དུ་འཇུག་པ་མང་ཞིང་། ཡང་སྒོས་ད་དྲག་ནི་བོད་སྐད་ཀྱི་གདངས་ལས་ཀྱང་ཡིན་ཏེ། ཕྱིནད་འཛིནད། འབྱོརད། ཐརད། རོལད་འཕྲུལད་རྣམས་སྒྲ་ཤིན་ཏུ་དག་པ་ཀློག་པ་དག་གི་སྒྲའི་ཟུར་ལ་ཕགས་ཟེར་བ་ལྟ་བུ་ད་ཡིག་གི་གདངས་ངེས་པར་ཐོན་པས། དེ་ཤེས་པའི་ཆེད་དུ་སྒྲ་བསྒྱུར་སྨྲ་བ་རྣམས་ཀྱིས་ད་དྲག་གི་སྲོལ་མཛད་དོ། །དེང་སང་ཕལ་ཆེ་བས། ད་བ་ས་ཀྱི་ག་ང་གི། ན་མ་ར་ལ་གྱི་སྡེ་དཔེར། །ལྟ་བུ་སྡོམ་ཚིག་གིས་ཆིམ་ནས་ན་ར་ལ་གསུམ་གྱི་རྗེས་སུ་ཀྱི་སྒྲ་ཐོབ་པ་ངེས་པར་མེད་ཅེས་གོ་བ་ནི། ད་དྲག་གི་གཏམ་འདི་རྣ་ཁུང་དུ་འདྲེས་པར་མ་བྱས་པར་སྐྱེས་ཡིན་ཏེ། དཔེ་དག་པ་རྣམས་སུ་ཏིང་ངེ་འཛིན་ཀྱི་ཡུལ། རྣམ་ཐར་ཀྱི་སྒོ། ཕ་རོལ་ཀྱི་མཐའ་ཞེས་ཀ་ཀྱི་ཡོད་པ་དང་། དག་ཡིག་རྣམས་སུ་རང་གསལ་བར་བྱུང་བས་སོ། །ད་དྲག་ཤེས་པ་ཤིན་ཏུ་གལ་ཆེ་བས། དཔེར་བརྗོད་ཅུང་ཟད་བྱ་ན། ཀུན་ཏུ། བསྟན་ཅེས། སྟོན་ཅིག རྐྱེན་ཀྱི། འཛིན་ཀྱང་། ལྷན་ཅིག བརྒྱན་ཀྱང་། ལན་ཅིག རྟེན་ཅིང་། ཤིན་ཏུ། གསོན་ཅིག སྨིན་ཅེ་ན། ཞེན་ཅིང་། མནན་ཏོ། བརྟན་ཅིང་། བསྒྱུར་ཅེའོ། ཟེར་ཅིང་། འཛེར་ཏོ། རོལ་ཅིག མཚར་ཏོ། སྤྲུལ་ཏོ། སོལ་ཅིག བསྩལ་ཏོ། འཚལ་ཏོ། བསལ་ཅེའོ་ལ་སོགས་པ་ལྟ་བུའོ། དེ་ལྟ་བུ་ན་ར་ལ་གསུམ་གྱི་རྗེས་སུ། ཏུ་ཏོ་ཅིང་ཅིག་ཅེས་ཀྱང་སོགས་ཐོབ་པ་ད་དྲག་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལས་གཞན་པའི་སྐབས་དུ་ན་ར་ལ་གསུམ་གྱི་རྗེས་སུ་ཞིང་ཞིག་ཞེས་ཡང་སོགས་ཐོབ་པ་ལ་རྩོད་པ་མེད་མོད། འོན་ཀྱང་དེང་དུས་ཀྱི་མཁས་པ་མང་པོའི་གསུང་རྩོམ་དུ། ཡིན་ཅིང་། ཡིན་ཀྱང་། ཞེས་པ་མང་དུ་བྱུང་ཡང་ཡིད་རྟོན་དཀའ་སྟེ། དེ་དག་ནི་ཟིན་ཀྱང་འོན་ཀྱང་སོགས་ལ་དཔག་པ་ཡིན་ན་ཆེས་མི་འཐད་དེ། ཟིན་ཀྱང་འོན་ཀྱང་སོགས་ནི་ད་དྲག་གིས་མིང་མཐའ་འདྲེན་ཚུལ་ཡིིན་ལ། གལ་ཏེ་ཡིན་ཞེས་པ་ད་དྲག་ཅན་ཡིན་ན། ཡིིན་ཅེ་ན། ཡིན་ཅེའོ། ཞེས་ཐོབ་དགོས་པ་ལ་དེ་འདྲ་ཆེར་མི་སྣང་ཞིང་། དེར་མ་ཟད་ད་དྲག་ནི་འདས་ཚིག་ལ་འོས་ཆེ་བས། ཡིན་ཏོ་ཞེས་ཐོབ་དགོས་པ་ལས་དཔེ་དག་པ་རྣམས་སུ་ཡིན་ནོ་ཞེས་པ་མང་དུ་བྱུང་བས། དེས་ན་ཡིིན་ཞིང་། ཡིན་ཡང་ཞེས་བྲི་ན་མཛེས་པར་སེམས་སོ།
    རྩ་བའི་ས་བཅད་གཉིས་པ། ཡི་གེ་ལས་བྱུང་བའི་མིང་བཤད་པ་ལ། ཡི་གེ་གཅིག་ཙམ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་པས་ཡི་གེ་དུ་མ་འདུས་པ་ལས་མིང་བྱུང་ངོ། །འོ་ན་ཁ་ཞེས་པ་དང་ཉ་ཞེས་པ་རིམ་པ་བཞིན་དུ་གདོང་གི་ཁ་དང་སྲོག་ཆགས་ཉའི་མིང་མ་ཡིན་ནམ། ཅིའི་ཕྱིར་མིང་ལ་ཡི་གེ་དུ་མ་འདུ་དགོས་ཞེ་ན། མིང་དུ་གྲུབ་པའི་ཁ་དང་ཉ་ཡིག་ལའང་ཁའ་དང་ཉའ་ཞེས་འ་ཡིག་གི་མཐའ་རྟེན་ཡོད་པས་སྐྱོན་དེ་མེད་དོ། །འདི་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་པས་ངེས་པར་ཁས་ལེན་དགོས་ཏེ། སུམ་ཅུ་པ་ལས། ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། ཅེས་དང་། རྟགས་འཇུག་ལས་ཀྱང་། ཕོ་ཡིག་དེ་དག་རྣམས་ལ་ཡང་། འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་གསུངས་པའི་ཕྱིར། དེ་འདྲེའི་ཡི་གེ་མ་མཐོང་ངོ་ཞེ་ན། དེ་ཡང་སྐྱོན་མེད་དེ། རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པའི་ཕྱིར། དེས་ན་ཡི་གེ་གཉིས་སོགས་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ། མིང་གི་མཚན་ཉིད། མཚན་གཞི་ནི། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དེ་ལ་དབྱེ་ན། དངོས་མིང་དང་། བཏགས་མིང་གཉིས། དོན་དེ་ལ་ཐོག་མར་བརྡའ་སྦྱར་བའི་མིང་གང་ཞིག། ཁྱོད་ལས་དོན་དེ་འཁྲུལ་མེད་དུ་གོ་བར་ནུས་པའི་སྒྲ་དོན་དེའི་དངོས་མིང་གི་མཚན་ཉིད། མཚན་གཞི་ནི། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དངོས་མིང་དུ་འཇུག་པའི་དོན་དེ་དང་འདྲ་བའམ་འབྲེལ་བ་གང་རུང་རྒྱུ་མཚན་དུ་བྱས་ནས། གཞི་དེ་ལ་ཕྱིས་བརྡའ་སྦྱར་བའི་སྒྲ། དོན་དེའི་བཏགས་མིང་གི་མཚན་ཉིད། མཚན་གཞི་ནི། བྲམ་ཟེའི་ཁྱེའུ་སྣ་ཉག་ལ་སེང་གེ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། ཤེས་བྱ་ཞེས་པའི་སྒྲའི་དངོས་པོ་སྤྱིའི་མིང་ཡིན་ཡང་དངོས་པོའི་མིང་མ་ཡིན་པ་དང་། ཤེས་བྱ་ཞེས་པའི་སྒྲ་དངོས་པོ་ལ་འཇུག་ཀྱང་དངོས་པོ་དེའི་འཇུག་ཡུལ་དང་བརྗོད་བྱ་ཡང་མིན། དངོས་པོ་ལ་ཤེས་ དང་པོ་ཚིག་གི་མཚན་ཉིད་ནི། བྱ་ཞེས་མིང་དུ་བཏགས་ཀྱང་ཤེས་བྱ་ཞེས་པའི་སྒྲ་དངོས་པོའི་བཏགས་མིང་མིན་པ་སོགས་ཀྱི་ཁྱད་པར་ཤེས་དགོས་པ་མང་དུ་ཡོད་དོ།
    རྩ་བའི་ས་བཅད་གསུམ་པ་ཚིག་བཤད་པ་ལ། ཚིག་གི་ངོ་བོ། ཚིག་གི་རྣམ་དབྱེ། ཚིག་སྡུད། ཚིག་ཕྲད། ཚིིག་རྒྱན། ཚིག་བྲི་ཚུལ་དང་དྲུག་གོ།
    དང་པོ་ཚིག་གི་མཚན་ཉིད་ནི། ཁྱད་གཞི་ཁྱད་ཆོས་སྦྱར་བའམ་རྣམ་དབྱེ་དང་ཚིག་ཕྲད་ལ་སོགས་པའི་རྐྱེན་ཀྱིས་དོན་གྱི་ཁྱད་པར་སྟོན་པའི་སྒྲ། ཚིག་གི་མཚན་ཉིད། མཚན་གཞི་ནི། བུམ་པ་མི་རྟག་གོ་ཞེས་བརྗོད་པའི་སྒྲ་ལྟ་བུའོ།
     གཉིས་པ་ཚིག་གི་རྣམ་དབྱེ་ནི། ངག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ། རྣམ་དབྱེའི་མཚན་ཉིན་ཡིིན། དེ་ལ་དབྱེ་ན། དང་པོ་དངོས་པོ་བརྗོད་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི། བརྒྱད་པ་འབོད་པ་སྟེ་རྣམ་དབྱེ་བརྒྱད་ཡོད་དོ། དེ་རྣམས་ཀྱི་མཚན་གཞི་གང་ཞེ་ན། གཞི་གཅིག་ལ་མཚོན་ན། བུམ་པ་འདི། བུམ་པ་དེ་དག།བུམ་པ་དེ་རྣམས་ཞེས་པའི་ངག་ནི། གང་དུ་ཕྱེ་བའི་རྣམ་དབྱེ་དང་པོའི་གནས་སྟོན་པའི་ངག་ཡིན། གང་འབྱེད་བྱེད་ཀྱི་རྣམ་དབྱེ་དང་པོ་དངོས་ནི། འདི་སྒྲ་དང་དག་སྒྲ་དང་རྣམས་སྒྲ་རྣམས་ཡིན་ནོ། །དེ་བཞིན་དུ་བུམ་པ་རུ་ཆུ་བླུགས་ཞེས་པའི་ངག་ནི། གང་ཕྱེ་བའི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་གནས་སྟོན་པའི་ངག་ཡིེན། གང་གིས་འབྱེད་པའི་རྣམ་དབྱེ་གཉིས་པ་དངོས་ནི། རུ་ཞེས་པ་དེ་ཡིན་ནོ། །བུམ་པས་ཆུ་སྐྱོར་ཞེས་པ། གང་ཕྱེ་བའི་རྣམ་དབྱེ་གསུམ་པ་བྱེད་པའི་གནས་སྟོན་པའི་ངག་ཡིན། གང་གིས་འབྱེད་པའི་རྣམ་དབྱེ་གསུམ་པ་དངོས་ནི། པས་ཞེས་པའི་རྗེས་འཇུག་གི་ས་ཡིག་དེ་ཡིན་ནོ། །བུམ་པའི་ཆེད་དུ་སྟན་བྱ་ཞེས་པ། །བཞི་པ་དགོས་ཆེད་སྟོན་བྱེད་དུ་ཕྱེ་བའི་ངག་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་བཞི་པ་ནི། དུ་ཞེས་པ་དེ་ཡིན་ནོ། །བུམ་པ་ལས་བདུད་རྩི་བྱུང་ཞེས་པ། ལྔ་པ་འབྱུང་ཁུངས་སྟོན་བྱེད་དུ་ཕྱེ་བའི་ངག་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་ལྔ་པ་ནི། ལས་ཞེས་པ་དེ་ཡིན་ནོ། །བུམ་པའི་ཁ་དོག་ཅེས་པ། དྲུག་པ་འབྲེལ་བ་སྟོན་བྱེད་དུ་ཕྱེ་བའི་ངག་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་དྲུག་པ་ནི། འི་སྒྲ་དེ་ཡིན་ནོ། །བུམ་པ་ལ་བདུད་རྩི་ཡོད་ཅེས་པ། བདུན་པ་གནས་གཞི་སྟོན་བྱེད་དུ་ཕྱེ་བའི་ངག་ཡིན། དེ་འབྱེད་བྱེད་ཀྱི་རྣམ་དབྱེ་བདུན་པ་ནི། ལ་སྒྲ་དེ་ཡིན་ནོ། །ཀྱེ་བུམ་པ་ཞེས་པ་རྣམ་དབྱེ་བརྒྱད་པ་སྟེ། ཀྱེ་ཞེས་པས་ཕྱེ་བ་ཡིན་ནོ། །མིང་མཐའི་སུ་རུ་ཏུ་དུ་ན་ར་ལ་སྟེ་ཡི་གེ་བདུན། ལ་ལར་རྣམ་དབྱེ་གཉིས་པ་མཐུན། ལ་ལར་བཞི་པ་དང་མཐུན། ལ་ལར་བདུན་པ་དང་མཐུན། ལ་ལར་དེ་ཉིད་དང་ཚེ་སྐབས་དང་མཐུན་ཞིང་། དཔེར་བརྗོད་ནི་གཞན་དུ་བྱས་ཟིན་ཏོ། །འོ་ན། དུ་བ་ཡོད་པས་མེ་ཡོད་དོ་ཞེས་པའི་རྗེས་འཇུག་གི་ས་ཡིག་དེ་ཡང་རྣམ་དབྱེ་གསུམ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ནི་རྣམ་དབྱེ་བཞི་པར་བཏགས་སོ། །འོན་ཀྱང་དགོས་ཆེད་དང་དོན་གཅིག་པ་མ་མ་ཡིན་ཏེ། ལས་གཅིག་ལ་ལྟོས་པའི་སྔ་ཕྱི་པ་ཡིན་པའི་ཕྱིར་ཏེ། ལས་གང་གི་རྒྱུ་མཚན་ནི་ལས་དེའི་སྔ་ལོགས་སུ་གྲུབ་པ་དང་། ལས་གང་གི་དགོས་ཆེད་ནི་ལས་དེའི་པྱི་ལོགས་སུ་གྲུབ་པ་ཡིན་ནོ། རྒྱ་གར་དང་བོད་དང་སོག་པོ་གསུམ་ལ་རྣམ་དབྱེ་བརྒྱད་མེད་མི་རུང་ཞིང་། རྒྱ་ནག་ལ་རྣམ་དབྱེ་གཏན་ནས་མི་དགོས་པར། ཚིག་གོང་འོག་བརྗེ་བའི་ཁྱད་པར་ཙམ་ལས་མིང་ཐམས་ཅད་བརྗོད་པར་འདོད་ཅིང་། རྣམ་དབྱའི་ཚབ་ཏུ་ཕིང། ཧྲང་། ཆུས། རུའུ་ཞེས་པ་བཞི་འདོད་ཅིང་། དེ་ཡང་དབྱངས་སམ་ང་རོ་ཡིན་པར་མངོན་པས། ཕིང་ཞེས་པ་དབུགས་ཆ་སྙོམ་པའི་ཤུགས་ཀྱིས་ཐོན་པ་དང་། ཧྲང་ཞེས་པ་དབུགས་གྱེན་ཏུ་བཏེགས་པའི་ཤུགས་ཀྱིས་ཐོན་པ་དང་། ཆུས་ཞེས་པ་དབུགས་ཐད་ཀར་ཕྱིར་འཕུལ་བའི་ཤུགས་ཀྱིས་ཐོན་པ་དང་། རུའི་ཞེས་པ་དབུགས་ཐུར་དུ་ཕྱུང་བའི་ཤུགས་ཀྱིས་ཐོན་པ་དང་། མིང་གང་བརྗོད་ཀྱང་བརྗོད་ཚུལ་བཞི་པོ་འདི་ལས་མ་འདས་ཟེར་རོ།
    གསུམ་པ་ཚིག་སྡུད་ནི། ཚིག་གི་བར་གྱི་རྣམ་དབྱེ་རྣམས་བསྡུས་ནས་མིང་སྔ་ཕྱི་ལྷན་གཅིག་ཏུ་སྦྱོར་བ་བྱེད་པ་ནི།་ཚིག་སྡུད་ཀྱི་ངོ་བོ། དེ་ལ་དབྱེ་ན།ལས་འཛིན་གྱི་བསྡུ་བ། བ་གཉིས་པའི་བསྡུ་བ། དེའི་སྐྱེས་བུའི་བསྡུ་བ། འབྲུ་མང་པོའི་བསྡུ་བ། ཟླས་དབྱེ་བའི་བསྡུ་བ། མི་ཟད་པའི་བསྡུ་བ་དང་དྲུག་ཡོད་དོ། །དེ་དག་སོ་སོའི་མཚན་གཞི་ནི་རིམ་པ་བཞིེན་དུ། ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུ་བ་ལ། ལས་འཛིན་གྱི་བསྡུ་བ་ཞེས་བྱ་ཞིང་། དཔེར་ན། ཨུཏྤལ་ཡང་ཡིན། སྔོན་པོ་ཡང་ཡིན་ཟེར་རྒྱུ་ལ། ཨུཏ་པལ་སྔོན་པོ་ཞེས་བསྡུ་བ་ལྟ་བུ་སྟེ། ཨུཏ་པལ་ཁྱད་གཞི་དང་སྔོན་པོ་ཁྱད་ཆོས་གཉིས་གཞི་མཐུན་པར་བསྡུ་བ་ཡིན་པས་སོ། ཁྱད་གཞི་བགྲང་བྱ་དང་ཁྱད་ཆོས་གྲངས་ཡིན་པ་བསྡུས་པའི་བསྡུ་བ་ལ། བ་གཉིས་པའི་བསྡུ་བ་ཞེས་བྱ་ཞིང་། དཔེར་ན་ལམ་ཡང་ཡིན་ལྔ་ཡང་ཡིན་ཞེས་པ། ལམ་ལྔ་ཞེས་བསྡུས་པ་ལྟ་བུའོ། མིང་ཚིག་གི་བར་གྱི་རྣམ་དབྱེ་གཉིས་པ་ལ་སོགས་པའི་རྣམ་དབྱེ་དྲུག་པོ་གང་རུང་བསྡུ་བ་ལ། དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ་ཞིང་། དཔེར་ན་རྣམ་དབྱེ་གཉིས་པ་བསྡུས་པ་ནི། གྲོང་ལ་འགྲོ་བ་ལ་གྲོང་འགྲོ་བལྟ་བུ་དང་། གསུམ་པ་བསྡུས་པ་ནི། རྐང་པས་འཐུང་བ་ལ་རྐང་འཐུང་ལྟ་བུ་དང་། བཞི་བ་བསྡུས་པ་ནི། འབྱུང་པོའི་ཆེད་ཀྱི་གཏོར་མ་ལ་འབྱུང་གཏོར་ལྟ་བུ་དང་།ལྔ་པ་བསྡུས་པ་ནི། ཆུ་ལས་སྐྱེས་པ་ལ་ཆུ་སྐྱེས་ལྟ་བུ་དང་།  དྲུག་པ་བསྡུས་པ་ནི། རྒྱལ་བའི་སྲས་ལ་རྒྱལ་སྲས་ལྟ་བུ་དང་། བདུན་པ་བསྡུས་པ་ནི། འབྲས་བུ་ལ་གནས་པ་ལ་འབྲས་གནས་ཞེས་བསྡུས་པ་ལྟ་བུའོ། །མིང་གཉིས་སམ་མང་པོ་ཡང་རུང་མ་བསྡུས་པའི་སྐབས་ཀྱི་བརྗོད་བྱ་ལས་དོན་གཞན་སྟོན་བྱེད་དུ་བསྡུས་པའི་བསྡུ་བ་ལ། འབྲུ་མང་གི་བསྡུ་བ་ཞེས་བྱ་ཞིང་། དཔེར་ན། ཤར་དང་ལྷོ་ཞེས་པ་ཤར་ལྷོ་ཞེས་བསྡུས་པ་ལྟ་བུ་སྟེ། མ་བསྡུས་པའི་སྐབས་སུ་ཤར་དང་ལྷོ་སྟོན་ཅིང་། བསྡུས་ན་མེ་མཚམས་སྟོན་པ་ལྟ་བུའོ། །མིང་གཉིས་སམ་མང་པོཡང་རུང་བར་གྱི་རྣམ་དབྱེ་རྣམས་བསྡུས་ནས་ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་གཅིག་སྦྱར་བའི་བསྡུ་བ་ལ། ཟླས་དབྱེ་བའི་བསྡུ་བ་ཞེས་བྱ་ཞིང་། དཔེར་ན། ཕྱག་འཚལ་སངས་རྒྱས་ལ་ཆོས་ལ་དགེ་འདུན་ལ་ཞེས་པ། ཕྱག་འཚལ་སངས་རྒྱས་ཆོས་དང་དགེ་འདུན་ལ་ཞེས་བསྡུས་པ་ལྟ་བུའོ། །ཚིག་སྡུད་གང་གི་སྔ་མར་མི་ཟད་པའི་རྟགས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པའི་བསྡུ་བ་ལ། མི་ཟད་པའི་བསྡུ་བའམ་གྲངས་མེད་པའི་བསྡུ་བ་ཞེས་བྱའོ། །རྣམ་དབྱེ་དང་ཚིག་སྡུད་དེ་དག་ནི། ཚོགས་སོག་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་སུམ་ཅུ་པའི་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས་བྱུང་བ་ལ། ཚིག་གི་ཕྲི་སྣོན་ཅུང་ཟད་ཙམ་ལས་དོན་ཇི་ལྟར་བཞིན་བཀོད་པ་ཡིན་ནོ།།
    བཞི་པ་། ཚིག་ཕྲད་ནི། ཀྱང་ཡང་འང་ཉིད་ཁོ་ན་ཙམ་སྟེ་ཏེ་དེ་ཤིན་ཏུ་སོགས་དང་། ཅིང་ཅེས་ཅེའོ་ཅེ་ན་ཅིག། དེ་བཞིན་དུ་ཞིང་སོགས་དང་དེའི་ཚེ་ན་ལྟ་བུ་རྣམས་ཚིག་ཕྲད་ཡིན་ཞིང་། དེ་རྣམས་རང་ཉིད་ཚིག་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་བྱས་ནས་དོན་སྟོན་པས་ན། ཚིག་ཕྲད་ཅེས་བྱ་སྟེ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཁོ་ན་ཞེས་པ་ཚིག་འདི་ལ་ཚིག་ཕྲད་ཅེས་པའི་རྒྱུ་མཚན་ནི་ཚིག་གཞན་དང་ཕྲད་ན་དོན་སྟོན་ལ་མ་ཕྲད་ན་དོན་གང་ཡང་མི་སྟོན་པས་དེ་སྐད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། ཀྱང་སྒྲ་སོགས་ཀྱི་དཔེར་བརྗོད་ལ། སུམ་ཅུ་པས། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། ཞེས་པ་ལྟར། མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང་སྡུད་ཚིག་གསུམ་ལ་འཇུག་པར་བཤད་པ་ཙམ་ལས་སྤྲོས་བཤད་བྱས་པ་ཆེར་མི་སྣང་བས། དེ་ཅུང་ཟད་བཤད་ན། རྩ་ཤེས་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡང་སྒྲ་ནི་གསུམ་སྟེ། ངེས་བཟུང་དང་། རྣམ་པར་བརྟག་པ་དང་། སྡུད་པའི་དོོན་ཅན་ནོ། །ཞེས་དོན་གསུམ་ལ་འཇུག་པར་གསུངས་སོ། དེ་ལ་ངེས་བཟུང་ནི། དཔེར་ན་བུམ་པ་མི་རྟག་པ་ཡང་ཡིན་སྐད་ཅིག་མ་ཡང་ཡིན་ཞེས་པ་ལྟ་བུའོ། །རྣམ་པར་བརྟག་པ་ནི། འོན་ཀྱང་ཞེས་པ་ལྟ་བུ་སྟེ། ཟླ་དགའི་ཡན་ལག་བརྒྱད་པའི་འགྲེལ་པ་ལས། འོན་ཀྱང་ནི་རྣམ་པར་བརྟག་པའོ། །ཞེས་གསུངས་པའི་ཕྱིར། སྡུད་ཚིག་ནི་གོ་སླའོ། །ཡང་ཨ་མྲ་ཀོ᫣ར། སྨོད་སྡུད་དྲི་བ་དོགས་པ་དང་། སྲིད་པ་རྣམས་ལ་ཨཔིའོ། །ཞེས་པ་ལྟར། ཀྱང་ཡང་འང་ནི་མི་ཟད་པའི་ནང་ཚན་ཨཔི་ཞེས་པ་དེ་ཡིན་ཞིང་། དེ་ཡང་སྨོད་པ་འཇུག་པ་ནི། པོ་ཏི་ལྔ་ལ་སྦྱངས་ཀྱང་སྔོན་རྗེས་ཀྱི་ཡི་གེ་ཙམ་མི་ཤེས་སོ་ཞེས་པ་ལྟ་བུའོ། །དྲི་བ་ལ་འཇུག་པ་ནི། དུ་བ་ཡོད་ན་མེ་ཡོད་མོད་དུ་བ་མེེད་ཀྱང་མེ་ཅི་ལྟར་ཡོད་ཅེས་པ་ལྟ་བུའོ། །དོགས་པ་ལ་འཇུག་པ་ནི། གོང་བུ་འདི་བ་ལང་ཡིན་ཡང་ན་བ་མེན་ཡིན་ཞེས་པ་ལྟ་བུའོ། །ཡན་ལག་བརྒྱད་པའིང་འགྲེལ་བ་ལས། ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ནས་སྟོན་པའི་ཚིག་ཕྲད་དོ། །ཞེས་གསུངས་པའི་ཕྱིར། རྣམ་པ་གཅིག་ཏུ་ན་འདི་ན་ཤ་ཟ་ཡོད་ཅེས་སྨོས་ཀྱང་མི་དགོས་ཞེས་པ་ལྟ་བུ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། སྨོས་ཀྱང་ཅི་དགོས་ཞེས་པ་ནི་སོམ་ཉི་ཅི་ཞིག་མཆིས་ཞེས་བྱ་བའི་ཐ་ཚིག་གོ ཞེས་གསུངས་པའི་ཕྱིར། སྲིད་པ་ལ་འཇུག་པ་ནི། སྔོན་ཆད་མི་སྲིད་ཀྱང་ད་སྲིད་ཅེས་ལྟ་བུའོ། །དེ་ཡང་དཔེར་ན། སྙན་ངག་མེ་ལོང་གི་སརྒ་དང་པོ་ལས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལ་ལྟོས། །ཞེས་པའི་ཀྱང་སྒྲ་ལྟ་བུ་སྟེ། དེའང་ཅི་ལྟར་ཞེ་ན། མེ་ལོང་ཕལ་བ་ནི་གཟུགས་བརྙན་འཆར་པ་པོ་ཉེ་བར་ཡོད་པ་ལ་ལྟོས་ཤིང་། བསྟན་བཅོས་ཀྱི་མེ་ལོང་ནི་དེ་ལྟ་མ་ཡིན་པར། བསྟན་བཅོས་རྩོམ་པ་པོའི་མཁས་པ་ད་ལྟ་མི་བཞུགས་ཀྱང་། དེས་བརྩམས་པའི་བསྟན་བཅོས་ཀྱི་མེ་ལོང་དུ་བལྟས་ན། རྩོམ་པ་པོ་མཁས་པ་ཡིན་པའི་ཚུལ་ཇི་བཞིན་འཆར་བས་ན། བསྟན་བཅོས་ནི་སྔོན་ཆད་མ་བྱུང་བའི་མེ་ལོང་གསར་བའོ་ཞེས་འུད་ཆེན་པོས་བརྗོད་པའོ། །དེའི་ཀྱང་སྒྲ་ནི། ཕུལ་བྱུང་གི་ཚིག་ཅེས་དཔང་ལོ་ཆེན་པོས་གསུངས་ཤིང་། རྒྱན་དངོས་ནི་དོན་གཞན་བཀོད་པའི་རྒྱན་ཞེས་རིན་སྤུངས་པས་གསུངས་སོ། །འདི་ནི་ཁོ་བོ་འགའ་ཞིག་གི་རྣམ་དཔྱོད་ཀྱི་བང་མཛོད་ནས་ཕྱུང་བའི་ནོར་བུ་ཡིན་པས་ཤེས་ལྡན་དག་གིས་བརྗེད་ངས་ཀྱི་ཆོམ་པོའི་ལག་ཏུ་མ་ཤོར་བ་གལ་ཆེ། དང་སྒྲ་འགའ་ཞིག་ཡང་སྒྲ་དང་མཐུན་པར་འཇུག་པའི་སྐབས་ཀྱང་ཡོད་དེ། འཇམ་དབྱངས་བཞད་པའི་དབུ་མའི་མཐའ་དཔྱོད་དུ། ཡང་དང་དང་ལ་སྐད་དོད་ཙ་ཡོད་ཅིང་འབྱེད་སྡུད་ཀྱི་ཚིག་ཡིན་པས་ཉན་རང་སོགས་དེ་ལྟར་འཁྲུངས་པར་མ་ཟད་ཅེས་པ་སྡུད་ཚིག ཅེས་གསུངས་པའི་ཕྱིར། དེས་ན། དབུ་མ་འཇུག་པ་ལས། སྙིང་རྗེ་སེམས་དང་གཉིས་སུ་མེད་བློ་དང་། ཞེས་པའི་དང་སྒྲ་དང་པོ་ནི་ཡང་སྒྲའི་དོན་ནོ། །གང་གི་ཚེ་ན་ཞེས་པ་རྒྱུ་མཚན་ལ་ཡང་འཇུག་སྟེ། རྩ་ཤེས་ལས། གང་ཚེ་འགྲོ་བ་མེད་པ་ཡི། ཞེས་འགྲེལ་སྐབས། རྩ་ཤེས་ཊིཀ་ཆེན་ལས། གང་གི་ཚེ་སྟེ་གང་གི་ཕྱིར་ན་ཞེས་བཀྲལ་འདུག་པ་དང་། འདི་ལྟར་ཞེས་པ་ནི། འདི་སྐད་ཅེས་བྱ་བའམ་འཆད་འགྱུར་གྱི་དོན་འདི་ལྟ་སྟེ་ཞེས་པའི་དོན་ཅན་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལྟར་ཞེས་བྱ་བ་ནི་ཚིག་ཕྲད་དེ། གང་གི་ཕྱིར་ཞེས་བྱ་བའི་དོན་ནོ། །ཞེས་དང་། སྒྲོན་གསལ་ལས། འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་ཕྲད་ཀུན་འབྱུང་བའོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཞེས་པ་ནི་ཉེ་བར་བསྟན་པའམ་ཡང་བསྐྱར་གྱི་དོན་ཏེ། འདུལ་བ་ལུས་ལས། དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་ཀུན་ཏུ་བསྟན་པའི་ཚིག་བླ་དྭགས་སོ། །ཞེས་གསུངས་པའི་ཕྱིར། དེ་སྟེ་ཞེས་པ་དེ་ཀ་ཞེས་པའི་དོན་ཡིན་པར། སྒོ་མང་འདུལ་བའི་མཐའ་དཔྱོད་དུ་གསུངས་ཤིང་། དེ་སྟེ་ན་ཞེས་པ་དེ་ཀ་ཞེས་པའི་དོན་ཡིན་པར། སྒོ་མང་འདུལ་བའི་མཐའ་དཔྱོད་དུ་གསུངས་ཤིང་། དེ་སྟེ་ན་ཞེས་པ་སྔ་མ་ལས་དོན་གཞན་དུ་བསྒྱུར་བའི་དོན་ཅན་དུ་སུམ་པ᫼ᨑ་ཏས་གསུངས་སོ། །ནི་ཞེས་པ་རྒྱུ་མཚན་འདྲེན་པའི་ཚིག་ཡིན་པར་བློ་བརྟན་བཞི་པའི་ཚིག་གཏེར་འགྲེལ་པ་ལས་བཤད་ཅིང་། གོ་རིམ་བཟློག་པའི་དོན་ལ་འཇུག་པར་དབུ་མ་བདེན་གཉིས་ཀྱི་འགྲེལ་པར་བཤད་དོ།
    ལྔ་པ། ཚིག་རྒྱན་ནི། དེ་ལ་ཞེས་པ་ལྟ་བུ་སྟེ། འདུལ་བ་ལུང་ལས། དེ་ལ་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ། །ཞེས་གསུངས་པའི་ཕྱིར། གོང་དུ་བཤད་པའི་ཀྱང་འང་ཅིང་ཅེས་སོགས་ཀྱི་ཚིག་ཕྲད་ཀྱང་ཚིག་རྒྱན་ཡང་ཡིན་པས་སྤྱིར་དེ་གཉིས་འགལ་བ་མིན་ནོ། །བརྗོད་བྱ་ལྷག་པ་སྟོན་རྒྱུ་ཡོད་དམ་མེད་ཀྱང་རུང་ཚིག་མཛེས་པར་བྱེད་པས་ན་ཚིག་རྒྱན་ཞེས་བྱའོ། །དཔེར་ན་ཡང་དག་ཀུན་ཏུ་རྣམ་པར་རབ་ཏུ་ཡོངས་སུ་ལ་སོགས་པ་ལྟ་བུའོ། །ཚིག་རྒྱན་བཅུག་པའི་དགོས་པ་ནི་གྲོང་ཚིག་སྤོང་བའི་ཆེད་ཡིན་ལ། གྲོང་ཚིག་སྤོང་བའི་ཐབས་ཀྱང་དུ་མ་ཡོད་དེ།གཟུགས་མཛེས་སོ་སྒྲ་སྙན་ནོ་ཞེས་པ་ཙམ་ཞིག་གྲོང་ཚིག་ལས་མ་འདས་པས། དེ་སྤོང་ཐབས་སུ་དཔེར་ན། གཟུགས་ནི་མིག་གི་དཔལ་དུ་གྱུར།  གཟུགས་མཛེས་མིག་གི་བདུད་རྩིར་ཤར། ལྟ་བུར་རང་བཞིན་གྱི་རྒྱན་ཞེས་བྱའོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ལྟ་བུ་ལ་དཔེ་རྒྱན་ཞེས་བྱའོ། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ། ། ལྟ་བུ་ལ་གཟུགས་ཅན་གྱི་རྒྱན་ཞེས་བྱའོ། །རྒྱོ་ལ་རྒྱ་རྣ་རུ་ཞེས་བརྗོད་པ་ལྟ་བུ་གབ་ཚིག་གི་རྒྱན་ཡིནི་པས། དེ་བཞིན་དུ་སྙན་ངག་གི་ཉམས་དོད་པའི་ཚིག་ཐམས་ཅད་ཚིག་གི་རྒྱན་ཡིན་ཞིང་། གཞན་ཡང་ཞེ་ཚིག་གིས་བརྒྱན་པ་དང་། མངོན་བརྗོད་ཀྱིས་བརྒྱན་པ་ལ་སོགས་པ་ཡང་ཚིག་མཛེས་པར་བྱེད་པའི་ཆེད་ཡིན་ནོ། །གཞན་ཡང་། གཅིག་ལ་འདི། གཉིས་ལ་དེ་དག གསུམ་ཡན་ལ་རྣམས་ཞེས་བྱ་ཞིང་། བྱ་ལ་བགྱི། བྱེད་ལ་བགྱིད། བྱས་ལ་བགྱིས། བྱོས་ཤིག་ལ་གྱིས་ཤིག་སོགས་ཚིག་གང་མཛེས་བྱའོ།
    དྲུག་པ། ཚིག་བྲི་བའི་ཚུལ་བཤད་པར་བྱ་བ་ལ། ཡི་གེ་འདྲ་མིན་ཐོབ་ཚུལ་སྤྱིར་བཤད་པ་དང་། དཀའ་གནས་འགའ་ཞིག་བྱེ་བྲག་ཏུ་བཤད་པ་དང་། ཡི་གེ་འགའ་ཞིག་བྲི་བའི་ཚུལ་དང་གསུམ་མོ། །
    (དང་པོ) ས་བཟང་མ་ཏི་པ᪅་ཆེན་གྱི་གསུང་ལས། ལེགས་པ་བས་ཀྱང་མགྱོགས་པ་གཙོ། མགྱོགས་པ་བས་ཀྱང་སྙོམས་པ་གཙོ། སྙོམས་པ་བས་ཀྱང་དག་པ་གཙོ། དེས་ན་དག་པ་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་ཡི་གེ་སྡེབ་དག་པ་གལ་ཆེའོ། །ཡི་གེ་དག་པ་དགོས་པ་རྒྱུ་མཚན་ནི། ཡི་གེ་ལ་བརྟེན་ནས་མིང་བརྡའ་སྦྱོར་དགོས་ཤིང་། མིང་བརྡའ་སྦྱར་བའི་དགོས་པ་ཡང་བརྗོད་དོན་འཁྲུལ་མེད་དུ་གོ་བའི་ཆེད་ཡིན་པས། མིང་གི་ཟུར་ལ་ལྷག་ཆད་བྱུང་ན་དོན་ཕྱིན་ཅི་ལོག་དུ་སྟོན་པར་འགྱུར་བ་ནི། དཔེར་ན་བརྩེ་ཞེས་སྙིང་རྗེ་བའི་དོན་སྟོན་ལ། རྩེ་ཞེས་འཕུལ་ཆད་ན་རྩེད་མོའི་དོན་སྟོན་པ་ལྟ་བུ་དང་། རྗེས་འཇུག་གི་ཡི་གེ་གཅིག་ཙམ་ཆད་ན་ཡང་དོན་ཆེན་པོ་ནོར་ཏེ། དཔེར་ན་འཇིགས་པ་དང་འཇིག་པ་ལྟ་བུ་དང་། དེ་བཞིན་དུ་གུག་འགྲེང་ནོར་ན་ཡང་མི་རུང་བ་དཔེར་ན། འཇིག་རྟེན་གླེང་ན་དང་འཇིག་རྟེན་གླིང་ན་ལྟ་བུའོ། །དེས་ན་སྤྱིར་མིང་ལ། བུམ་པ་ཀ་བ་ཞེས་པ་དང་། བརྩོན་འགྲུས་མཁས་པ་ཞེས་པ་དང་། དགག་པ་སྡོམ་པ་ཞེས་པ་དང་། དབྱུག་པ་སྤྲིང་ཡིག་ཅེས་པ་ལྟ་བུ་མང་དུ་ཡོད་ཅིང་། དེ་དག་མིང་ཡིན་པ་འདྲ་ནའང་མིང་དེས་བརྗོད་ཚུལ་ལ་གསང་བའི་གནད་ཕྲ་མོ་འདི་ལྟར་ཡོད་དེ། བུམ་པ་ཀ་བ་སྣམ་བུ་རེ་ལྡེ་ལྟ་བུ་ལ་བྱ་བྱེད་སོགས་ཀྱི་རྣམ་གཞག་མེད་པས་རྣམ་པ་ཀུན་ཏུ་ཡི་གེའི་སྡེབ་གཅིག་པར་ངེས་ལ། བརྩོན་པ་མཁས་པ་བསྟོད་པ་ལྟ་བུ་ལ་བྱ་བྱེད་སོགས་ཀྱི་རྣམ་གཞག་ཡོད་ཀྱང་ཡི་གེའི་སྡེབ་ལ་འགྱུར་བ་མེད་དེ། དཔེར་ན་བརྩོན་པར་བྱ་བརྩོན་པར་བྱེད་བརྩོན་པར་བྱས་སོ་བརྩོན་པར་གྱིས་ཤིག་ཅེས་བྱ་བྱེད་སོགས་དང་འབྲེལ་ན་ཡང་འཕུལ་དང་མཐའ་རྟེན་སོར་བཞག་བྱས་པས་ཆོག་པ་དང་། ཡང་དགག་པ་སྡོམ་པ་གདེང་བ་ལྟ་བུ་ལ་བྱ་བྱེད་སོགས་ཀྱི་རྣམ་གཞག་ཡོད་པའི་རྒྱུ་མཚན་གྱིས་འཕུལ་དང་མཐའ་རྟེན་ལ་ཕྲི་སྣོན་བྱད་དགོས་པ་ཡང་ཡོད་དེ། དཔེར་ན། དགག་བྱ་འགོག་བྱེད་བཀག་ཟིན་ཁོག་ཅིག་དང་། བསྡམ་བྱ་སྡོམ་བྱེད་བསྡམས་ནས་སྡོམས་ཤིག་ལྟ་བུ་དང་། ཡང་བྱ་བྱེད་སོགས་ཀྱིས་མ་ཡིན་པར་ཚིག་གྲོགས་ཀྱི་དབང་གིས་འགྱུར་བ་ཡང་ཡོད་དེ། དཔེར་ན། དབྱུག་པ་དང་། སྤྲིང་ཡིག་ཅེས་པའི་སྤྲིང་དང་། དཔྱང་ཐག་གི་དཔྱང་། གཙུབ་ཤིང་གི་གཙུབ་ལྟ་བུའི་མིང་ལ་ཡང་འཇུག་མེད་ཀྱང་། དབྱུག་པ་དབྱུགས། སྤྲིང་ཡིག་སྤྲིངས། དཔྱང་ཐག་དཔྱངས། གཙུབ་ཤིང་གཙུབས་ཞེས་པའི་སྐབས་སུ་ཚིག་ཐ་མ་ལ་ཡང་འཇུག་སྦྱོར་དགོས་པ་ལྟ་བུ་དང་། དེ་བཞིན་དུ་གྲོགས་དང་ཚོགས་ལ་འས་འཕུལ་མེད་ཀྱང་། གྲོགས་དང་འགྲོགས། ཚོགས་ལ་འཚོགས་ཞེས་པའི་སྐབས་སུ་འས་འཕུལ་ཐོབ་པ་སོགས་ཚིག་གྲོགས་ཀྱི་དབང་གིས་ཡིན་པ་དང་། རྒྱན་དང་རླན་དང་མཆོད་པའི་རྔན་སོགས་ལ་འཕུལ་མི་དགོས་ཀྱང་། བྱེད་ཚིག་དང་འབྲེལ་ན། རྒྱན་གྱིས་བརྒྱན་རླན་གྱིས་བརླན་རྔན་པས་བརྔན་ཞེས་པས་འཕུལ་ཐོབ་པ་དང་། དེ་བཞིན་དུ་སྡིགས་མཛུབ་ཀྱིས་བསྡིགས་པ་སོགས་ཤེས་པར་བྱ་བ་མང་ངོ། །བྱེད་ཚིག་དངོས་སུ་མེད་ཀྱང་དོན་གྱིས་སྦྱོར་དགོས་པ་ཡང་དཔེར་ན། གོམ་པ་སྤོ་ཞེས་པའི་གོམ་པ་ལ་འཕུལ་མེད་ཀྱང་གོམ་པ་བགོམ་ཞེས་པའི་སྐབས་ལ་འཕུལ་ཐོབ་པ་སོགས་གཞན་ཡང་མང། ཡང་ཕམ་པ་དང་ཐོབ་པ་དང་དག་པ་དང་དབུལ་ཕོངས་དང་སྔོན་བྱུང་བ་སོགས་ལ་འས་འཕུལ་མེད་ཀྱང་འཕམ་པར་འགྱུར་འཐོབ་པར་འགྱུར་དྲི་མ་འདག་པར་འགྱུར་འཕོངས་པར་འགྱུར་འབྱུང་བར་འགྱུར་ཞེས་འ་ཡིས་འཕུལ་བ་ནི་མ་འོངས་པ་གོ་བར་བྱ་བའི་ཆེད་དང་། དེ་བཞིན་དུ་དྲི་བ་དང་ཞུ་བ་སོགས་ལ་ས་ཡི་མཐའ་རྟེན་མི་དགོས་ཀྱང་འདས་ཚིག་ལ། དྲིས་སོང་ཞུས་སོ་ཞེས་ས་ཡི་རྗེས་འཇུག་སྦྱོར་དགོས་པའི་སྐབས་ཡོད་པ་དང་། གཞན་ཡང་བ་ཡི་འཕུལ་དང་ས་ཡི་ཡང་འཇུག་གཉིས་ཀ་ཡོད་ཕྱིན་ཕལ་ཆེར་འདས་པ་སྟོན་པའི་ཚུལ་སོགས་ཤེས་པར་བྱ་བ་མང་དུ་ཡོད་པས། དཔེར་བརྗོད་རྒྱས་པ་མ་བྱས་ཀྱང་དཀའ་གནས་མདོ་ཙམ་སྨོས་པ་འདིས་མཚོན་ཏེ་གཞན་རྣམས་རིགས་པས་རྗེས་སུ་དཔག་པར་བྱའོ།
    (གཉིས་པ) དཀའ་གནས་བྱེ་བྲག་ཏུ་བཤད་པ་ལ། དགག་སྒྲུབ་ཅེས་པའི་སྒྲུབ་པ་དང་། དོན་གྲུབ་ཅེས་པའི་གྲུབ་པ་གཉིས་མིང་ཡིན་པ་མཚུངས་ཤིང་། བརྗོད་དོན་གོ་བར་བྱེད་ཚུལ་ལ་ཡང་ཁྱད་པར་མེད་མོད། འོན་ཀྱང་སྒྲུབ་པ་དང་པོ་བརྗོད་ཚུལ་ལ་ཡི་གེ་མི་འདྲ་བ་བཞི་ཐོབ་སྟེ། སྔོན་འཇུག་ཡོད་ལ་ཡང་འཇུག་མེད་པ། ཡང་འཇུག་ཡོད་ལ་སྔོན་འཇུག་མེད་པ། ཡང་འཇུག་སྔོོན་འཇུག་གཉིས་ཀ་ཡོད་པ། ཡང་འཇུག་སྔོན་འཇུག་གཉིས་ཀ་མེད་པ་སྟེ་བཞི་ཐོབ་བོ། །དཔེར་ནི་རིམ་པ་བཞིན་དུ། བསྒྲུབ་བྱ། སྒྲུབས་ཤིག བསྒྲུབས་ཟིན། སྒྲུབ་བྱེད་ཅེས་པ་ལྟ་བུའོ། །དོན་གྲུབ་ཅེས་པའི་གྲུབ་པ་བརྗོད་ཚུལ་ལ་སྡེབ་མི་གཅིག་པ་དེ་འདྲ་ཐོབ་ཚུལ་མེད་དོ། །དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྒྲུབ་པ་ནི་བྱེད་པ་པོའི་རྩོལ་བ་ལྟོས་ཏེ་བརྗོད་པའི་མིང་ཡིན་པས། འདི་ལ་བྱ་བྱེད་ལས་གསུམ་དང་འདས་མ་འོངས་སོགས་ཀྱི་ཁྱད་པར་སྦྱར་རྒྱུ་ཡོད་ལ། གྲུབ་པ་ནི་རང་གི་ངང་ཤུགས་ཀྱིས་གྲུབ་པའི་མིང་ཡིན་པས་འདི་ལ་དུས་གསུམ་དང་བྱ་བྱེད་སོགས་སྦྱར་རྒྱུ་མེད་དོ། །དེའི་ཕྱིར་དང་པོ་ལ་ས་མགོ་ཐོབ་པ་དང་གཉིས་པ་ལ་མི་ཐོབ་པའི་གནད་ཀྱང་དེ་ཡིན་ནོ། །དེ་བཞིན་དུ། སྒྲོལ་གྲོལ། བསྒྲེང་འགྲེང་། བསྒྲིག་འགྲིག བསྒྱེལ་འགྱེལ། སྒྱུར་གྱུར། ཟློག་ལྡོག ཟློམ་འདུམ་སོགས་སྦྱར་ཚུལ་མཐའ་ཡས་སོ། །འོན་ཀྱང་བྱེད་པ་པོའི་རྩོལ་བ་ལ་ལྟོས་ཤིང་བྱ་བྱེད་སོགས་བརྩི་རྒྱུ་ཡོད་ཀྱང་། བསྟོད་པར་བྱ་བསྟོད་པར་བྱེད་བསྟོད་པར་བྱས་སོ་བསྟོད་ཅིག་ལྟ་བུ་སྡེབ་མི་འགྱུར་བ་ཡང་ཡོད་པས། དེས་ན་བྱེད་པ་པོའི་རྩོལ་བ་ལ་ལྟོས་པའི་མིང་ལ་ཡི་གེ་བསྒྱུར་དགོས་མི་དགོས་གཉིས་ཡོད་པ་ཡང་ཤེས་པར་བྱའོ། དེར་མ་ཟད་བོད་སྐད་ཀྱིས་མིང་འདོགས་ཚུལ་དུ་མ་ཡོད་དེ། བྱེད་ཚིག་གི་སྒོ་ནས་བརྗོད་ཚུལ། ལས་སམ་བྱ་ཡུལ་གྱི་སྒོ་ནས་བརྗོད་ཚུལ། བྱ་བ་བྱས་པའི་འབྲས་བུའིི་སྒོ་ནས་བརྗོད་ཚུལ། སྐུལ་ཚིག་གིས་བརྗོད་ཚུལ། བྱ་བྱེད་སོགས་གང་དུ་ཡ་མི་གཏོགས་པའི་བརྗོད་ཚུལ་སོགས་ཡོད་པ་ལས། བྱེད་ཚིག་གིས་བརྗོད་པའི་མིང་ནི། སྒྲུབ་ཐབས་ཞེས་པའི་སྒྲུབ་དང་། སྒོམ་ཆེན་པ་ཞེས་པའི་སྒོམ་དང་། འབོགས་ཆོག་ཅེས་པའི་འབོགས་དང་། ཆོས་སྲུང་ཞེས་པའི་སྲུང་སོགས་བྱེད་ཚིག་གི་སྒོ་ནས་བཏགས་པའི་མིང་ཡིན་ཏེ། དེ་རྣམས་རིམ་པ་བཞིན་དུ། བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་ཟིན་སྒྲུབས་ཤིག་དང་། བསྒོམ་བྱ་སྒོམ་བྱེད་བསྒོམས་ཟིན་སྒོམས་ཤིང་དང་། དབོག་བྱ་འབོགས་བྱེད་ཕོགས་ཟིན་ཕོག་ཅིག་དང་། བསྲུང་བྱ་སྲུང་བྱེད་བསྲུངས་ཟིན་སྲུངས་ཤིག ཅེས་པའི་བྱེད་ཚིག་དང་འབྲེལ་གྱི་གཞན་རྣམས་དང་མི་འབྲེལ་བའི་ཕྱིར། དེ་བཞིན་དུ་སྡོམ་པ་འབུལ་བ་འཆད་རྩོོོོོད་རྩོམ་སོགས་ལ་དཔག་སྟེ་ཤེས་པར་བྱའོ། །བྱ་ཚིག་གིས་བཏགསས་པའི་མིང་ནི། བྱིན་བརླབས་ཅེས་པའི་བརླབ། བསྟན་བཅོས་ཞེས་པའི་བསྟན། བསླབ་པ་གསུམ་ཞེས་པའི་བསླབ་པ་ལ་སོགས་པ་ལྟ་བུ་ཡིན་ཏེ། དེ་དག་ཀྱང་རིམ་པ་བཞིན་དུ། བརླབ་བྱ་རློབ་བྱེད་བརླབས་ནས་རློབས་ཤིག་དང་། བསྟན་བྱ་སྟོན་བྱེད་བསྟནད་ཏོ་སྟོནད་ཅིག་དང་། བསླབ་བྱ་སློབ་བྱེད་བསླབས་སོ་སློབས་ཤིག་ཅེས་པའི་བྱ་ཚིག་དང་། འབྲེལ་གྱི་གཞན་རྣམས་དང་མི་འབྲེལ་བའི་ཕྱིར། དེ་བཞིན་དུ་མཉམ་གཞག་དང་གདིང་བ་སོགས་ལ་མཚོན་ཏེ་ཤེས་པར་བྱ། བྱ་བ་བྱས་པའི་འབྲས་བུའམ་འདས་ཚིག་གིས་མིང་བཏགས་པ་ནི། སྡོང་པོ་བཀོད་པའི་མདོ་ཞེས་པའི་བཀོད་པ། དགྲ་བཅོམ་པ་ཞེས་པའི་བཅོམ་པ་ལྟ་བུ་ཡིན་ཏེ། དེ་དག་དགོད་བྱ་འགོད་བྱེད་བཀོད་ཚར་འཁོད་ཅིག་དང་། གཞོམ་བྱ་འཛོམས་བྱེ་བཅོམ་ཟིན་ཆོམས་ཤིག་ཅེས་པའི་འདས་ཚིག་དང་འབྲེལ་གྱི་གཞན་དང་མི་འབྲེལ་བའི་ཕྱིར། སྐུལ་ཚིག་གིས་མིང་བཏགས་པ་ནི། ཡིད་སྲུབས་ཞེས་པའི་སྲུབས། མགུལ་ཆིངས་ཞེས་པའི་ཆིངས། ཟློས་སྐྱོན་ཞེས་པའི་ཟློས་པ་རྣམས་ཡིན་ཏེ། དེ་རྣམས། བསུབ་བྱ་སྲུབ་བྱེད་བསྲུབས་ནས་སྲུབས་ཤིག་དང་། བཅིང་བྱ་འཆིང་བྱེད་བཅིངས་ནས་ཆིངས་ཤིག་དང་། བཟླ་བྱ་ཟློ་བྱེད་བཟླས་ཟིན་ཟློས་ཤིག ཅེས་པའི་སྐུལ་ཚིག་དང་མཐུན་གྱི་གཞན་རྣམས་དང་མི་མཐུན་པའི་ཕྱིར། སྤྱིར་སྐུལ་ཚིག་ལ་སྔོན་འཇུག་མི་དགོས་སོ། །བྱ་བྱེད་སོགས་གང་དུ་ཡང་མི་གཏོགས་པའི་མིང་ནི། བྱིན་རླབས་ཞེས་པའི་རླབས། ཁང་བརྩིགས་ཞེས་པའི་བརྩིགས། དུལ་བ་ཞེས་པའི་དུལ་བ། ཚོང་པ་ཞེས་པའི་ཚོང་དང་བློ་གོམས་པ་ཞེས་པའི་གོམས་རྣམས་ཡིན་ཏེ། དེ་རྣམས། བརླབ་བྱ་རློབ་བྱེད་རླབས་ཟིན་རློབས་ཤིག་དང་། བརྩིག་བྱ་རྩིག་བྱེད་བརྩིགས་ཚར་རྩིགས་ཤིག་དང་། གདུལ་བྱ་འདུལ་བྱེད་བཏུལད་ཏོ་ཐུལད་ཅིག་དང་། བཙོང་བྱ་འཚོང་བྱེད་བཙོངས་ནས་ཚོངས་ཤིག་སོགས་ཀྱི་གང་དུ་ཡང་མི་གཏོགས་པའི་ཕྱིར། དེ་འདྲའི་ཡི་གེ་ཡོད་པ་ལ་བསྙོན་དུ་མེད་དོ། །ནོར་བསོགས་ཞེས་པ་དག་ཡིག་ཟ་མ་ཏོག་ཏུ་བྱུང་ཞིང་། བསོད་སྙོམ་བསོགས་ཞེས་པ་ངག་སྒྲོན་དུ་བྱུང་བས་བསོགས་ཞེས་པ་འདི་གང་དུ་གཏོགས་བརྟག ཡང་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ་ལས། གྲངས་དང་ཕྲེང་བ་ལྟ་བུ་ལ། བསྒྲང་བྱ་སྒྲོང་བྱེད་བསྒྲངས་སྒྲོངས་ཤིག ཅེས་དཔེར་བརྗོད་མཛད་ཀྱང་བརྟག་པར་བྱ་སྟེ། གལ་ཏེ་གྲངས་དང་ཕྲེང་བ་ལྟ་བུ་ལ་ཐམས་ཅད་ས་མགོ་ཅན་ཐོབ་ན། བགྲང་བྱ་བགྲངས་ཞེས་པའང་གདོན་མི་ཟ་བར་ཡོད་པས། དེའི་འཇུག་ས་སྟོངས་པར་འགྱུར་རམ་སྙམ་ཞིང་། ཁྱད་པར་དུ་བསྒྲངས་ཞེས་པ་གང་ཟག་ཕ་རོལ་པོ་ལ་ད་དུང་གྲངས་བསྒྲངས་སུ་བཅུག་པའི་སྐབས་ལ་ཐོབ་འོས་ཀྱི། རང་གིས་གྲངས་འདྲེན་པའིི་སྐབས་ལ་འོས་པ་ཡིན་མིན་ཡང་དཔྱད་པར་འཚལ། གཞན་ཡང་། ལས་སྒྲིབ་པ་ལྟ་བུ་ལ། སྦྱང་བྱ་སྦྱོང་བྱེད་སྦྱངས་ནས་སྦྱོངས་ཤིག་དང་། བློ་དང་སེམས་བསྐྱེད་ལྟ་བུ་ལ། སྦྱང་བྱ་སྦྱོང་བྱེད་འབྱམས་ནས་འབྱོངས་ཤིག ཅེས་ཁྱད་པར་འབྱེད་དམ་སྙམ་པས་དཔྱད། དེ་དག་ལས་བྱེད་ཚིག་གིས་མིང་ཐོབ་པ་ཤིན་ཏུ་མང་། བྱ་ཚིག་གིས་མིང་ཐོབ་པ་དེ་ཙམ་དུ་མི་མང་། འདས་ཚིག་གི་བརྗོད་པ་ཉུང་། སྐུལ་ཚིག་གིས་བརྗོད་པ་ཤིན་ཏུ་ཉུང་བར་བསམས། ཡང་མིང་འགའ་ཞིག་ཡུལ་སྐད་ཀྱི་དབང་གིས་ཡི་གེ་མི་འདྲ་བ་ཐོབ་པ་ཡོད་དེ། དཔེར་ན་སྔ་ཉིན་ལ་ཁར་སང་དང་ཁ་རྩང་། མི་གཙང་བ་ལ་བཙོག་དང་རྩོག་པ། སྲབ་མིན་ལ་མཐུག་དང་འཐུག ཚད་ལོངས་པ་ལ་ལྡང་བ་དང་འདང་བ་ལྟ་བུའོ།།དེའི་ཕྱིར་དེ་ལྟ་བུ་རྣམས་ལ་འདམ་ཁའམ་འདམ་ང་ཅན་ཟེར་ཏོ།
    (གསུམ་པ) ཡི་གེ་བྲི་བའི་ཚུལ་ལ། སྤྱིར་གསུང་རབ་གླེགས་བམ་དུ་བྲིས་པ་དུས་ནམ་གྱི་ཚེ་བྱུང་བ་ཡིན་ཞེ་ན། ལ་ལས་བཀའ་བསྡུ་གསུམ་པའི་སྐབས་སུ་བྱུང་ཞིང་། དེ་ཡན་བཀའ་ཡི་གེར་འཁོད་པ་མེད་པར་འདོད། ཁ་ཅིག་གིས། སངས་རྒྱས་ཞལ་བཞུགས་པའི་དུས་སུ། རྒྱལ་པོ་ཤར་བའི་བཙུན་མོ་སྔོ་བསངས་མ། བུད་མེད་ཀྱི་འཁོར་ལྔ་བརྒྱ་དང་བཅས་པས་མཚན་མོ་སྒྲོན་མེའི་འོད་ལས་སངས་རྒྱས་ཀྱི་བཀའ་བཀླགས་པར་འདུལ་བ་ལུང་ལས་གསུངས་ཞེས་འདོད་པ་གཉིས་ལས། ཕྱི་མ་འཐད་པར་སེམས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་དངོས་སུ་ཞུས་ནས་སྟོན་པའི་སྐུ་བརྙན་དང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ། ཞེས་སོགས་ཀྱི་ཚིགས་བཅད་གཉིས་ཡི་གེར་བྲིས་ནས། རྒྱལ་པོ་ཨུ་ᩫ་ཡ་ན་ལ་སྐྱེས་སུ་བསྐུར་བའི་གཏམ་རྒྱུད་ལྟར་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཡང་བཀའ་ཡི་གེར་འཁོད་པ་ཡོད་དོ། །དེ་ལྟ་བུ་ཡི་གེ་འབྲི་བའི་ཚུལ་ལ། ཐིག་ཅན་བྱུང་ན་ཤིན་ཏུ་ལེགས་ཤིང་། དེ་མིན་ནའང། ཇི་སྐད་དུ། ཐིག་བཏབ་གྲུ་བཞི་སྒྲོམ་བཙལ་ཏེ། གྲུ་ཕྱིན་སྣག་རོ་མེད་པ་དང་། དཀར་ཆེ་ཁོངས་ཡངས་ཆེ་སྙོམས་དྲང་། ཐམས་ཅད་གྲུ་བཞི་ཟུར་དོད་ལེགས། ཞེས་པ་ལྟར་གྱི་གཟབ་མའམ། གཤར་མ་ལ་ཡང་འབྲུ་ཚ། ཚེག་སྒྲིག་ཟླུམ་བྲི་སོགས་ཡི་གེ་གང་བྲི་ཡང་ཐམས་ཅད་ཐོབ་དག་པ་ཚུགས་ལེགས་པར་དགོས་ཤིང་། དེ་ཡང་ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་རྣམས་རྐང་པ་ཅན་གྱི་ཡི་གེ་དགུ་ཞེས་གྲགས་པ་ལྟར་ཡི་གེ་གཞན་རྣམས་ལས་རྐང་པ་ཅུང་རིང་བ་དགོས། ང་མཐའ་ཅན་གྱི་གཅོད་མཚམས་སུ་ཚེག་དང་ཤད་གཉིས་ཀ་བྲི། འདི་ལ་ཤད་གོང་རྣམས་སུ་ཕྱི་ཚེག་སྤང་ཞེས་པིའི་བརྡའ་སྦྱར་བ་མི་ལེགས། སྤྱིར་ཚིགས་བཅད་ལ་ཉིས་ཤད་དགོས་ཀྱང་། དམིགས་བསལ་ཀ་ག་ཤ་གསུམ་གྱི་མཐར་ཆིག་ཤད་དགོས། གཅོད་མཚམས་ན་རོ་ཅན་གྱི་མཐར་ཉིས་ཤས་ཐོབ། འདི་ལ་སླར་བསྡུའམ་ཟླ་སྡུད་ཀྱང་ཟེར། ལེའུ་རྫོགས་མཚམས་སུ་བཞི་ཤད་དང་། ས་བཅད་ཆེན་པོ་རྫོགས་མཚམས་སུ་སྦྲུལ་ཤད་དང་། ཐིག་མགོར་ཡི་གེ་གཅིག་ལུས་ཚེ་རིན་ཆེན་སྤུངས་ཤད་དང། དོན་ཚན་ཆེན་པོ་རྫོགས་མཚམས་སུ་ལེའུ་ཞེས་བྱ་ཞིང་། ལེའུ་དང་། རབ་བྱེད་དང་། ས་རྒ་དང་། དུམ་བུ་དང་། རྟོག་པ་དང་། བརྟག་པ་རྣམས་མིང་གི་རྣམ་གྲངས་སུ་ཡང་འཇུག ཡི་གེ་འགའ་ཞིག་གི་དམིགས་བསལ་ནི། སྟག་ལྤགས་ཟེར་བ་ལྟ་བུ་རྣམ་དབྱེ་དྲུག་པ་དབྱི་བའི་སྐབས་སུ་ལ་ལྤགས་ཐོབ་ལ། སྟག་གི་པགས་པ་ཞེས་རྣམ་དབྱེ་དྲུག་པ་དང་འབྲེལ་ཚེ་པ་རྐྱང་ཐོབ་པ་དང་། དེ་བཞིན་དུ་སོག་ཚ་རྒྱ་ཚ་ཞེས་ཚིག་གྲོགས་དང་བསྡེབ་ན་འོག་ཏུ་ལྦ་ཡིག་མི་འདོགས་ཤིང་། སོག་པོའི་ཚྭ་རྒྱ་མཚོའི་ཚྭ་ཞེས་པའམ་ཚྭ་མིང་ཚིག་རྐྱང་བྲི་བའི་སྐབས་སུ་ཝ་ཡིག་འདོགས་པ་མཁས་པའི་ལུགས་དང་། སྐད་ཅིག་ཐང་ཅིག་ལྷན་ཅིག་ཅེས་པའི་ཅིག་སྒྲ་གྲངས་ཀྱི་གཅིག་ཡིན་ཡང་གས་འཕུལ་མེད། དེ་བཞིན་དུ་སུམ་ཅུ་སུམ་བརྒྱ་སུམ་འགྱུར་སུམ་བརྩེགས་སུམ་རྩེན་རྣམས་ཀྱི་སུམ་དང་། ཉིས་འགྱུར་ཉིས་བརྩེགས་རྣམས་ཀྱི་ཉེས་དང་། དྲུག་ཅུ་བདུན་ཅུ་བརྒྱད་ཅུ་རྣམས་ཀྱི་ཅུ་ཡིག་སོགས་ལ་འཕུལ་མེད་པ་བཀས་བཅད་སྔོན་མའི་ལུགས་དང་། བཟང་བ་དཀར་བ་རྒྱལ་བ་ལྟ་བུ་ང་ར་ལ་གསུམ་གྱི་རྗེས་སུ་བ་ཕྱེད་ཝ་རུ་འབོད་པ་ཐོབ་ཀྱང་། བཟང་པོ་དཀར་པོ་རྒྱལ་པོ་ཞེས་ན་རོ་སྦྱར་ཚེ་པོ་ཡིག་ཐོབ་པ་མཁས་པ་སྤྱིའ་ལུགས་ཡིན། རྐང་པ་སྟོང་པ་སོགས་དམིགས་བསལ་དང་། ཡུལ་པ་ཞེས་པ་བདག་པོའི་ཚིག་གི་སྟོབས་ཀྱིས་པ་ཡིག་ཐོབ་པ་ཡིན་ལ། སྤྱིར་སུམ་རྟགས་གཉིས་ཀྱི་ནང་ནས་རྟགས་འཇུག་གི་དོན་དཀའ། དེའི་ནང་ནས་ཀྱང་སྔོན་འཇུག་གི་སྐབས་སུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་ཚིགས་བཅད་འདི་དང་། རྗེས་འཇུག་གི་སྐབས་སུ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །མོ་ཡིས་མོ་ཡི་མིང་མཐའ་དྲངས། །མ་ནིང་གིས་ནི་མ་ངོ། །ཞེས་པའི་ཚིགས་བཅད་འདི་གཉིས་དཀའ་ཞིང་། ཁྱད་པར་དུ་ཚིགས་བཅད་ཐ་མའི་དོན་ལ། སྙེ་ཐང་པ་གྲགས་པ་སེང་གེའི་དག་ཡིག་གང་གཱའི་ཆུ་རྒྱུན་སོགས་ལས། ན་ཡིག་དང་མ་ཡིག་གི་མཐའ་རྟེན་གྱིས་མོ་ཡིག་དྲངས་པའི་དཔེར་བརྗོད་དུ། ཡིན་པ་བཅོམ་བ་ཞེས་བ་ཕྱེད་ཝ་རུ་འབོད་པ་བཀོད་གནང་བ་རྟགས་འཇུག་གི་ཚིག་ཟིན་དང་མཐུན་མོད་དེང་སང་སུས་ཀྱང་ཁས་མི་ལེན་པས་དཔྱད་པར་བྱ། དྲི་བ་དྲིས་པ་དང་རྩོད་པ་འཛུགས་པའི་སྐབས། སུ་ཅི་ལྟར་ཞེས། སྡེ་པ་གཉིས་པི་དང་པོ་ཅ་ཡིག་ཐོབ། དཔེར་མཚོན་པའི་སྐབས་སུ་ཇི་ལྟར་ཞེས། སྡེ་པ་གཉིས་པའི་གསུམ་པ་ཇ་ཡིག་ཐོབ་སྟེ། དཔེར་ན་སྒྲ་རྟག་པ་ཡིན་ཟེར་བ་ཅི་ལྟར་ཡིན། དེ་ཅི་ལྟར་འགོག་ཅེས་བྲི་དགོས། སྒྲ་མི་རྟག་པ་ཇི་ལྟ་བར་བུམ་པ་ཡང་མི་རྟག་གོ་ཞེས་བྲི་དགོས་སོ། །འདི་ཙམ་གྱི་གནད་ཤེས་མཁན་ཡང་སྲིད་མཐའ་རུ་སྣང་ངོ་། །དེ་ལྟར་ཤེས་བྱ་རེ་ལ་མིང་རེ། མིང་རེ་ལ་ཡི་གེ་མི་འདྲ་བ་རེ་ཡོད་པས་བོད་ཀྱི་ཡི་གེ་ལ་ཟད་མཐའ་མེད་པས་ཞིབ་ཏུ་བསླབ་དགོས་སོ། །ཡི་གེ་ལ་མཁས་པར་སྦྱངས་པའི་ཕན་ཡོན་ནི། ཞ་ལུ་ལོ་ཆེན་གྱི་ཞལ་ནས། དོན་འདི་ཁོང་དུ་ཆུད་པའི་མི། མང་པོ་འདུས་པའི་ནང་དག་ཏུ། མཁས་པའི་སྟན་ལ་འདུག་པར་དབང་། ཞེས་གསུངས་པ་ལྟར། མཁས་མང་ཚོགས་པའི་དབུས་སུ་སྨྲ་ལ་དབང་བའི་རྒྱལ་པོར་འགྱུར་རོ།

སྨྲས་པ།
    ཚོགས་གསུམ་འོད་ཀྱིས་བཀྲ་བའི་སྒྲོན་མེ་མཆོག།། དམིགས་མེད་ཐུགས་རྗེའི་ཕྱག་གིས་རབ་བཏེགས་ཏེ། ། མཐའ་འཁོབ་མུན་སྟུག་བསལ་མཛད་ལོ་པ᪅་དྲིན། །ཤིན་ཏུ་ལྗིད་དོ་མི་སྐྱུད་དྲན་པར་རིགས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་ཚིག། ། ཀཱ་ལི་སུམ་ཅུར་བསྡུས་ལ་ངོ་མཚར་ཅི། ། མཐའ་ཀླས་མིང་ཡིག་སོ་སོར་འཇུག་པའི་ཚུལ། །བདག་བློ་ཁབ་མིག་ལྟ་བུར་ཤོང་བ་མཚར། །མདོ་རྒྱུད་ཀུན་ལ་ནང་བྱན་ཆུད་སྟབས་ཀྱིས། །དོན་ལྡན་མཁས་པའི་གྲལ་འགོ་མ་ཐོབ་ཀྱང་། ། ཡི་གེའི་འཇུག་ཚུལ་ཇི་བཞིན་ཤེས་ཙམ་གྱིས། ། མཁས་མང་འདུན་སར་བག་ཕེབས་སྡོད་ལ་དབང་། །མིང་ཚིག་ཡི་གེའི་ཤེལ་གྱི་རྩིག་ངོས་ལ། །སུམ་རྟགས་ལང་གའི་བདག་པོའི་གཟུགས་བརྙན་འབུམ། །དངོས་བཏགས་དབྱེ་བསྲེས་དཀའ་བ་དཔྱོད་མཁས་པའི། །བདག་བློ་ཧ་ནུ་མནྠ་མིན་པ་སུ། །མིང་གི་འཇུག་པའི་རིན་ཐང་བྲལ་བའི་ནོར། ། བདག་ཡིད་མཚོ་རུ་སྤྱིང་ན་མིང་རུང་ཞེས། །ཀུན་ཀྱིས་སྤྱད་ཕྱིར་གསར་བསྒྲིགས་རྒྱལ་མཚན་རྩེར། །བཀོད་ནས་རིས་མེད་མཆོད་སྦྱིན་སྤེལ་བར་འདོད།། ཚུལ་འདི་ཤེས་པ་གལ་ཆེར་མཐོང་ནས། །ཡང་ཡང་ཞིབ་ཏུ་སྦྱངས་པའི་འབྲས་རྟགས་སུ། དཀར་འཇམ་ཤོག་ངོར་སུག་པའི་འདུ་བྱེད་ཀྱིས། བསྟན་བཅོས་གསར་བའི་ཕྱི་མོ་འདི་བསྐྲུན་ཏོ།། རྣམ་དག་རྩོམ་ལ་གསར་དུ་འཇུག་པ་དང་། །སྔ་མའི་གཞུང་ལ་ཞུས་ཆེན་བྱེད་པ་དང་།། ལུང་གི་བསྟན་པར་གད་གཙང་བགྱིད་འདོད་ན། །ལེགས་བཤད་འདི་ལ་གཟུ་དཔང་བསྟེན་ཀྱང་ཆོག ། ཚུལ་འདིར་ཞུགས་པའི་སྒོ་གསུམ་རྣམ་དཀར་མཐུས། །མཐའ་ཀླས་ཆོས་ཚུལ་དུ་མའི་སྒོར་ཞུགས་ཏེ། །གཞན་དྲིང་མི་འཇོག་སྤོབས་པ་ཟབ་མོ་ཡིས། །དོན་གྱི་སྙིང་པོ་མཆོག་ལ་སྤྱོད་པར་ཤོག །ཚད་མེད་བཞི་ཡི་དཔུང་གི་བཀོད་པ་ཡིས། །ཡིད་སྲུབས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་རྩེར། །སྐུ་བཞི་ཡིད་བཞིན་ནོར་བུའི་ཏོག་བཀོད་དེ། མཛད་མེད་ཆོས་སྦྱིན་ཀུན་ལ་སྟོབ་གྱུར་ཅིག །ཅེས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ་འདི་ནི་ལྷ་ལྡན་གྲྭ་སྐོར་པ་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་བགྱིས་པའོ།། །།
 

སྔོན་མ།
རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་༢༠༡༤ ཡི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས།
Menu