ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་རྣམས་ཡོངས་སྒྲིལ་ཤེས་ཡོན་གྱི་ཟབ་སྦྱོང་མཇུག་སྒྲིལ་བ།

གསར་འཕྲིན།

འདི་ག་ཤེས་རིག་ལས་ཁུངས་ནས་ཅོན་ཏ་ར་སམ་བྷོ་གཏན་སློབ་ཏུ་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་རྣམས་ཡོངས་སྒྲིལ་ཤེས་ཡོན་དང་བོད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་ཕྱི་ཟླ་ ༦ ཚེས་ ༡༢ ནས་ ༡༧ བར་གོ་སྒྲིག་ཞུས་པ་དང༌།  མཇུག་བསྡོམས་མཛད་སྒོར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་དང་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་བཅས་ཚོགས་ཕེབས་གནང་། 
    ཐེངས་འདིའི་ཟབ་སྦྱོང་ནང་དབུས་བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་གཉིས།  སམ་བྷོ་ཊ་བོད་སློབ།  བལ་ཡུལ་བཅས་སློབ་ཁག་ཉི་ཤུ་རྩ་ལྔའི་སྔོན་དགེ་གྲངས་ ༢༧ ནས་ཆ་ཤས་བླངས་ཡོད་པ་དང༌།  ཟབ་སྦྱོང་རིང་ཧེ་དྷར་བྷཊ་སོམ་ཀུ་ཤི་སློབ་ཁང་ནས་ཡོངས་སྒྲིལ་ཤེས་ཡོན་ཁྱད་ལས་པ་བདེ་ཆེན་སྒྲོལ་མ་ཡིས་ཉིན་གསུམ་གྱི་རིང་ཤེས་དཀའ་བའི་སློབ་མར་གཟིགས་སྐྱོང་གནང་སྟངས།   ཤེས་རིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་དང་བཀྲ་ཤིས་རྡོ་རྗེ་གཉིས་ཀྱིས་གསར་དུ་བསྒྲིགས་པའི་སྔོན་འགྲོའི་བོད་ཡིག་སློབ་དེབ་རགས་ཟིན་ཐོག་སྦྱང་བཤད་དང་སྔོན་འགྲོའི་ཁྲིད་ཆས་གསར་བཟོ་གནང་བ་རྣམས་འགྲེལ་བརྗོད་དང་དོགས་དཔྱོད་ཞུས་པ་དང༌།  ཤེས་རིག་ཤེས་ཡོན་འགན་འཛིན་ཤེས་ཡོན་སྲིད་བྱུས་ནང་དམིགས་བསལ་ཤེས་ཡོན་དང་ཤེས་ཡོན་དགོས་དམིགས།  ཤེས་ཡོན་ངོས་འཛིན་བཅས་ཐོག་སློབ་ཁྲིད་གནང་།
    མཇུག་བསྡོམས་མཛད་སྒོའི་ཐོག་དྷ་ཤོད་བོད་ཁྱིམ་སྔོན་དགེ་གངས་མཚོ་ལགས་དང་ཅོན་ཏ་ར་བོད་ཁྱིམ་གྱི་སྔོན་དགེ་ཚུལ་ཁྲིམས་ལགས་གཉིས་ཀྱིས་ཟབ་སྦྱོང་མྱོང་ཚོར་གསུང་བཤད་གནང་བ་དང༌།  ཅོན་ཏ་ར་སམ་བྷོ་ཊའི་སློབ་སྤྱི་མཆོག་ནས་ཡོངས་སྒྲིལ་ཤེས་ཡོན་དང་དགེ་རྒན་གྱི་ལས་འགན། ཀུན་སློང་ཁྱེར་སྟངས་སོགས་ལམ་སྟོན་གསུང་བཤད་གནང༌།  གཞན་ཡང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ནས་མཇུག་བསྡོམས་སུ་ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོ་དང་གཞི་རིམ་ཤེས་ཡོན་ལ་གཙིགས་ཆེན་གནང་ཡོད་པ་དང་། སྔོན་འགྲོའི་གནས་སྐབས་སློབ་མར་གནས་དོན་གང་དང་གང་ཡིན་པ་རྣམས་ཆ་བཞག་མ་ཡིན་པར་རིག་པའི་བརྟག་དཔྱད་བྱེད་ཐུབ་མཁན་ཤ་སྟག་བཟོ་གནང་དགོས་པ་དང༌། ལྷག་པར་དུ་སློབ་མ་རྣམས་འཇིགས་ཞུམ་གཉིས་དང་རེ་དོགས་གཉིས་བྲལ་བའི་ཤེས་ཡོན་གྱི་ཁོར་ཡུག་བཟང་བསྐྲུན་སྒོ་ནས་མི་རིགས་ཀྱི་སོན་རྩ་གསོ་སྐྱོང་གནང་ཐབས་འབད་འབུངས་དགོས་པ་སོགས་རེ་སྐུལ་ཞུས།
    དེའི་རྗེས་ཤེས་ཡོན་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་ནས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དང་ཅོན་ཏ་ར་གཏན་སློབ་ཀྱི་སློབ་སྤྱི། ཟབ་སྦྱོང་མཐུན་འགྱུར་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་ནས་ཟབ་སྦྱོང་ལེགས་གྲུབ་བྱུང་བ་བཅས།

 

སྔོན་མ།
དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
Menu