ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་མཇུག་བསྒྲིལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་གཞི་རིམ་བར་མའི་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པའི་མཇུག་བསྡོམས་མཛད་སྒོ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ས་རཱ་མཐོ་སློབ་ཏུ་ཚོགས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི། ཤེས་རིག་ཤེས་ཡོན་འགན་འཛིན། ཟབ་སྦྱོང་སློབ་ཁྲིད་གནང་མཁན། ཟབ་སྦྱོང་བ་རྣམས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར། གཞི་རིམ་བར་མའི་སློབ་ཚན་ཁག་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པའི་ནང་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་ཚན་རིག་དང་ཨང་རྩིས། སྤྱི་ཚོགས་ཚན་རིག་གི་དགེ་རྒན་ ༡༢ མཉམ་ཞུགས་གནང་ཡོད།
    ཤེས་རིག་ཤེས་ཡོན་འགན་འཛིན་སྐལ་བཟང་དབང་འདུས་ལགས་ཀྱིས་མ་སྐད་བརྒྱུད་ལམ་ནས་སློབ་ཁྲིད་ཀྱི་དགེ་ཕན་སྐོར་དང༌། ཤེས་རིག་ལས་ཁུངས་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་དང་རྩོམ་སྒྲིག་པ་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས་ཚན་རིག་སློབ་ཚན་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་དང༌། དཔེ་སྟོན་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨང་རྩིས་སློབ་ཚན་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས། ཤེས་རིག་ལས་ཁུངས་ཀྱི་སྤྱི་ཚོགས་ཚན་རིག་སློབ་ཚན་རྩོམ་སྒྲིག་པ་བྷུ་དྷ་སྐྱབས་ལགས་དང༌། བསོད་ནམས་བཟང་པོ་ལགས་རྣམ་གཉིས་ཀྱིས་སྤྱི་ཚོགས་ཚན་རིག་སློབ་ཚན་ཁག་བཅས་སློབ་ཁྲིད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ཟབ་སྦྱོང་བ་རྣམས་དང་སམ་བྷོ་ཊའི་ཁྱབ་ཁོངས་ཀམ་པུ་ཊར་དགེ་རྒན་རྣམས་ལ་གློག་ཀླད་སྲུང་སྐྱོབ་དང༌། དགེ་རྒན་དང་སློབ་ཕྲུག་རྣམས་ནས་དྲ་ལམ་བརྒྱུད་ནས་ཟིན་བྲིས་འགོད་འབུལ་གནང་ཕྱོགས་སོགས་སློབ་ཁྲིད་གནང་ཐུབ་པ་བྱུང་ཡོད་པ་སོགས་ལས་བསྡོམས་སྒྲོགས་སྦྱང་གནང་།
    དེ་ནས་ཟབ་སྦྱོང་བའི་སྐུ་ཚབ་བདེ་སྐྱིད་གླིང་སློབ་དགེ་བྱམས་པ་ལྷ་མོ་དང་དཔེ་སྟོན་སློབ་དགེ་བསྟན་འཛིན་ཆོས་སྒྲོན་གཉིས་ཀྱིས་མྱོང་ཚོར་གསུང་བཤད་གནང༌། གཞན་ཡང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་ད་ལྟའི་ཆར་དགེ་རྒན་གལ་གནད་དང་ལས་འགན། བོད་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་སྐོར་ལ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེ་ཡིན་པ་སྔོན་གྱི་ལོ་པཎ་རྣམས་ནས་བོད་སྐད་བརྒྱུད་ནས་ནང་ཆོས་ཀྱི་ནང་དོན་མཐའ་དག་བོད་བསྒྱུར་མ་ཞུས་པར་ལེགས་སྦྱར་སྐད་རང་འཇག་བཞག་པ་ཡིན་ན། ད་ལྟ་ང་ཚོར་ངོམས་སུ་ཆོག་པའི་རིག་གཞུང་བཟང་པོ་དེ་དག་ཡོང་ཐབས་མེད་པ་ལྟ་བུ་ཆགས་ཡོད། མི་རབས་རྗེས་མ་རྣམས་ཀྱི་ཆེད་དང་མི་རིགས་ཀྱི་སྐད་ཡིག་གནས་ཚད་གོང་མཐོར་གཏོང་ཐབས་སུ་བོད་སྐད་ཡིག་ཐོག་རིག་གནས་མཐའ་དག་སློབ་སྦྱོང་གནང་ཐུབ་པ་ཞིག་བཟོ་རྒྱུ་ནི་ད་ལྟའི་མི་རབས་ཀྱི་ལས་འགན་གཙོ་བོ་ཆགས་ཡོད་པ་སོགས་ཀྱི་གསུང་བཤད་གནང༌།
    དེའི་རྗེས་སྐུ་མགྲོན་གཙོ་བོ་སམ་བྷོ་ཊ་བོད་སློབ་ཀྱི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་བ་དང༌། མཇུག་བསྡོམས་ལམ་སྟོན་གསུང་བཤད་དུ། སྤྱིར་དགེ་རྒན་གྱི་ལས་འགན་གནད་འགག་ཅན་ཡིན་པ་དང༌། ལས་དོན་ཚུལ་བཞིན་གནང་མ་ཐུབ་ཚེ་འཐུས་ཤོར་ཆེན་པོ་འགྲོ་ངེས་ཡིན་པར་བརྟེན། དགེ་རྒན་རྣམས་མི་ཚེ་ཧྲིལ་པོར་སློབ་སྦྱོང་ལ་འཇུག་དགོས་པ་དང༌། ལྷག་པར་ཟབ་སྦྱོང་ནས་ཉམས་མྱོང་གང་ཐོབ་པ་རྣམས་སློབ་ཁྲིད་སྐབས་སུ་བེད་སྤྱོད་ཚུལ་མཐུན་གཏོང་ཐུབ་པ་དགོས་གལ། བོད་སྐད་ཡིག་བརྒྱུད་ལམ་སློབ་ཁྲིད་ཐུབ་ཐབས་སུ་དགེ་རྒན་རང་ངོས་ནས་བོད་སྐད་ཡིག་དུས་མཐུན་ཡར་རྒྱས་གཏོང་དགོས་པ་དང༌། ལོ་མང་དགེ་རྒན་ཕྱག་ལས་གནང་ཟིན་པའི་རྗེས་ལ་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་ཁྱད་ལས་མི་སྣ་ཆགས་ཐུབ་པ་ཞིག་ངེས་པར་གནང་དགོས། མདོ་དོན་ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་གྱི་ངོ་བོ་དང་དགོས་དམིགས་སོགས་མ་ནོར་བར་བྱང་ཆུབ་པ་དང། སོ་སོའི་ལས་དོན་ཐོག་འཐུས་ཤོར་མེད་པར་གནང་གལ་ཆེ་བ་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང༌།
    དེ་ནས་ཤེས་རིག་དྲུང་གཞོན་བསོད་ནམས་བཟང་པོ་ལགས་ཀྱིས་ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་རྣམས་དང༌། ཚོགས་ཡུལ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཙོ་བའི་དགེ་ལས་རྣམ་པ། ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།
 

སྔོན་མ།
སྦེང་ལོར་ཝེ་ལི་སློབ་གྲྭར་ཤེས་ཡོན་ཉམས་གསོག་ལས་འཆར་ཐེངས་གཉིས་པ་སྤེལ།
ཕྱི་མ།
བོད་ཕྲུག་གཉིས་ལ་མཛེས་རྩལ་འགྲན་སྡུར་གྱི་བྱ་དགའ་ཐོབ་པ།
Menu