ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་སྡེ་ཁག་གི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཀའ་ཤག་ཚོགས་ཁང་དུ་སློབ་གྲྭའི་སྡེ་ཁག་གི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཤེས་རིག་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་དང་དྲུང་ཆེ་གཞོན་པ་དགེ་འདུན་རིན་ཆེན་ལགས། རྡ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། རྡ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས། རྡ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་གཞོན་པ་བསོད་ནམས་དཔལ་སྐྱིད་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་ང་ཚོའི་སློབ་གྲྭའི་སྡེ་ཁག་གི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་རྒྱུ་དེ་གལ་ཆེན་པོ་ཞིག་རྩིས་ཏེ་ཕེབས་རོགས་ཞེས་ཞུས་པ་ནང་བཞིན་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐུ་ཚབ་བོད་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་གཙོས་པའི་ཁོང་རྣམ་པ་གསུམ་ཕེབས་ཡོད། དེ་བཞིན་མ་སུ་རི་བོད་ཁྱིམ་ནས་དྲུང་ཆེ་དང་དྲུང་ཆེ་གཞོན་པ། སཾ་བྷོ་ཊ་བོད་སློབ་ནས་སྐུ་ཚབ་གསུམ། ཤེས་རིག་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་བཅས་འཛོམས་ཡོད། དེ་རིང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་བཀའ་མོལ་གང་ཞུས་པ་ཡིན་ནའང་དེ་དག་ཚང་མ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་ལ་སླེབ་ཀྱི་ཡོད། ཐག་གཅོད་མང་པོ་བྱེད་དགོས་པའི་གནས་སྟངས་ཤིག་ལའང་སླེབ་ཀྱི་འདུག དེ་རིང་གོ་བསྡུར་ལྷུག་པོ་གནང་སྟེ་ཚང་མར་ཕན་པའི་ཐབས་ལམ་ཞིག་བཏོན་ཐུབ་པ་ཡིན་ན། མ་འོངས་པར་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སྤྲད་རྒྱུའི་ཐོག་འཐུས་ཤོར་མེད་པར་ཚགས་ཚུད་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

ད་རེས་ཚོགས་འདུ་ཚོགས་དགོས་པའི་གནས་སྟངས་ཇི་ལྟར་སླེབས་པའི་སྐོར་ཞུ་རྒྱུ་དང་། བཀའ་ཤག་སྐབས་ ༡༦ པས་འགན་འཁུར་ནས་གནད་དོན་འདི་དང་འབྲེལ་བའི་ལས་དོན་གང་དང་གང་སྒྲུབ་ཡོད་མིན་སྙིང་བསྡུས་ཤིག་ཞུས་པ་ཡིན་ན། བཀའ་ཤག་སྐབས་ ༡༦ པས་ལས་ཀ་གང་ཞིག་བྱས་པ་ཡིན་ནའང་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་མ་འོངས་པར་གོམ་པ་ཇི་ལྟར་བརྒྱབ་དགོས་མིན་གཏན་འབེབས་བྱ་རྒྱུ་དང་། སྤྱི་སྙོམས་དྲང་བདེན་ཞེས་པ་ནི་ལས་ཀ་གང་བྱས་པ་ཡིན་ནའང་ཚང་མ་གཅིག་མཚུངས་བྱེད་དགོས་པ། སྤྱི་སྙོམས་དྲང་བདེན་གྱི་གཞི་རྩ་འཇོག་ས་ནི་ཁྲིམས་དང་སྒྲིག་གཞིའི་སྟེང་འཇོག་དགོས་པ་ལས་གཞན་ཐབས་ལམ་གང་ཡང་མེད། ལས་ཀ་ཇི་འདྲ་ཞིག་བྱེད་པ་ཡིན་ནའང་ཁྲིམས་སྒྲིག་དང་མཐུན་པ་འགྲོ་དགོས་རྒྱུ་གནད་འགག་ཆེན་པོ་ཞིག་རྩི་བཞིན་ཡོད།

དེ་བཞིན་ང་རང་ཚོ་ཚང་མ་སྤྱི་ཚོོགས་གཅིག་རེད། ལས་ཀའི་ངོ་བོ་དང་སྒྲིག་འཛུགས་ཀྱི་ཐ་སྙད་མི་འདྲ་བ་ཕྲན་བུ་ཡོད་པ་མ་གཏོགས་ཚང་མའི་དམིགས་ཡུལ་ནི་བོད་སྤྱི་པར་ཕན་ཐོགས་བསྒྲུབ་རྒྱུ་དེ་རེད། ལྷག་པར་ཤེས་ཡོན་སློབ་གསོ་དང་འབྲེལ་བ་ཡོད་པ་བོད་མི་རིགས་ཀྱི་གཞོན་སྐྱེས་གསར་པ་དེ་དག་གསོ་སྐྱོང་བྱེད་རྒྱུ་དང་མི་བཟང་པོ་ཞིག་བཟོ་ཐུབ་རྒྱུ། བོད་སྤྱི་པར་ཞབས་ཕྱི་ཞུ་ཐུབ་མཁན་ཤ་སྟག་བཟོ་རྒྱུའི་ཆེད་དུ་ལས་འགན་བསྒྲུབས་ཡོད་པ་མ་ཟད། མ་འོངས་པར་མཇུག་སྐྱོང་སྟེ་ལས་འགན་ཧུར་ཐག་གནང་དགོས་ཀྱི་ཡོད་སྟབས། ནུས་པ་མཉམ་དུ་མ་སྤུངས་པར་ཚན་པ་དང་སྡེ་ཁག་སོ་སོའི་ཁེ་ཕན་ཁོ་ནར་བལྟས་པ་ཡིན་ན། མ་འོངས་པར་སླེབ་ས་གང་ཞིག་ལ་སླེབ་གྲབས་ཡོད་ན་སྙམ་པའི་སེམས་ཁྲལ་ཤུགས་ཆེན་པོ་ཞིག་ཡོང་བཞིན་ཡོད་སྟབས་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཁྱིམ། སཾ་བྷོ་ཌ་བཅས་ཀྱིས་ལས་དོན་བྱེད་ཕྱོགས་དེ་དག་མ་འོངས་པར་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྡེ་ཁག་སོ་སོ་ཡིན་ནའང་ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས་པ་གལ་ཆེན་པོ་མཐོང་བཞིན་འདུག

གསུམ་པ་ནི། མ་འོངས་པར་གོམ་པ་མདུན་པ་སྤོས་ཟེར་རྒྱུ་དེ་རེད། དེ་སྔ་ཡིན་ནའང་ཤེས་རིག་ལས་ཁུངས་དང་ལྷན་ཚོགས་འདུ་ཚོགས་པ་དེ་འདྲ་ཏན་ཏན་བྱུང་ཡོད་ཀྱི་རེད། སྐབས་དེ་དུས་བཀའ་མོལ་གང་བྱུང་ཡོད་ནའང་མཐའ་མའི་མཇུག་འབྲས་སྐོར་ཤེས་རིག་དྲུང་ཆེས་གསུངས་པ་ནང་ལྟར་སྡེ་ཁག་སོ་སོའི་ནང་ད་བར་གང་གནང་ཡོད་པའི་ལས་བསྡོམས་སྙན་སྒྲོན་གནང་ཡོང་གི་རེད། འོན་ཀྱང་གལ་ཆེ་བ་ནི་མ་འོངས་པར་གོམ་པ་ཇི་ལྟར་བརྒྱག་གི་ཡིན། མདུན་སྤོས་ཇི་ལྟར་རྒྱག་གི་ཡིན་ཟེར་རྒྱུའི་སྟེང་དུས་ཚོད་མང་བ་བཏང་དགོས་ཀྱི་ཡོད། དེར་བརྟེན་བཀའ་ཤག་སྐབས་ ༡༦ པས་གྲངས་ཐོ་ཧ་ཅང་གལ་ཆེན་པོ་རྩི་ཡི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།

སྔོན་མ།
༢༠༢༢ ལོའི་ UWC སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་བ།
Menu