ཟླ་རེའི་གསར་འགྱུར།

ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་གནས་ཚུལ་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༨ ཉིན་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཌལ་ཧོར་གཏན་སློབ་ཀྱི་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མགོན་པོ་གང་ཉིད་མཆོག་བཞུགས་གནས་མགྲོན་ཁང་ནས་ས་གནས་འགོ་འཛིན་དང་སློབ་སྤྱི། རེག་ཊར་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་རྩེད་ཐང་དུ་༸ཞབས་སོར་འཁོད་སྐབས་སློབ་ཕྲུག་གཉིས་ཀྱིས་གྲོ་སོ་ཕྱེ་མར་དང་སློབ་ཕྲུག་ཁག་ཅིག་གིས་བཀྲ་ཤིས་ཞོལ་པ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་མོའི་འཁྲབ་སྟོན་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ངང་ཐང་ཆེན་གྱི་བཞུགས་སྟེགས་སུ་༸ཞབས་སོར་འཁོད་གྲུབ་མཚམས་སློབ་ཕྲུག་དང་སློབ་ཟུར་རྣམ་པས་རིམ་བཞིན་རུ་སྒྲིག་སྤྱན་བསྟར་ཞུས་ཡོད། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང། དེ་རྗེས་བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་སློབ་སྤྱིས་ལས་བསྡོམས་སྙིང་བསྡུས་ཤིག་༸སྙན་སྒྲོན་ཞུས།
    དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེར་འདུས་སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སྐུ་ཚབ་དང། སློབ་སྤྱི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་གཙོས་དགེ་ལས་སློབ་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས། ཤེས་རིག་སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དགེ་ལས་རྣམ་པ། འབྲེལ་ཡོད་མི་སྣ་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་བའི་ཐོག་ནས་འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་སྐབས་བཅུ་བཞི་པ་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
    བོད་ས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་ཐུག་པ་རེད། དེ་ནས་༸གོང་ས་མཆོག་གིས་ནེ་རུ་(Pandit Nehru)མཆོག་དང་མཇལ་འཕྲད་མཛད་སྐབས་ནེ་རུར་བོད་པའི་ཕྲུ་གུར་ཤེས་ཡོན་གྱི་མཐུན་རྐྱེན་བསྐྲུན་གནང་ཡོང་བའི་འབོད་སྐུལ་མཛད་པ་ལྟར་ཁོང་གིས་ཀྱང་སྐབས་དེར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་དགོས་བྱུང་ན། བོད་པའི་ཕྲུ་གུ་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་དགོས་སྐོར་སྙན་སྒྲོན་ཞུས་ཡོད། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བོད་མིར་གཞིས་ཆགས་ཀྱི་མཐུན་རྐྱེན་བསྐྲུན་པར་བརྟེན་དེང་སྐབས་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་མང་ཆེ་བ་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནས་ཐོན་ཡོད་པ་མ་ཟད། ད་ལྟའི་བཀའ་བློན་ནང་ལ་ཆ་བཞག་ན་བཀའ་བློན་གསུམ་ཌལ་ཧོར་གཏན་སློབ་ནས་སློབ་ཐོན་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
    དེ་ནས་༸གོང་ས་མཆོག་གིས་ཌལ་ཧོར་གཏན་སློབ་འགོ་འཛུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དེབ་(souvenir)ཞེས་པ་དང། དེ་བཞིན་ཌལ་ཧོར་ས་གནས་ཀྱི་མཁས་དབང་ཨེས་ཀེ་དྷི་མན་( Dr.S.K Dhiman,SDM) ལགས་ཀྱིས་མཛད་པའི་དེབ་(Wild life of Himachal )ཞེས་པ་གཉིས་དབུ་འབྱེད་མཛད་ཡོད། དེ་རྗེས་སློབ་ཟུར་རྣམ་པའི་སྐུ་ཚབ་རྣམ་རྒྱལ་ཤསྟྲི་ལགས་དང་ཐུབ་བསྟན་ལུང་རིགས་ལགས་རྣམ་གཉིས་ཀྱིས་ཤིས་བརྗོད་༸སྙན་སྒྲོན་དང་སློབ་ཟུར་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཕྱག་རྟགས་གསེར་ཀོང་འབུལ་ལམ་ཞུ་རྒྱུ་དེ་བཞིན་སློབ་ཟུར་གྱི་སྐུ་ཚབ་གཉིས་ནས་འབུལ་ལམ་ཞུས་ཡོད། དེ་བཞིན་སློབ་ཟུར་རྣམས་ཀྱིས་རྒྱ་གར་གཞུང་དམངས་དང་སློབ་སྤྱི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འབུལ་རྒྱུའི་ཕྱག་རྟགས་དེ་༸གོང་ས་མཆོག་གིས་བྱམས་བརྩེའི་ཕྱག་ཟུང་བརྒྱུད་ནས་གསོལ་རས་སྩལ།
   དེ་ནས་སྲིད་སྐྱོང་མཆོག་གིས་ཌལ་ཧོར་གྱི་དགེ་ལས་དང་སློབ་སྤྱི་ཟུར་པ་རྣམས་ལ་དཀར་གཙང་མཇལ་དར་དང་ཤོལ་རེར་གནང་གྲུབ་མཚམས་༸གོང་ས་མཆོག་གིས་དེར་འདུས་མི་མང་སོགས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ནས་སློབ་ཕྲུག་དང་ས་གནས་བོད་མི་དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་མཚམས་སློབ་གྲྭའི་རེག་ཊར་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དངོས་གཞིའི་མཛད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་བ་དང། དེ་ནས་མགོན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་གྲུབ་བསྟུན་སློབ་ཟུར་རིམ་ཐོན་ཁག་སོ་སོ་དང་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་མཉམ་དུ་ཡང་སྐུ་པར་ལྷན་སྒྲོན་མཛད་དེ་སློབ་ཟུར་རྣམས་ལ་བཀའ་སློབ་ཀྱང་སྩལ་ཡོད།
    ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་མགོན་པོ་གང་ཉིད་མཆོག་ (Dalhousie Public School)སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དེ་གའི་སློབ་ཕྲུག་དང་ཉེ་འཁོར་ནས་ཆེད་བཅར་ཞུས་པའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་སེམས་ཀྱི་སློབ་གསོ་(Educating the heart)སྐོར་ལ་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་ཏེ་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།

ཡོངས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
གཞི་རིམ་གོང་མའི་ལུས་སྦྱོང་དང་། འཕྲོད་བསྟེན། ཟློས་གར་བཅས་ཀྱི་བསླབ་གཞི་རྩ་འཛིན་ཚོགས་འདུ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu