༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༩ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གོ་སྒྲིག་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མི་ཚེའི་འདུན་ལམ་དང་ཤེས་ཡོན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཀའ་བློན་ཁྲི་ཟུར་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་དོན། ཆོས་ལ་དད་པ་བྱེད་མཁན་དང་མི་བྱེད་མཁན། དགག་པ་རྒྱག་མཁན་ཚང་མས་མི་ཚེའི་མདུན་ལམ་དེ་གལ་ཆེན་པོར་རྩི་བཞིན་ཡོད། མི་ཚེའི་མདུན་ལམ་གལ་ཆེན་པོ་མ་རེད་ཟེར་མཁན་ཧ་ལམ་མེད། ད་ལྟ་འཇིག་རྟེན་འདིར་ཡོད་པའི་ཆབ་སྲིད་དང་སྤྱི་ཚོགས་ལ་བསམ་བློ་གཏོང་མཁན་ཚོ་ཡིན་ན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་དེ་ཚོ་ཡོད་མེད་ཤེས་ཀྱི་མེད་ན་ཡང་། ཚེ་འདིའི་མི་ཚེའི་མདུན་ལམ་དེ་ཚང་མས་གལ་ཆེན་པོར་བརྩི་གི་ཡོད།
དེང་རིང་སང་ལ་ཆ་མཚོན་ན། ཁ་ཤས་ཀྱིས་གྲྭ་ཆས་གྱོན་ནས་ནུབ་ཕྱོགས་ལ་ཐར་ཐབས་བྱེད་ཀྱི་ཡོད་པ་དང། ཁ་ཤས་ཀྱིས་ཆབ་སྲིད་བཙོན་ཟུར་གྱི་རྣམ་པ་བསྟན་ནས་ཐར་ཐབས་བྱེད་ཀྱི་ཡོད། གང་ལྟར་བདེན་པ་དང་བདེན་པ་མ་ཡིན་པའི་ཐབས་ལམ་ག་འདྲ་ཞིག་ཡིན་ན་ཡང་བེད་སྤྱོད་གཏོང་བའི་གོ་སྐབས་ཤིག་ལ་སླེབས་ཡོད། མི་ཚེའི་མདུན་ལམ་དེ་འཚོ་བ་སྐྱེལ་བ་གཅིག་པུའི་དོན་དག་ཅིག་ཡིན་ན། བོད་ཀྱི་གཏམ་དཔེར། ཁ་གཅིག་ལག་པ་གཉིས་ཀྱིས་གསོ་མ་ཐུབ་པ་ཡོད་མ་རེད། ཟེར་བའི་བཤད་སྟངས་ཤིག་ཡོད་རེད། བོད་ལ་སྐལ་བཟང་དུས་བཟང་གི་སྐབས་ཡིན་ན། ལྟོགས་ཤི་ཐེབས་མཁན་ཕལ་ཆེར་བྱུང་མྱོང་ཡོད་མ་རེད།
དེར་བརྟེན་མདུན་ལམ་གྱི་སྐོར་ལ་བསམ་བློ་མ་བཏང་ན་ཡང་འགྲིག་གི་ཡོད། མི་ཚེ་ཟེར་དུས་མིའི་འགྲོ་བ་ལས་བྱུང་བའི་གང་ཟག་གཅིག་གི་མི་ཚེ་སྐྱེལ་སྟངས་བཤད་ཀྱི་ཡོད་པར་བརྟེན། ཕྱུགས་ལས་བྱེ་བྲག་འབྱེད་པ་ཞིག་ངེས་པར་དུ་དགོས་ཀྱི་ཡོད། ཁ་ལག་ཟ་བ་དང་། སྡོད་ཁང་བཟོ་བ། ཕྲུ་གུ་གསོ་སྐྱོང་བྱེད་པ། མཐའ་མར་ཤི་བའི་ཁྱད་པར་མ་གཏོགས་སྲོག་ལྡན་ཚང་མ་གཅིག་པ་རེད། དེ་དག་རྒྱས་སྤྲོས་ཡོད་མེད་ཙམ་གྱི་ཁྱད་པར་ལས་དུད་འགྲོས་བྱེད་མི་ཐུབ་པ་དེ་འདྲ་ཆགས་མེད། འོན་ཀྱང་དེང་སང་ཡོངས་གྲགས་བཤད་སྟངས་དེ། ཁ་ལག་དང་། གོས། ཁང་པ་གསུམ་འཛོམས་ན་མི་ཚེའི་མདུན་ལམ་འགྲུབ་པ་ལྟ་བུ་ཆགས་ཀྱི་ཡོད། དེ་ཙམ་གྱིས་མི་ཚེའི་མངོན་འདོད་འགྲུབ་ཐུབ་ཀྱི་ཡོད་ན་དཀའ་ལས་རྒྱག་དགོས་པ་དང་། ཤེས་ཡོན་སློབ་དགོས་པའི་རྒྱུ་མཚན་མེད།
ང་རང་ཚོ་མི་ཡིན་པ་ཙམ་གྱིས་མ་ཚད་མདོ་དང་བསྟན་བཅོས་ནས་བཤད་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རེད། དེར་བརྟེན་དེ་དག་ཆུ་ཟོས་སུ་བཏང་ན་ཡ་མཚན་པོ་རེད། རྟོག་དཔྱོད་བྱེད་མཁན་གྱི་གང་ཟག་ཅིག་ཡིན་ཕྱིན་ཆད། ཐག་གཅོད་ག་འདྲ་ཞིག་བྱས་ན་ཡང་དགོས་པ་དང་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས། དགོས་པ་མེད་པར་བྱས་པ་ཡིན་ན་རྟོག་དཔྱོད་ལྡན་པའི་གང་ཟག་ཆགས་ཀྱི་མེད། མི་ཚེ་སྐྱེལ་སྟངས་ལ་བསམ་བློ་གཏོང་དགོས་པ་དེ་མིའི་འགྲོ་བ་དེ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་རེད་མ་གཏོགས། བསེ་རུ་ལྟ་བུ་ཁེར་རྐྱང་དུ་འཚོ་ཐུབ་མཁན་གྱི་སྲོག་ཆགས་ཤིག་མ་རེད། གང་ལྟར་མི་ཚེའི་མདུན་ལམ་ལ་བསམ་བློ་གཏོང་སྐབས་འཇིག་རྟེན་གྱི་གནས་བབ་དེ་ཤེས་དགོས་པ་ཞིག་རེད།
ད་ལྟའི་འཇིག་རྟེན་གྱི་གནས་བབ་དེའི་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་ཡིན་པ་དེ་ཡར་ཐོན་ཡོང་གི་ཡོད། གཞན་ཚང་མ་གཉའ་གནོན་དང་བཤུ་གཞོག་གི་འོག་ལ་འགྲོ་གི་ཡོད། ད་ལྟའི་འཇིག་རྟེན་འདིའི་ནང་དྲང་པོ་སུ་ཡིན་དང་བདེན་པ་སུ་ཡིན་ལྟ་མཁན་མེད་པ་རེད། དཔལ་འབྱོར་དང་ཆབ་སྲིད་ཀྱི་ནུས་པ་ཆེ་ཤོས་དེས་གཞན་པ་ཚང་མ་བཙན་དབང་གིས་ཐོག་ནས་འདུལ་གྱི་ཡོད། དེ་ལྟ་བུའི་དྲང་བདེན་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་མི་ཚེའི་མདུན་ལམ་ཞིག་འཚོལ་དགོས་དུས། བདེན་པ་དང་། དྲང་པོ། འཚེ་བ་མེད་པའི་ཐོག་ནས་བཙལ་ཐུབ་ཀྱི་ཡོད་རེད་དམ་ཞེས་པའི་དྲི་བ་དེ་རྟག་པར་ཡོང་གི་ཡོད། དེ་བཞིན་མི་ཚེའི་མདུན་ལམ་འཚོལ་སྐབས་རྨོངས་དད་དང་གཞན་ཟེར་གཡམ་རྒྱུགས་ལྟ་བུ་མ་ཡིན་པར་རྒྱུ་མཚན་གྱི་རྗེས་སུ་འབྲངས་ཏེ་བསམ་བློ་གཏོང་དགོས། ཞེས་སོགས་ཀྱི་གསུང་བཤད་དང་སློབ་མ་ཚོའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། དེ་ནས་ས་རཱ་མཐོ་སློབ་ཀྱི་དྲུང་ཆེ་པ་སངས་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
ཕྱོགས་མཚུངས་ཕྱི་ཚེས་ ༣༠ ཉིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམས་ལའང་ཤེས་ཡོན་གལ་ཆེ་ཡིན་སྐོར་གསུང་བཤད་གནང་འདུག་པ་བཅས།།