ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བ།

གསར་འཕྲིན།

༄༅། །འདི་གར་ལྡི་ལི་གསར་པ་ནས་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ (Manekshaw Centre ) མ་ནི་ཤོལ་དམག་མིའི་ཚོགས་ཁང་ཆེན་མོའི་ནང་དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ་གཟབ་རྒྱས་ཚོགས་པར་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་ཤེས་རིག་བློན་ཆེན་ (Kapil Sibal) ཀ་པིལ་སི་བལ་མཆོག་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་ (Apurva Chandra) ཨ་པུར་ཝ་ཆན་ཌར་མཆོག དབུས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་ (Alok Verma) ཨ་ལོཀ་ཝར་མ་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། སློབ་གྲྭའི་འཛིན་སྐྱོང་འགན་འཛིན། དབུས་བོད་སློབ་འཛིན་ཚོགས་ཀྱི་འཛིན་རིམ་བརྒྱད་པ་ཡན་གྱི་སློབ་གྲྭ་ཁག་ནས་དགེ་རྒན་རེ་དང་སློབ་ཕྲུག་གཉིས་རེ། དེ་བཞིན་ལྡི་ལིར་གནས་སྡོད་བྱེད་བཞིན་པའི་གཞོན་སྐྱེས་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་ ༧༠༠ བརྒལ་བ་བཅར་ཏེ་ལྔ་བཅུའི་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད།
    དེ་ཡང་ཐོག་མར་ཆུ་ཚོད་ ༢།༣༠ ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་གཙོས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་བཅས་ཚང་འཛོམས་ཐོག་བཀའ་ཁྲི་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་འོག་ཡོད་པའི་སློབ་གྲྭ་ཁག་ནས་དྲག་འདེམས་བྱས་པའི་རི་མོ་དང་པར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག་པ་དེ་དབུ་འབྱེད་གནང་། དེ་རྗེས་སློབ་གྲྭ་ཁག་ནས་བཅར་བའི་སློབ་ཕྲུག་ཚོས་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་སོགས་གནད་ཡོད་མི་སྣར་རེ་རེ་བཞིན་འགྲེལ་བརྗོད་ཞུས། འགྲེམས་སྟོན་དེ་སྡེ་ཚན་ཁག་བཞིར་དབྱེ་འདུག་པ་ནི། ༡༽ དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་ལོ་ལྔ་བཅུའི་རིང་གི་འཕེལ་རིམ་སྐོར་དང་། ༢༽ སློབ་ཕྲུག་ཚོས་བྲིས་པའི་བོད་ཀྱི་རིག་གཞུང་མཚོན་པའི་རི་མོ་འདྲ་མིན། ༣༽ སློབ་གྲྭ་ཁག་གི་སློབ་ཁང་གི་སྐོར། ༤༽ བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་པོ་དཔེར་ན་བོད་མིའི་ཞྭ་མོ་དང་རྡོ་རྗེ་དྲིལ་བུ་སོགས་ཆས་གོས་དང་མཆོད་པའི་ཡོ་ཆས་སོགས་ཀྱི་འགྲེམས་སྟོན་གནང་འདུག
    དེ་ནས་ཆུ་ཚོད་ ༣ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་དང་རྒྱ་གར་གཞུང་ཤེས་རིག་བློན་ཆེན་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ནས་མར་མེ་ཞལ་འབྱེད་མཛད་དེ་ལྔ་བཅུའི་མཛད་སྒོ་དངོས་སུ་འགོ་འཛུགས་གནང་བ་དང་སྦྲགས་སློབ་ཕྲུག་ཚོས་ཕེབས་བསུའི་བསྟོད་དབྱངས་འབུལ་ལམ་ཞུས། དེ་རྗེས་སློབ་མ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་སྐུ་མགྲོན་གཙོ་བོ་རྣམས་ལ་ཕེབས་བསུའི་བཀྲ་ཤིས་མེ་ཏོག་འབུལ་ལམ་ཞུས། དེ་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཉག་གཅིག་ཡིན་པ་ཙམ་མ་ཟད། འཛམ་གླིང་འདིའི་སྟེང་ཞི་བདེ་སྐྲུན་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཞེས་དང་།
    ད་རེས་༸གོང་ས་མཆོག་བོད་སློབ་འཛིན་ཚོགས་ཀྱི་ལྔ་བཅུའི་དུས་ཆེན་ལ་ཆིབས་སྒྱུར་བསྐྱངས་པར་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་ཡོད། དབུས་བོད་སློབ་འཛིན་ཚོགས་ཀྱིས་ཕྱི་ལོ་ ༡༩༦༠ ནས་ད་བར་བོད་ཕྲུག་རྣམས་ལ་བོད་ཀྱི་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་གནང་བའི་ནང་། སྤྱིར་རྒྱ་གར་གཞུང་དང་མི་མང་ནི་ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོར་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་ལ་དམིགས་བསལ་ངོས་རང་གིས་བཀའ་ཁྲིའི་ལས་ཁུར་ཞུས་རྗེས་དེ་བས་བཀའ་དྲིན་ཆེན་པོ་ཡིན་པས་གོ་སྐབས་འདི་བཟུང་ནས་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཞན་ཡང་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་སྤྱི་དང་དགེ་ཆེ། དགེ་རྒན་ལས་བྱེད་རྣམས་ཀྱིས་སྐུ་ངལ་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། ཁྲིམས་ཞིབ་པ་སོགས་ཚང་མ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནས་ཐོན་པ་ཤ་སྟག་ཡིན་པས། བོད་སློབ་འཛིན་ཚོགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་ཕྲུག་རྣམས་ཤེས་ལྡན་མི་སྣར་འགྱུར་ཐུབ་པ་བྱུང་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་བོད་མིའི་ཡར་རྒྱས་ཀྱི་འབྱུང་ཁུངས་རྒྱ་གར་ཆགས་ཡོད་པར་སོང་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་དེ་བས་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གྲུབ་རྗེས་རྒྱ་གར་གཞུང་ཤེས་རིག་བློན་ཆེན་ཀ་པིལ་སི་བལ་མཆོག་གིས་གསུང་བཤད་གནང་བའི་ནང་། དབུས་བོད་སློབ་འཛིན་ཚོགས་ནི་ཐོག་མར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་བཀའ་བསྡུར་མཛད་དེ་ཕྱི་ལོ་༡༩༦༠ ལོར་ཐོག་མར་འགོ་བཙུགས་པ་ཞིག་ཡིན། དེ་ཡང་ཐོག་མར་སློབ་ཕྲུག་ ༥༠ ནས་འགོ་འཛུགས་ཀྱིས་ད་ཆ་བོད་སློབ་འཛིན་ཚོགས་འོག་སློབ་ཕྲུག་ ༩༠༠༠ ལ་ཤེས་ཡོན་སློབ་གསོའི་གོ་སྐབས་སྐྲུན་བཞིན་ཡོད།
    དེ་མིན་དེ་སྐབས་ཀྱི་དུས་འདིར་ཤེས་ཡོན་སློབ་གསོ་སྤྲོད་ཐབས་ཐད་ལོ་ནས་ལོ་བསྟུད་དེ་འགྱུར་བ་འགྲོ་བཞིན་ཡོད་པས་སྤྱི་ཚོགས་ཀྱི་འགྱུར་བར་དཔགས་པའི་ཐོག་ནས་སློབ་གསོའི་ལས་དོན་ལའང་བསྒྱུར་བཅོས་དགོས་པས་དེང་གི་འཆར་འཕྲུལ་ཆས་ཀྱི་དུས་ཚོད་ལ་སླེབས་ཡོད་པར་སོང་སློབ་ཕྲུག་ཚོར་དུས་དང་འཚམ་པའི་སློབ་ཁྲིད་བྱེད་དགོས་རྒྱུའི་དུས་ལ་སླེབས་ཡོད། འདས་པའི་དུས་སུ་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་ཐད་བྱས་རྗེས་གང་ཙམ་བཞག་ཡོད་ལ་འབྱུང་འགྱུར་དེ་བས་ལེགས་པ་ཡོང་བའི་སྨོན་ལམ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
    དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་རྒྱ་ཆེ་ཕེབས་ཡོད་པའི་ནང། ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པ་དང་། དེར་རིགས་དང་གོ་གནས་སོགས་ཀྱི་དབྱེ་འབྱེད་མེད་པར་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་སྐོར་བརྗོད་བཞིན་ཡོད། དེ་ཡང་ཞི་བདེ་ཞེས་པ་དེ་སྨོན་ལམ་བརྒྱབ་པ་ཙམ་གྱི་བསྒྲུབ་ཐབས་མེད། ཞི་བདེ་ཞེས་པ་དེ་ང་ཚོ་མི་རེ་ངོ་རེའི་སེམས་ལ་རག་ལུས་ཡོད་པ་ཞིག་ཡིན། དབུས་བོད་སློབ་འཛིན་ཚོགས་བཙུགས་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད། ཐོག་མར་ནེ་རུ་མཆོག་དང་བཀའ་མོལ་ཞུ་སྐབས་ནེ་རུ་མཆོག་གི་བཞིན་རས་དེ་ད་དུང་ཡང་ཧ་ཅང་གསལ་པོ་དྲན་བཞིན་འདུག ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ཛ་དྲག་ཐོག་ནས་བོད་ཕྲུག་ཚོར་ཤེས་ཡོན་སློབ་གསོའི་ཐད་འབད་བརྩོན་ཞུས་ཡོད། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་པེ་ཅིང་དང་། དེ་ནས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ནང་ནེ་རུ་མཆོག་དང་མཇལ་འཕྲད་དང་གསུང་མོལ་བྱུང་ཞིང་སྐབས་དེར་ཁོང་གིས་ངོས་ལ་མཛའ་བརྩེའི་གསུང་མོལ་མང་པོ་གནང་བྱུང། དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་བོད་མི་བཙན་བྱོལ་དུ་འབྱོར་རྗེས་བདུན་གཉིས་ཙམ་གྱི་རྗེས་སུ་མ་སུ་རིར་མཇལ་འཕྲད་ཞུ་རྒྱུ་བྱུང་བ་བརྒྱུད་བོད་མི་རིགས་འདི་བཞིན་སྲ་བརྟན་ཡོང་སླད་བོད་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་རྒྱུའི་སྐོར་གསུང་མོལ་མང་པོ་གནང་བྱུང་བས་ང་ཚོས་དེའི་ཐད་ཤུགས་སྣོན་བརྒྱབ་ཡོད་པར་བརྟེན། ཐོག་མར་བཙན་བྱོལ་དུ་འབྱོར་བའི་བོད་ཕྲུག་རྣམས་ད་ཆ་ཤེས་ལྡན་མི་སྣར་གྱུར་ཡོད། ད་ཆ་ཁོ་པ་ཚོས་ལས་དོན་གང་ཡིན་ཡང་སྒྲུབ་ཐུབ་པ་ཆགས་ཡོད། ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། གནའ་སྔ་མོ་རྒྱ་གར་མཁས་པ་ཚོས་བོད་ལ་ནང་ཆོས་དར་སྤེལ་མཛད་ཡོད་པ་དང་ད་ལྟའི་ཆར་སྐྱབས་བཅོལ་བོད་མི་རྣམས་ལ་རྒྱ་གར་ནང་དེང་རབས་ཀྱི་སློབ་གསོ་ཐོབ་ཡོད་པས་རྒྱ་གར་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན། དེར་བརྟེན་ངོས་ནས་རྒྱ་གར་སློབ་དགེ་རྣམ་པ་སོགས་ལ་གསོལ་འདེབས་སྨོན་ལམ་དང་བཙན་བྱོལ་བོད་མི་རྣམས་དང་། དེ་བཞིན་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དང་བོད་ཀྱི་འབྲེལ་བ་དེ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་མིན་པར་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན་པར་སོང་། ངོས་ཀྱིས་གོ་སྐབས་འདི་བཟུང་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་ཕེབས་ཡོད།
    དེ་རྗེས་རྒྱ་གར་གྱི་བཀའ་དྲིན་ཆེ་ཞུའི་རིག་གཞུང་ལྡན་པའི་ཤོལ་ལེ་འམ་གཟན་གོས་༸གོང་ས་མཆོག་གིས་དབུས་སྐུ་མགྲོན་རྣམས་ལ་རིམ་པས་འབུལ་ལམ་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་བརྙན་འཕྲིན་བརྒྱུད་གཟིགས་འབུལ་དང་བོད་ཀྱི་ཟློས་གར་ཚོགས་པ་དང་སློབ་ཕྲུག་ཚོས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་རྗེས་དབུས་བོད་སློབ་འཛིན་གྱི་ངེས་སྟོན་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར།
    དེ་ནས་མུ་མཐུད་བོད་ཀྱི་ཟློས་གར་ཚོགས་པ་དང་ཀ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་རྗེས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་རྣམས་དང་ངེས་སྟོན་པ་ལས་ཟུར་རྣམ་པ། ལས་བྱེད་དང་སློབ་སྤྱི་སོགས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་གིས་གནང་སྟེ་ལྔ་བཅུའི་དུས་ཆེན་གྱི་མཛད་སྒོ་རྒྱལ་ཁའི་ངང་ནས་གྲུབ་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གི་གཟེངས་རྟགས་བྱ་དགའ་གནང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་སྐོར་གོ་རྟོགས་ལས་འཆར་སྤེལ་བ།
Menu