ཟླ་རེའི་གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྦེལ་ཀོབ་བོད་ཁྱིམ་དུ། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༤ ནས་ ༡༠ བར་ཉིན་གྲངས་བདུན་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གནང་ཡོད་པ་དང་། རིགས་ལམ་འདུ་འཛོམས་ཀྱི་དགོས་དམིགས་གཙོ་བོ་ནི་བོད་རིགས་སློབ་མའི་ཁྲོད་རིགས་ལམ་ལ་དོན་གཉེར་སླེབས་ཆེད་ཡིན་འདུག
ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་གྲངས་ ༡༦ དང་། སྦེལ་ཀོབ་ཉིན་སློབ་དང་སི་ཝི་པི་ཉིན་སློབ་གཉིས་ནས་སློབ་མ་གྲངས་ ༡༦། མོན་གྷོ་གཏན་སློབ་ནས་སློབ་མ་གྲངས་ ༨། ཀོ་ལི་གྷལ་ཉིན་སློབ་ནས་སློབ་མ་གྲངས་ ༨། ཧུན་སུར་ཉིན་སློབ་ཀྱི་སློབ་མ་གྲངས་ ༨། ཨོ་རི་ས་ཙནྡྲ་གྷི་རི་ཉིན་སློབ་ནས་སློབ་མ་གྲངས་ ༨། སཾ་བྷོ་ཊ་མོན་གྷོ་ཉིན་སློབ་ནས་སློབ་མ་གྲངས་ ༦ བཅས་ཁྱོན་བསྡོམས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་གྲངས་ ༧༠ དང་། ལྟ་གྲུབ་སློབ་དཔོན་གྲངས་ ༨ མཉམ་ཞུགས་གནང་།
ཉིན་གྲངས་བདུན་རིང་གི་རིགས་ལམ་འདུ་འཛོམས་སྐབས་གཏན་ཉིན་སློབ་གྲྭ་ཁག་ནང་ཁུལ་རྟགས་གསལ་གཏོང་རེས་དང་། དེ་བཞིན་ལྟ་གྲུབ་སློབ་དཔོན་རྣམས་ཀྱིས་སློབ་ཕྲུག་ཚོར་རྟགས་གསལ་གཏོང་རྒྱུའི་སློབ་ཚན་སྤྲད་དེ་ས་གནས་སུ་ཡོད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་དང་མཉམ་དུ་རྟགས་གསལ་གཏོང་རེས་བྱས་ཡོད་འདུག་པ་མ་ཟད། རིགས་ལམ་འདུ་འཛོམས་དབུ་འབྱེད་དང་མཇུག་སྒྲིལ་གྱི་མཛད་སྒོར་སློབ་ཕྲུག་རྣམས་ཀྱི་རྟགས་གསལ་བཏང་འདུག
ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་རིགས་ལམ་ལ་དོ་དབྱིངས་དང་སྤྲོ་སྣང་སྤེལ་ཆེད་ཐེངས་འདིའི་རིགས་ལམ་འདུ་འཛོམས་ནས་བཟུང་འབྱུང་འགྱུར་རིགས་ལམ་འདུ་འཛོམས་སྐབས། རྟགས་གསལ་གཏོང་མཁན་སློབ་ཕྲུག་རྩེ་ཕུད་ལ་ཤེས་རིག་ལས་ཁུངས་ནས་གསོལ་རས་བྱ་དགའ་ཧིན་སྒོར་ ༥༠༠༠ གནང་རྒྱུ་མ་ཟད། འབྲེལ་ཡོད་སློབ་གྲྭ་ལའང་གཟེངས་ཐོན་གྱི་ཕྱག་ཁྱེར་གནང་རྒྱུ་གཏན་འབེབས་གནང་འདུག
 ཐེངས་འདིའི་རིགས་ལམ་འདུ་འཛོམས་ཐོག་སྦེལ་ཀོབ་བོད་ཁྱིམ་གྱི་ཨང་རིམ་རྩེ་ཕུད་སོན་ཡོད་པ་དང་། ཨང་གཉིས་པ་མོན་གྷོ་གཏན་སློབ་ལ་ཐོབ་ཡོད། རྩེ་ཕུད་སོན་པའི་སློབ་གྲྭ་ལོ་རྗེས་མའི་རིགས་ལམ་འདུ་འཛོམས་ཐོག་མཉམ་ཞུགས་གནང་ཆོག་ཡོད་འདུག
རིགས་ལམ་འདུ་འཛོམས་དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། སྐུ་མགྲོན་དུ་སྦེལ་ཀོབ་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི། སྦེལ་ཀོབ་ས་གནས་སློབ་ཁག་གི་སློབ་སྤྱི། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འབྲེལ་མཐུད་པ། བདེ་སླར་དང་ལུགས་བསམ་གྱི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་བཅས་ཕེབས་པ་མ་ཟད། སྐུ་མགྲོན་གཙོ་བོ་མཆོག་གིས་རིགས་ལམ་ཉམས་ལེན་བྱེད་རྒྱུའི་དགེ་མཚན་དང་། མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་།
གཞན་ཡང་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་རིགས་ལམ་ནི་སློབ་མ་རྣམས་ཀྱི་སེམས་ཀྱི་འཚར་ལོངས་ལ་ཕན་ཐོགས་ཡོད་པ་མ་ཟད། གཟུགས་པོའི་འཚར་ལོངས་ལའང་ཕན་ཐོགས་ཡོད་སྐོར་གསུངས་པ་དང་སྦྲགས། རིགས་ལམ་ཉམས་ལེན་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་གལ་གནད་སྐོར་གསུང་བཤད་གནང་ཡོད།
ཐེངས་འདིའི་རིགས་ལམ་འདུ་འཛོམས་ཀྱི་དཔལ་འབྱོར་མཐུན་འགྱུར་གནང་མཁན་DANIDA (Danish International Development Assistance) ཞེས་པའི་ཌེན་མཀ་རོགས་ཚོགས་ཡིན་འདུག །

སྔོན་མ།
དགེ་རྒན་ཁག་གཅིག་ལ་ཡོངས་སྒྲིལ་ཤེས་ཡོན་ཟབ་སྦྱོང་གནང་བ།
ཕྱི་མ།
ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་།
Menu