ཟླ་རེའི་གསར་འགྱུར།

ཚན་རིག་དང་དབྱིན་སྐད་ཟབ་སྦྱོང་དབུ་འཛུགས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢། ༢༣ བཅས་ཉིན་གྲངས་གཉིས་རིང་དྷ་སའི་ཉེ་འགྲམ་ས་རཱ་མཐོ་སློབ་ཏུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་ས་ཁམས་དཔྱད་ཞིབ་བསྟི་གནས་ཁང་ National Geographic Explorer གཉིས་ཐུན་མོང་གིས་གོ་སྒྲིག་འོག བོད་པའི་སློབ་གྲྭ་འཛིན་རིམ་དྲུག་པ་ནས་བཅུ་པའི་བར་གྱི་བོད་པའི་སློབ་ཕྲུག་རྣམས་ལ་ལོ་གཅིག་རིང་ཚན་རིག་དང་ཁོར་ཡུག་ཚན་རིག དེ་བཞིན་དབྱིན་སྐད་ཡར་རྒྱས་གཏོང་རྒྱུའི་ལས་འཆར་ལག་བསྟར་གནང་ཆེད་ཉིན་གཉིས་རིང་སློབ་གྲྭ་ཁག་ལྔ་ནས་དགེ་རྒན་གྲངས་ ༣༡ ལ་ཟབ་སྦྱོང་གོ་སྒྲིག་གནང་བ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དབུ་འབྱེད་གནང་ཡོད།
    སྐབས་དེར་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་སྐུ་ཞབས་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང། དེ་རྗེས་ཚོགས་བཅར་བ་བོད་མིའི་སློབ་གྲྭ་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། ཅོན་ཏ་ར་དང་སྤོན་ཊ་སམ་བྷོ་ཊའི་སློབ་གྲྭ། མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭ་བཅས་སློབ་གྲྭ་ཁག་ལྔའི་ནང་གི་དགེ་རྒན་སོ་སོའི་ངོ་སྤྲོད་ཞུས། དེ་ནས་ཟབ་སྦྱོང་སྤྲོད་མཁན་རྒྱལ་ཡོངས་ས་ཁམས་དཔྱད་ཞིབ་བསྟི་གནས་ཁང་ནས་ལྕམ་སྐུ་ལ་ཏཱ་ཝ་སི་ཝ་ནི་ (National Geographic Explorer Ms.Lata Vasvani) ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
    རྒྱལ་ཡོངས་ས་ཁམས་དཔྱད་ཞིབ་བསྟི་གནས་ཁང་གིས་བོད་པའི་སློབ་གྲྭ་ཁག་གི་ནང་ཚན་རིག་དང་ཁོར་ཡུག་ཚན་རིག དེ་བཞིན་དབྱིན་སྐད་ཡར་རྒྱས་གཏོང་རྒྱུའི་ལས་གཞི་འདི་འདྲ་ཞིག་གོ་སྒྲིག་གནང་ཐུབ་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། གང་ཡིན་ཞུ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་ལ་ཐུགས་འཁུར་ཧ་ཅང་ཆེན་པོ་མཛད་བཞིན་པར་བརྟེན། ཕྱི་ལོ་ ༡༩༩༡ ལོར་མགོན་པོ་གང་ཉིད་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལའི་གཟེངས་རྟགས་ (United Nation`s Earth Prize) དེ་འབུལ་ལམ་ཞུས་པ་ལྟར་༸གོང་ས་མཆོག་ནས་ཀྱང་མུ་མཐུད་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་རྒྱས་བཞིན་པ། ལྷག་པར་དུ་འཛམ་གླིང་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་ཐོག་ཐུགས་འཚབ་ཧ་ཅང་མཛད་བཞིན་ཡོད། ང་རང་སྒེར་ལ་ཆ་མཚོན་ན་ཁོར་ཡུག་ཚན་རིག་ཐོག་དོ་སྣང་ཡོད། ཐེངས་འདིའི་ཟབ་སྦྱོང་སྐབས་རྒྱལ་ཡོངས་ས་ཁམས་དཔྱད་ཞིབ་བསྟི་གནས་ཁང་གིས་ཟབ་ཁྲིད་གནང་མཁན་ཚོས་བོད་པའི་སློབ་དགེ་ཚོར་ཤེས་ཡོན་ཙམ་མ་ཟད། སློབ་ཕྲུག་ཚོར་སློབ་ཁྲིད་གནང་རྒྱུའི་ཐབས་ལམ་ཡང་ལམ་སྟོ་གནང་རྒྱུའི་རེ་བ་ཡོད། བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་སྤྱིར་སྟངས་སྤྱི་ཚོགས་ཤིག་ནང་ཤེས་ཡོན་སློབ་གསོ་སྤྲད་པ་དང་གཏན་ནས་མི་མཚུངས། གང་ཡིན་བརྗོད་ན་བོད་པའི་སློབ་དགེ་དང་ཕ་མ། བོད་ཕྲུག་ཚོར་དམིགས་བསལ་སྐབས་བབ་ལས་འགན་ཞིག་ཆགས་ཡོད། བོད་ཕྲུག་ཚོས་སློབ་སྦྱོང་བྱ་རྒྱུ་དེ་འཚོ་བའི་མདུན་ལམ་ཙམ་གྱི་ཆེད་དུ་མིན་པར་ལས་འགུལ་གྱི་འགོ་ཁྲིད་རྒྱུའི་འགན་ཞིག་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང།  དེ་རྗེས་ཀུན་དགའ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
   ཟབ་སྦྱོང་དངོས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༧ ནང་དབུ་འཛུགས་གནང་རྒྱུ་ཡིན་འདུག ལས་འཆར་འདིའི་འོག་ད་ཕན་འཛམ་གླིང་རྒྱལ་ཁབ་བཅུ་གསུམ་ནང་སློབ་ཕྲུག་ས་ཡ་གཉིས་བརྒལ་བར་དབྱིན་སྐད་ཡར་རྒྱས་དང་། དེ་བཞིན་གོ་ལའི་ཁོར་ཡུག་སྐོར་གོ་རྟོགས་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། ད་ཐེངས་ཟབ་སྦྱོང་སྐབས་རྒྱ་གར་ནང་ཕྱི་ལོ་ ༢༠༡༣།༢༠༡༤ བར་བོད་པའི་སློབ་ཕྲུག་ཁྱོན་གྲངས་ ༢༠༠༠ བརྒལ་བར་ཕན་ཐོགས་ཡོང་རྒྱུ་ཡིན་འདུག

སྔོན་མ།
གསར་འགོད་གསལ་བསྒྲགས།
ཕྱི་མ།
དབྱར་དུས་ཚན་རིག་སློབ་ཁྲིད་ལས་འཆར་གྱི་ཟབ་སྦྱོང་དབུ་འཛུགས་གནང་།
Menu