ཟླ་རེའི་གསར་འགྱུར།

དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་རྡ་སའི་ཉེ་འགྲམ་དུ་ཡོད་པའི་ས་རཱ་བོད་གྱི་གཙུག་ལག་སློབ་གཉེར་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་རྒྱལ་དང་རྒྱ་གར་གྱི་མཐོ་སློབ་ཁག དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་ནང་ཚན་རིག་སློབ་ཚན་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་གྲངས་༡༣ བཅས་ལ་དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
    དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཚན་རིག་ཐོག་སྤྱི་ཡོངས་ཀྱི་བརྒྱ་ཆ་དམའ་བོ་ཡོད་པ་དང། བོད་པའི་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་པ་ཐོན་རྗེས་ཚན་རིག་སློབ་ཚན་འདེམས་མཁན་སློབ་མ་བརྒྱ་ཆ་ ༢༠ ཙམ་ལས་མེད་པར་བརྟེན། ཁོང་གིས་མཐོ་རིམ་སློབ་གྲྭའི་ནང་ཚན་རིག་སློབ་ཚན་ཐོག་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ནས་དམིགས་ཡུལ་མཐོ་ཙམ་བཟུང་སྟེ་ཚན་རིག་ཐོག་རིགས་གཅིག་རྐང་འཛིན་སློབ་སྦྱོང་བྱེད་གལ་ཆེ་བའི་སྐོར་གསུང་བཤད་གནང་བ་དང་ཆབས་ཅིག བོད་པའི་སློབ་གྲྭ་ཁག་གི་ནང་ཚན་རིག་དགེ་རྒན་འདང་ངེས་ཤིག་མེད་སྟབས། མཐོ་རིམ་སློབ་གྲྭར་ཡོད་པའི་ཚན་རིག་སློབ་ཕྲུག་རྣམས་ནས་སོ་སོའི་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་བཟང་ཤོས་ཤིག་ལ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
    ཟབ་སྦྱོང་དེའི་ཐོག་ཟབ་ཁྲིད་གནང་མཁན་ཁོངས་སུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་གཙོས་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྩོམ་སྒྲིག་པ་ཆོས་འཕེལ་ལུང་རྟོགས་ལགས་དང། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་བཅས་ཡིན་འདུག ཟབ་སྦྱོང་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་དང་། ཚན་རིག་སློབ་ཁྲིད་བྱེད་རྒྱུའི་ཐབས་ལམ་ནུས་ལྡན་ཞིག་ལག་བསྟར་ཇི་ལྟར་ཐུབ་མིན་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག དབྱར་དུས་ཚན་རིག་སློབ་ཁྲིད་ལས་གཞི་འདི་བཞིན་མཐོ་རིམ་སློབ་གྲྭ་ཁག་གི་ནང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་ཀྱི་དབྱར་དུས་གུང་སེང་སྐབས་དང་བསྟུན། བོད་མིའི་སློབ་གྲྭ་ཁག་གི་ནང་ཟླ་བ་གཅིག་རིང་སློབ་ཁྲིད་བྱ་རྒྱུར་གོ་སྐབས་བསྐྲུན་ཆེད་ཡིན་འདུག ཟབ་སྦྱོང་འདིའི་དམིགས་ཡུལ་ནི་མཐོ་སློབ་ཁག་གི་ནང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་རྣམས་སློབ་ཁྲིད་བྱེད་རྒྱུ་དེ་སོ་སོའི་མདུན་ལམ་གདམ་རྒྱུར་སེམས་སྐུལ་ཐེབས་ཆེད་དང། བོད་མིའི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་ལམ་སྟོན་དང་མིག་དཔེ་བཟང་པོ་བསྐྲུན་རྒྱུ། དེ་བཞིན་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་རྣམས་ལ་སྤྱི་ཚོགས་ནང་དང་བླངས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བསྐྲུན་ཆེད་བཅས་ཡིན་འདུག
    ཉིན་གཉིས་རིང་གི་ཟབ་སྦྱོང་འདི་གྲུབ་མཚམས་ཟབ་སྦྱོང་བ་རྣམས་ཟླ་བ་གཅིག་རིང་སློབ་གྲྭ་ཁག་གི་ནང་ཆ་བགོས་ལྟར་བསྐྱོད་དེ་སློབ་ཁྲིད་གནང་འགོ་འཛུགས་རྒྱུ་ཡིན་འདུག་པ་བཅས།

སྔོན་མ།
ཚན་རིག་དང་དབྱིན་སྐད་ཟབ་སྦྱོང་དབུ་འཛུགས་གནང་།
ཕྱི་མ།
སྔོན་འགྲོའི་དགེ་རྒན་རྣམས་ཡོངས་སྒྲིལ་ཤེས་ཡོན་གྱི་ཟབ་སྦྱོང་མཇུག་སྒྲིལ་བ།
Menu