ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དང་པོ་གནང་བ།

    ༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཏུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ནས་ཟླ་ ༩ ཚེས་ ༡ བར་ཉིན་དྲུག་རིང་ཧི་མ་ཅལ་དང་ལ་དྭགས་མངའ་ཁུལ་སློབ་ཁག་གི་རིགས་ལམ་འདུ་འཛོམས་ཤིག་གོ་སྒྲིག་ཞུས་ཡོད་པ་དང༌། ཕྱི་ཚེས་ ༢༧ སྔ་དྲོ་ཆུ་ཚོད་ ༡༡ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་རིགས་སློབ་ཀྱི་སློབ་དཔོན་དགེ་བཤེས་བློ་བཟང་ཟླ་བ་ལགས་དང་ས་གནས་འགོ་འཛིན་རྣམ་པ། ས་འཐུས་རྣམ་པ། སློབ་ཁག་གི་དབུ་འཛིན་དང༌། སློབ་སྤྱི། དགེ་ཆེ་བཅས་ཚོགས་ཕེབས་གནང་ཡོད།
    ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་རིགས་ལམ་འདུ་འཛོམས་དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཁག་གལ་ཆེར་བརྩིས་དང་རྩི་བཞིན་པའི་ལས་འཆར་སྣ་མང་ཡོད་པའི་ཁོངས་ནས་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་སྲ་བརྟན་དང་རྒྱ་སྐྱེད་ཡོང་ཐབས། ལྷག་པར་སློབ་ཚན་གཞན་རྣམས་ལ་རིགས་ལམ་བརྒྱུད་ནས་སློབ་ཁྲིད་གནང་ཐབས། གཞན་ཡང་སྲོལ་རྒྱུན་གདན་ས་ཁག་གི་ནང་འཇང་དགུན་ཆོས་ཚུགས་སྲོལ་ཡོད་པ་དང་མཐུན་པར་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཞེས་འགྲན་བསྡུར་དང་མཚུངས་བསྡུར་མིན་པར་སློབ་ཁག་ནང་ཁུལ་རིགས་ལམ་ཤེས་ཡོན་བརྗེ་རེས་ཀྱི་གསར་གཏོད་ལས་འཆར་གལ་ཆེ་ཞིག་ཆགས་ཡོད་པ་དང་། རིགས་ལམ་འདུ་འཛོམས་དེ་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་པར་སློབ་ཁག་གི་རིགས་ལམ་སློབ་ཁྲིད་ལས་འཆར་སྲ་བརྟན་དང༌། གཞན་ཡང་སློབ་ཚན་གཞན་ཁག་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ལ་ཕན་གྲོགས་ཡོང་ཐབས་བཅས་ལ་དམིགས་ཡོད་པའི་སྐོར་དང༌། ཉིན་དྲུག་རིང་གི་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ལས་འཆར་ཁག་ངོ་སྤྲོད་ཞུས།
    དེ་ནས་སུ་ཇཱ་བོད་ཁྱིམ་དང་སིམ་ལ་གཏན་སློབ། ཅོན་ཏ་ར་སམ་བྷོ་ཏ་སློབ་ཁག་གི་སློབ་མ་གཉིས་རེ་ནས་བོད་སྐད་ཡིག་དང་ཨང་རྩིས། ཚན་རིག་ཐོག་རིགས་ལམ་རྟགས་གསལ་བགྲོ་གླེང་གནང། དེ་རྗེས་ཅོན་ཏ་ར་སམ་བྷོ་ཊའི་སློབ་དགེ་ཐུན་མོང་ནས་བོད་ཀྱི་སྐད་ཡིག་དང་ཚན་རིག་རིགས་ལམ་ཐོག་ནས་རྟགས་གསལ་བཏང་བ་དང༌། ཅོན་ཏ་ར་སམ་བྷོ་ཊའི་སློབ་སྤྱི་དོན་གྲུབ་རྡོ་རྗེ་ལགས་ཀྱིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ཕེབས་བསུ་གནང་སྟེ་སློབ་གྲྭའི་ནང་གི་རིགས་ལམ་ལས་འཆར་ཐད་ཤུགས་སྣོན་ཇི་ཙམ་བསྐྱོན་གྱི་ཡོད་མེད་དང༌། དེ་གའི་སློབ་ཟུར་རྣམས་སློབ་ཁག་གཞན་གྱི་ཆོས་དགེའི་ཕྱག་རོགས་གནང་མཁན་ལྟ་བུར་གྱུར་ཐུབ་པ་བྱུང་ཡོད་སྐོར་གསུང་བཤད་གནང༌།
    དེ་ནས་སྐུ་མགྲོན་གཙོ་བོ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྤྱིར་བོད་དུ་དར་བའི་རིགས་ལམ་བྱུང་རབས་དང་སློབ་མ་རྣམས་མི་ཚད་ལྡན་དང༌། བོད་མི་རྣམ་དག ནང་པ་ཚད་ལྡན་ཡོང་བར་རིགས་ལམ་མེད་དུ་མི་རུང་བ་ཡིན་པའི་སྐོར་དང༌། རིགས་ལམ་ལ་བརྟེན་ནས་ཤེས་བྱའི་གནས་མཐའ་དག་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་པ་མ་ཟད། སོ་སོའི་མི་ཚེ་སྐྱེལ་རྒྱུ་ལའང་རིགས་ལམ་གལ་ཆེ་ཆགས་ཡོད་པའི་སྐོར་དང། གཞན་ཡང་རིགས་ལམ་ལ་བརྟེན་ནས་བྱུང་བའི་བཟང་པོའི་ཡོན་ཏན་དང་དད་པ་རྣམས་འགྱུར་བ་མེད་པ་དང་རྒྱུན་གནས་ཐུབ་པ་ཡོང་ངེས། དེ་སྔ་སློབ་གྲྭ་ཁག་གི་རིགས་ལམ་རྟགས་གསལ་གཏོང་སྐབས་བློ་འཛིན་བྱེད་པ་ལྟ་བུ་མཐོང་གི་ཡོད་པ་དང༌། ཉེ་སྔོན་འདི་གར་བཅར་སྐབས་མུ་གསུམ་མུ་བཞི་འཇོག་ཚུལ་སོགས་གདེང་སྤོབས་གང་ཙམ་ཡོད་པའི་མཐོང་སྣང་བྱུང༌། ད་ལན་སླར་ཡང་རིགས་ལམ་རྟགས་གསལ་ཁག་གཏོང་མཁན་རྣམས་ནས་ཁྱབ་མཐའ་སོགས་གཏོང་ཐུབ་པ་གང་ཙམ་ཡར་རྒྱས་འགྲོ་གི་ཡོད་པའི་མཐོང་སྣང་བྱུང་བས་བསྔགས་བརྗོད་དང་སྦྲགས་ཆོས་དགེ་དང་སློབ་ཕྲུག་རྣམས་ནས་རིགས་ལམ་ལ་ཐུགས་སྣང་དང་འབྲེལ་སྦྱང་བརྩོན་གནང་དགོས་པའི་ལམ་སྟོན་གསུང་བཤད་གནང༌།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དང༌། རིགས་ལམ་འདུ་འཛོམས་ལ་མཐུན་འགྱུར་གནང་མཁན་ཅོན་ཏ་ར་སམ་བྷོ་ཏའི་སློབ་གྲྭ་དང་ཅོན་ཏ་ར་བོད་ཁྱིམ། དབུ་འབྱེད་མཛད་སྒོར་ཕེབས་པའི་ཚོགས་སྡེ་ཁག་གི་དབུ་ལས་རྣམ་པ་དང༌། གཞན་ཡང་སློབ་ཁག་གི་ཆོས་དགེ་དང་ཆ་ཤས་ལེན་མཁན་སློབ་མ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
    ཐེངས་འདིའི་འདུ་འཛོམས་ནང་དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་ཁག་དྲུག་དང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་གསུམ། སམ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་གཉིས་བཅས་ཁྱོན་སློབ་གྲྭ་བཅུ་གཅིག་གི་སློབ་མ་བུ་ ༣༣ དང་བུ་མོ་ ༣༣ གཞན་ཡང་ཆོས་དགེ་ ༡༡ བཅས་མཉམ་ཞུགས་གནང་ཡོད།
    ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་ཁག་རྣམས་སྡེ་ཚན་བཞིར་ཕྱེ་ནས་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་འཆར་ཡོད་པ་དང༌། དེ་ཡང་ཧི་མ་ཅལ་དང་ལ་དྭགས་མངའ་ཁུལ་སློབ་ཁག ༡༡ དང་མ་སུ་རི་གཡས་གཡོན་སློབ་ཁག ༨ བཅས་སྡེ་ཚན་གཉིས་འདི་ལོ་ཕྱི་ཟླ་ ༨ དང་ཕྱི་ཟླ་ ༡༠ བཅས་ནང་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང༌། ལྷོ་ཕྱོགས་སློབ་ཁག ༡༠ དང་རྡོར་གླིང་དང་བལ་ཡུལ་མངའ་ཁུལ་སློབ་ཁག ༡༤ བཅས་སྡེ་ཚན་གཉིས་ཕྱི་ལོ་ ༢༠༡༣ ལོར་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་གཏན་འཁེལ་ཡོད།
    ཉིན་དྲུག་གི་ལས་རིམ་ཁོངས་སུ་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡།༡༥ བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་རྣམས་ནས་སོ་སོའི་འཛིན་གྲྭ་གང་ཡིན་རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་ཡུལ་སློབ་གྲྭའི་འཛིན་གྲྭ་འགྲིམས་ནས་ཤེས་ཡོན་བརྗེ་རེས་ཀྱི་ཉམས་མྱོང་གསོག་ཐབས་དང༌། ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ནས་ ༥།༠༠ བར་ཚོགས་ཡུལ་སློབ་གྲྭའི་སློབ་ཕྲུག་དང་མཉམ་དུ་རིགས་ལམ་རྩོད་པ་རྩོད་རྒྱུ་དང༌། འཛིན་གྲྭ་ཁག་དམ་བཅའ་འཇོག་པའི་སྒོ་ནས་ཚོགས་ཡུལ་སློབ་གྲྭའི་རིགས་ལམ་གྱི་གནས་ཚད་རྒྱུས་ལོན་ཐུབ་ཐབས་དང༌། གཞན་ཡང་ཕྱི་དྲོ་ཆུ་ཚོད་ ༧།༠༠ ནས་ ༩།༠༠ བར་ཕྱོགས་མཐའ་ཁག་ནས་ཕེབས་བའི་སློབ་མ་ནང་ཁུལ་རིགས་ལམ་རྩོད་པ་རྩོད་རྒྱུ་དང༌། སློབ་གྲྭ་རེས་མོས་བཞིན་དམ་བཅའ་འཇོག་རྒྱུ་དང་རིགས་ལམ་གྱི་གོ་རྟོགས་སྤེལ་རྒྱུ། ཉིན་ལྟར་ཞོགས་ཚོགས་སྐབས་སུ་སློབ་ཁག་སོ་སོ་ནས་བོད་ཀྱི་སྐད་ཡིག་དང་ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག་བཅས་སློབ་ཚན་གཞན་གྱི་རིགས་ལམ་རྟགས་གསལ་སྐར་མ་ ༡༥ ཙམ་གཏོང་རྒྱུ་བཅས་ལས་འཆར་བཀོད་སྒྲིག་ཞུས་ཡོད་པ་བཅས།

སྔོན་མ།
གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་ལམ་སྟོན་གཏན་འབེབས།
ཕྱི་མ།
བྱང་ཕྱོགས་སློབ་ཁག་རིགས་ལམ་འདུ་འཛོམས་ལ་རྟོག་ཞིབ།