ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་གི་དབུས་རིག་གཞུང་འཁྲབ་སྟོན་དང་འགྲེམས་སྟོན་འདུ་འཛོམས་ཀྱི་གནས་ཚུལ།

གསར་འཕྲིན།

༄༅། །འདི་ལོ་ཕྱི་ཟླ་ ༡༠ པ་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་རྣམས་བྱང་ཁུལ་དང་ལྷོ་ཁུལ། བྱང་ཤར་ཁུལ་བཅས་ས་ཁུལ་གསུམ་དུ་ཆ་བགོས་ཀྱིས་ས་ཁུལ་སོ་སོར་འཁེལ་བའི་སློབ་ཁག་ནང་ཁུལ་རིག་གཞུང་འཁྲབ་སྟོན་དང་ཚན་རྩིས་ཀྱི་འགྲེམས་སྟོན་སོགས་ཀྱི་འགྲན་བསྡུར་གནང་

སྟེ། ས་ཁུལ་སོ་སོ་ནས་ཨང་རིམ་དང་པོ་སོན་པའི་སློབ་ཕྲུག་རྣམས་སླར་ཡང་སིམ་ལ་གཏན་སློབ་ཏུ་ཕྱི་ཟླ་ ༡༡ ཚེས་ ༣ དང་ ༤ ཉིན་གཉིས་རིང་མཐའ་མའི་འགྲན་བསྡུར་ཚོགས་ཡོད་པ་རེད། འགྲན་བསྡུར་དུ་གོང་གསལ་ས་ཁུལ་གསུམ་ནས་སློབ་ཕྲུག ༡༣༧ དང་སློབ་ཕྲུག་སྣེ་ཁྲིད་གནང་མཁན་འབྲེལ་ཡོད་དགེ་ལས་གྲངས་ ༢༢ བཅས་སིམ་ལ་གཏན་སློབ་ཏུ་འདུ་འཛོམས་གནང་། གོང་གསལ་ཉིན་གཉིས་ཀྱི་རིག་གཞུང་འཁྲབ་སྟོན་དང་འགྲེམས་སྟོན་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་རབ་རྒྱས་མཆོག་མགྲོན་འབོད་གནང་བ་ལྟར། ཕྱི་ཚེས་ ༣ སྔ་དྲོ་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་ཞལ་འབྱེད་ཀྱི་མཇུག་ཐོགས་སུ་སློབ་ཕྲུག་རྣམས་ནས་བོད་སྐད་ཐོག་ཤིས་བརྗོད་གྱེར་འདོན་དང་ཕེབས་བསུའི་གླུ་དབྱངས་བླངས། དེ་བཞིན་འགྲན་བསྡུར་གོ་སྒྲིག་ཞུ་ཡུལ་སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་ལྦི་ཀེ་སིངྒ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་མཉམ་ཞུགས་གནང་མཁན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་ནས་དབུ་འབྱེད་གསུང་བཤད་དང་འབྲེལ་ཉིན་གཉིས་ཀྱི་དབུས་རིག་གཞུང་དང་འགྲེམས་སྟོན་འགྲན་བསྡུར་གྱི་འདུ་འཛོམས་དབུ་འབྱེད་གསལ་བསྒྲགས་གནང་།
ཉིན་གཉིས་རིང་གི་འདུ་འཛོམས་སྐབས་བོད་སྐད་ཐོག་སློབ་ཕྲུག་རྒན་གཞོན་གཉིས་ཀྱི་སྙན་ཚིག་གྱེར་འདོན་དང་། བོད་སྐད་བགྲོ་གླེང་། སློབ་ཕྲུག་རྒན་གཞོན་གཉིས་ཀྱི་བོད་ཀྱི་འཁྲབ་གཞས། སློབ་ཕྲུག་རྒན་གཞོན་གཉིས་ཀྱི་ཡོལ་བ་གཅིག་གི་གཏམ་བརྗོད། སློབ་ཕྲུག་རྒན་གཞོན་གཉིས་ཀྱི་བོད་ཧིན་གཉིས་ཐོག་མཉམ་གཞས། ཧིན་སྐད་ཐོག་མཉམ་གཞས། བོད་ཨིན་གཉིས་ཐོག་གཏམ་བཤད། སློབ་ཕྲུག་གཉིས་ཀྱི་རྐྱང་གཞས་སོགས་འགྲན་བསྡུར་རྣམ་གྲངས་བརྒྱད་ཐོག་གནང་ཡོད་པ་མ་ཟད། སློབ་ཕྲུག་རྒན་པ་ནང་ཁུལ་ཚན་རིག་དང་རྩིས་རིག སྤྱི་ཚོགས་ཚན་རིག་བཅས་ཀྱི་བརྗོད་གཞི་ངེས་མེད་ཐོག་གཡོ་འགུལ་ཡོད་པའི་སྒྱུ་རྩལ་དང་། གཡོ་འགུལ་མེད་པའི་སྒྱུ་རྩལ། འབྲི་རྩོམ། གྱང་སྦྱར་སོགས་སྣ་ཚོགས་འགྲེམས་སྟོན་གནང་ཡོད།
འགྲན་བསྡུར་གྱི་ཉིན་མཐའ་མ་སྟེ་ཕྱི་ཟླ་ ༡༡ ཚེས་ ༤ ཡི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་སིམ་ལར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་གཙུག་ལག་ཆེན་མོའི་ཉེ་བའི་རིགས་བདག་སློབ་དཔོན་ཨེ་ཌི་ཨེན་ལྦཇཔཡི་མཆོག་གདན་འབོད་ལྟར་ཚོགས་ཕེབས་གནང་བར་སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་ནས་ཕེབས་བསུ་ཞུས་ཏེ། སྐུ་མགྲོན་གཙོ་བོ་མཆོག་ནས་དགེ་ལས་སློབ་ཕྲུག་དང་མང་ཚོགས་ལ་གསུང་བཤད་དང་འགྲན་བསྡུར་ནང་ཨང་རིམ་སོན་མཁན་རྣམས་ལ་བྱ་དགའ་གསོལ་སྩལ་གནང་སྟེ་དབུས་རིག་གཞུང་འཁྲབ་སྟོན་གྱི་འདུ་འཛོམས་ལེགས་པར་མཇུག་བསྒྲིལ་བའི་གསལ་བསྒྲགས་གནང་།
ཐེངས་འདིའི་རིག་གཞུང་འགྲན་བསྡུར་དང་འགྲེམས་སྟོན་འགྲན་བསྡུར་ནང་སློབ་ཕྲུག་རྒན་གྲས་ཀྱི་ཕྱོགས་བསྡོམས་ཨང་དང་པོ་མོན་གྷོ་གཏན་སློབ་དང་། སློབ་ཕྲུག་ཆུང་བའི་ཕྱོགས་བསྡོམས་ཨང་དང་པོ་ཌོ་ལན་ཇི་ཉིན་སློབ་བཅས་ལ་ཐོབ་ཡོད་འདུག དེ་ནས་སིམ་ལ་གཏན་སློབ་ཀྱི་རེག་ཊར་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་དགེ་ལས་སློབ་ཕྲུག་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་འདུ་འཛོམས་རྒྱལ་ཁའི་ངང་མཇུག་བསྒྲིལ་བའོ། །

སློབ་གྲྭ་སོ་སོའི་གྲུབ་འབྲས་ཨང་རིམ་ཞིབ་ཕྲ་འདི་ནས་གཟིགས་གནང་ཡོང་བ་ཞུ།

སྔོན་མ།
བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལ་གཟེངས་རྟགས་ཐོབ་པ།
Menu