ཟླ་རེའི་གསར་འགྱུར།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༡༢  ཚེས་ ༡༡ ནས་ ༡༦ བར་ཉིན་དྲུག་རིང་ཤེས་རིག་ཚོགས་ཁང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་རིམ་བཞི་པ་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས་གནང་།

དེ་ཡང་གོང་ཚེས་ཉིན་གཏན་འབེབས་ཆོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་གསུངས་དོན། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ནི་བཙན་བྱོལ་བོད་མིའི་མི་འབོར་གྱི་ཕྱེད་ཀ་ཙམ་ཆགས་ཡོད་པས། ཤེས་ཡོན་གྱི་གདོང་ལེན་བྱེད་དགོས་པའི་གནས་སྟངས་གསར་པ་ཞིག་ཆགས་ཡོད་པ་དང་། ཁོ་ཚོ་ཁ་འཐོར་དུ་གནས་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཁོར་ཡུག་མེད་ཀྱང་བོད་པའི་གཤིས་ཀ་ལྡན་པའི་མི་རབས་ཤིག་གསོ་སྐྱོང་བྱེད་དགོས་སྟབས། ཤེས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་དང་པོའི་སྟེང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་རགས་ཟིན་ཕུལ་བ་ལྟར་གཏན་འབེབས་ཞུས་པ་དང་། དེའི་དགོངས་དོན་འོག་སློབ་དེབ་རྣམས་རྩོམ་སྒྲིག་ཞུས་ཡོད་པས་སློབ་དེབ་འདི་གལ་ཆེན་ཞིག་ཆགས་ཡོད་པའི་གནས་སྟངས་ངོ་སྤྲོད་དང་། བོད་ཡིག་སྐད་ཡིག་གཉིས་པའི་ལམ་ནས་སློབ་ཁྲིད་གནང་མཁན་རྣམས་ལ་ཉམས་མྱོང་དམིགས་བསལ་ཞིག་ཡོད་པས་མ་འོངས་པར་མཉམ་རོགས་གནང་དགོས་པ་བཅས་གསུང་བཤད་གནང་།

ཐེངས་འདིའི་ཚོགས་འདུ་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་པས་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་གཞི་ལ་བཞག་སྟེ། དེ་སྔོན་འགྲེམས་སྤེལ་ཟིན་པའི་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་རྨང་གཞིར་བཟུང་ནས་སྔོན་འགྲོའི་སློབ་དེབ་གཉིས་དང་། འཛིན་རིམ་དང་པོ་ནས་བཞི་པ་བར་གྱི་སློབ་དེབ་རགས་ཟིན་རྩོམ་སྒྲིག་བྱས་པ་དང་། རགས་ཟིན་སློབ་དེབ་དེའི་རྩོམ་སྒྲིག་ཐད་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་བསམ་ཚུལ་བསྡུ་ལེན་ཞུས་རྗེས། ཐེངས་འདིར་ཤེས་རིག་ནས་བསྐོ་འཛུགས་གནང་བའི་གཏན་འབེབས་ཚོགས་ཆུང་གིས་སློབ་དེབ་རགས་ཟིན་སྟེང་གོ་བསྡུར་གྱིས་གཏན་འབེབས་གནང་།

གཏན་འབེབས་ཚོགས་ཆུང་གི་ཚོགས་མི་ནི། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་པ་གཅིག་ལྕོགས་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། ཕ་ཡུལ་ཤེས་བྱའི་བང་མཛོད་རྩོམ་སྒྲིག་པ་ཆོས་ཉིད་སྒྲོལ་མ་ལགས།  དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་། དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་བྱམས་པ་དཔལ་མོ་ལགས།  ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ་བློ་བཟང་འཕྲིན་ལས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་འཛིན་གྲྭའི་སློབ་དགེ་བཀྲ་ཤིས་མཚོ་མོ་ལགས། ནང་བསྟན་སྲི་ཞུ་ཁང་གི་ཨོ་ཤོད་ཚེ་རིང་གཡང་འཛོམས་ལགས་དང་ཨེ་མི་ལི་ཡ་ལགས། ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ་ཉི་མ་བུ་ཁྲིད་ལགས་བཅས་ཡིན།

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ནས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །

སྔོན་མ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་བརྒྱད་པའི་ཐོག་ཤེས་རིག་བཀའ་བློན་འགན་ལྷན་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་བཞག་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།
Menu