ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༣ ལོའི་འཛིན་རིམ་བཅུ་གཉིས་སློབ་ཐོན་རྣམས་ལ་རྒྱུས་སྟོན་ཐེངས་དགུ་པ་གནང།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ ཉིན། དྷ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་དང། མ་སུ་བོད་ཁྱིམ། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་ནས་ཕྱི་ལོ་ ༢༠༡༣ ལོའི་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་གྲངས་ ༨༠ ཙམ་ལ་རྒྱུས་སྟོན་ (Orientation) ཐེངས་དགུ་པ་དབུ་འཛུགས་གནང་ཡོད།
    ཐེངས་འདིར་རྒྱུས་སྟོན་དབུ་འབྱེད་སྐབས། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན། ང་ཚོ་བོད་པའི་སློབ་ཕྲུག་རྣམས་མཐོ་སློབ་ཁག་ལ་བསྐྱོད་སྐབས་ངོ་ཚ་དང་སྤོབས་པ་བྱེད་ཡུལ་གྱི་ས་མཚམས་གསལ་པོ་ཤེས་དགོས་པ་དང་། མཐོ་སློབ་ཀྱི་བརྒྱུད་རིམ་ནང་རང་དབང་གང་འཚམ་ཡོད་པ་བཞིན་ལས་འགན་ཡང་གང་ཡོད་པ་ཤེས་པ་བྱས་ཏེ། རང་དབང་དང་ལས་འགན་མཉམ་འཁྱེར་གྱིས་ཡ་རབས་བཟང་སྤྱོད་ལྡན་པའི་ང་ཚོ་བོད་པའི་སྐུ་ཚབ་མཚོན་ཐུབ་པ་བྱེད་དགོས་པ་དང་། རང་ཉིད་སོ་སོར་ཕ་མ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས། ཕ་མའི་བཀའ་དྲིན་བསམ་ཤེས་ཀྱིས་རང་ཉིད་ཀྱི་དམིགས་ཡུལ་བརྟན་པོ་བཟུང་ནས་སློབ་སྦྱོང་ལ་འབད་པ་ཧུར་སྐྱེད་གནང་དགོས་སྐོར་དང་། དེ་བཞིན་ཤེས་རིག་མདུན་ལམ་སློབ་སྟོན་པར་འབྲེལ་བ་བྱེད་སྟངས་བཅས་ཀྱི་ལམ་སྟོན་གནང།
    དེ་བཞིན་རྒྱུས་སྟོན་གནང་མཁན་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་སྒྲོལ་དཀར་དབང་མོ་ལགས་ཀྱིས་སློབ་ཕྲུག་རྣམས་ལ་མཐོ་སློབ་ཁག་གི་ནང་རང་གི་རྣམ་དཔྱོད་དང་དོ་དབྱིངས། དེ་བཞིན་ཤེས་ཡོན་གྲུབ་འབྲས་ལ་གཞི་བཅོལ་བའི་སློབ་ཚན་འདེམས་སྒྲུག་བྱ་ཕྱོགས་དང། མཐོ་སློབ་ནང་འཛུལ་ཞུགས་སྐབས་བྱེད་སྒོ་ལམ་སྟོན། སློབ་ཡོན་ཞུ་ཕྱོགས་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད་པ་མ་ཟད། རྒྱུས་སྟོན་འདི་ལ་བོད་མིའི་སྒྲིག་འཛུགས་སོགས་ནས་ཤེས་ཡོན་ཐོག་ཆེད་མཁས་པ་མི་སྣ་གང་མང་ཞིག་གིས་མྱོང་བའི་བརྒྱུད་རིམ་དང་འབྲེལ་བའི་སློབ་ཕྲུག་རྣམས་ལ་ལམ་སྟོན་གནང་ཡོད་པ་བཅས།
 

སྔོན་མ།
མོན་ཊེ་སོ་རི་སྔོན་འགྲོའི་ལམ་སྲོལ་སྐོར་གྱི་ཚོགས་འདུ།
ཕྱི་མ།
སྐད་ཡིག་གཉིས་པའི་ཐོག་ནས་བོད་ཡིག་སློབ་ཁྲིད་ཀྱི་བཞུགས་མོལ་ཚོགས་འདུ།
Menu