ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༥ ཉིན་ཕ་མའི་ཉིན་མོ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་གསོ་སྐྱོང་ཚད་ལྡན་ཡོང་བར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སུ་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུས།

ལས་གཞི་འདིའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་ནི། སྐྱེ་འགྲོ་ཀུན་ལ་ཕན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་མཛད་པ་བཞིན་བོད་མི་རྣམས་ནས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་རྒྱུ་དེ་ཡིན། དེ་བཞིན་འཕྲལ་གྱི་དམིགས་ཡུལ་ནི། བོད་རིགས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བོད་ཕྲུག་ཚོར་བོད་པའི་བསམ་བློ་དང་བོད་པའི་སྐད་ཤོད་ཐུབ་པ། ཕྲུ་གུའི་ལུས་ངག་ཡིད་གསུམ་གྱི་འཚར་ལོངས་ལ་དོ་སྣང་སྤྲོད་ཐུབ་པ། ཕྲུ་གུའི་འཚར་ལོངས་ནང་མ་སྐད་ཧ་ཅང་གལ་ཆེན་པོ་ཡིན་པ་ཚོར་ཐུབ་པ། ཕྲུ་གུ་ཚོའི་མི་ཚེ་དོན་དང་ལྡན་པ་ཡོང་ཐབས། ལྷག་པར་བོད་ཕྲུག་རྣམས་མ་འོངས་པར་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐུབ་མཁན་ཆགས་ཐུབ་པའི་ཆེད་དུ་ཡིན།

ལས་གཞི་འདིའི་ནང་ཕྲུ་གུ་གསོ་སྐྱོང་ཐོག་མཁས་པ་དང་ཁྱད་ལས་པ་རྣམས་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། དེ་ནས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་རྣམ་དཔྱོད་ལྡན་པའི་བོད་རིགས་ཕ་མ་རྣམས་ནས་རང་གི་ཕྲུ་གུ་གསོ་སྐྱོང་གནང་སྟངས་ཐོག་ཉམས་མྱོང་སྤེལ་རེས་གནང་རྒྱུ་དང་། ཕྲུ་གུ་རྣམས་ལའང་རང་གི་ཚོར་བ་དང་ཉམས་མྱོང་གླེང་བའི་སྡིངས་ཆ་ཞིག་ཡོང་བར་དམིགས་པ་ཡིན།

རིམ་པས་གླེང་སྟེགས་འདིར་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་རྩོམ་ཡིག་དང་དཔེ་དེབ་ཇི་ཡོད་མང་ཚོགས་ལ་ངོ་སྤྲོད་ཞུ་རྒྱུ་དང་། ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་རྩོམ་ཡིག་དང་དཔེ་དེབ་པར་སྐྲུན་དང་བསྐྱར་སྐྲུན་ཞུ་རྒྱུ་བཅས་ཡིན།

ཕ་མའི་ཉིན་མོ་འདི་ནི་གཅིག་ནས་ཕྲུ་གུ་ཚོས་ཕ་མའི་བཀའ་དྲིན་དྲན་གསོ་དང༌། གཉིས་ནས་ཕ་མ་དང་། སློབ་ཕྲུག དགེ་རྒན་རྣམས་སློབ་གྲྭར་འཛོམས་ཏེ་དུས་ཆེན་སྲུང་བརྩི་བྱེད་ལམ་གསར་གཏོད་ཐུབ་ན་ཕན་ཁྱད་ཆེན་པོ་ཡོང་བར་དམིགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱལ་ཡུམ་དམ་པ་བྱམས་བརྩེའི་བདག་ཉིད་བདེ་སྐྱིད་ཚེ་རིང་མཆོག་གི་འཁྲུངས་ཚེས་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཡིན་པ་དང་། སྐབས་དེར་སློབ་གྲྭ་མང་ཆེ་བའི་སློབ་དུས་འགོ་ཚུགས་པ་དང་སྟབས་འཁེལ་བར་བརྟེན། དེ་ལུགས་༸རྒྱལ་ཡུམ་ཆེན་མོར་སྙན་གསན་ཞུས་ཏེ། ཕྱི་ལོ་ ༡༩༧༧ ལོར་བཀའ་ཤག་ལ་འཆར་འབུལ་བཀའ་འཁྲོལ་ཞུས་སྩལ་ལྟར་ཉིན་དེ་ཕ་མའི་ཉིན་མོར་གཏན་འབེབས་བྱུང་། ཕྱི་ལོ་ ༡༩༧༨ ལོར་ཕ་མའི་ཚོགས་ཆུང་ཆེད་འཛུགས་ཐོག་ཕ་མའི་ཉིན་མོར་སྲུང་བརྩི་ཞུས་ཏེ། ལོ་དེ་ནས་བཟུང་ཉིན་དེར་ཤེས་རིག་ལས་ཁུངས་ནས་ཕ་མ་དང་སློབ་ཕྲུག་ཚོར་གསུང་འཕྲིན་རེ་ཆེད་དམིགས་གནང་བཞིན་ཡོད། །

སྔོན་མ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་དགུ་པ་བསྐོང་ཚོགས་གནང་བ།
ཕྱི་མ།
ཕ་མའི་དུས་དྲན་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།
Menu