བདུད་རྒྱལ་བ་ཐོད་དཀར་གྱི་སེམས་ལ་ཁ་སང་གཡུ་ལྷ་ཐོག་འགྱུར་ཡང་སོང༌། དེ་རིང་ང་ལ་འགྲོ་ཟེར་བའི་གཏམ་བསམ་པ་ཆིག་སྒྲིལ་འགྱུར་མེད་ཀྱི་ཚིག་ཡིན་ཚེ་མ་སོང་ན་མི་ཡོང་བསམས་ནས་སྒར་ནང་དུ་ལོག འབྲུག་སྒྲ་དཔལ་ལྡན་ལ་འགྲོ་རྒྱུ་ཡིན་ཚུལ་གྱི་གཏམ་བཤད་ཅིང༌། ཁྱེད་རང་རྣམས་འདི་གར་སྡོད་དང༌། ང་གཡུ་ལྷ་དང་བཅས་མགྱོགས་པོར་སླེབས་ཡོང་ཟེར་ཞིང་ཟླ་གྲོགས་རྟ་མི་ལྔ་བཅུ་སྐོར་དང་བསྡེབས་ནས་དེ་ཉིད་དུ་སོང་ནས། དེར་བྱང་ལའི་ལ་ཆུང་གི་མདའ་རུ་གླིང་དམག་ཡོད་པ་དང་ཉེ་ཆར་སླེབས་པའི་ཚེ་ན་དམག་དེའི་སྒར་བསྒྲིགས་ལུགས་དང་འདོ་འཁྱིལ་ལུགས་གང་ལ་བལྟས་ཀྱང་ཡིད་མ་ཆེས་ཤིང་སྨྲས་པ། ཤན་པ་དམར་པོ་གསན་དང༌། དམག་འདི་ཧོར་དམག་རང་ཨེ་ཡིན་མི་ཤེས། སྒར་བསྒྲིགས་ལུགས་སོགས་ཅི་ལ་བལྟས་ཀྱང་ཧོར་དམག་མི་འདྲ། ལྷག་པར་མདའ་གྲི་སོགས་རྩེ་བཏོན་ལུགས་དང་སྒར་བསྒྲིགས་འདི་ལ་བལྟས་ན་འཇང་རང་ལ་ཆས་པ་འདྲ། གཡུ་ལྷ་འདི་གར་ཐུག་དང་གྱིས། དེ་བར་ངེད་རྣམས་འདི་གར་སྡོད་ཟེར་བའི་འགྲོ་མ་འདོད་པ་ན། ཤན་པས་སྨྲས་པ། བདུད་རྒྱལ་བ་ཐོད་དཀར་ཁྱེད་སེམས་འཁུ་ཁྲིགས་ཡིད་གཉིས་ཅི་ལ་བྱེད། དམག་རུ་གྲ་བསྒྲིགས་ལུགས་སྒར་གྱི་རྒྱག་ལུགས་རྣམས་ཧོར་རང་གི་སྒར་གྱི་བསྒྲིགས་ལུགས་ཡིན། བརྟགས་ཞིབ་མ་དཔྱད་པའི་དགའ་མ་མགུ་ཉམས་དགའ་དང་མ་མགུ་ཞེ་ཁྲེལ་གྱི་དཔེ་ལྟར་བྱས་ན་མི་ལེགས་ཡོང་བས་ལེགས་པར་གསོན་ཅིག་ཟེར་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གུར་མགོ་རུ་གྲ་བསྒྲིགས་ལུགས་རྣམས། །ཤན་པ་རང་གི་ཨ་ལུགས་ཡིན། །ཡིན་ཡང་ཤན་པའི་ལས་དམག་ཡིན། །ཧོར་སེར་དམག་གི་གཡོན་ཟུར་ལ། །གཡོན་སྒྲིལ་གཡོན་ལ་སྒྲིལ་ལེ་འདི། །འཕྲུ་དཀར་ནག་ས་གཞི་ཁེངས་འདྲ་འདི། །མགར་བ་ཉ་རྒྱའི་ཨ་ལུགས་རེད། །ཡིན་ཡང་ཤན་པའི་ལས་དམག་ཡིན། །ཁྲ་བོ་དམག་གི་གུང་རུ་ལ། །གུར་དཀར་པོ་མཐོང་བ་རྒྱང་ནས་མཛེས། །ལས་གུར་སྟོང་གཤོང་དཀར་མོ་རེད། །གུར་དཀར་རྒྱལ་གྱི་ལས་གུར་རེད། །དཔོན་མཆེད་གཉིས་ཡེ་ན་བཞུགས་ལེ་རེད། །དེ་མཇལ་བ་མ་ནུས་བསྡད་ཟེར་ན། །ཕོ་ཁྲི་འབུམ་འདི་ཙམ་ཚོགས་པ་ལ། །ངོ་ཚ་རྒྱུ་ཨེ་རེད་བདུད་ཆེན་ལགས། །ཞེ་ཁྲེལ་རྒྱུ་ཨེ་རེད་བདུད་ཆེན་ལགས། །གུར་དཀར་པོའི་ནང་ལ་མི་ཕེབས་པར། །ཐང་སྟོང་པའི་ནང་དུ་བཞུགས་ཟེར་ན། །བཀའ་བཀྱོན་ཤན་པ་ང་ལ་ཡོང༌། །ཁ་སྐྱེངས་པ་བདུད་ཆེན་ཁྱོད་ལ་ཡོང༌། །མ་བཞུགས་འདོ་བ་ཆིབས་ཁ་སྐྱོད། །ཧོར་སེར་ལས་དམག་མིན་ཟེར་ན། །ཤན་པ་མི་རྟ་རྐང་སྐོར་གྱིས། །ལུས་དང་སྲོག་ལ་ཕོད་དུ་བཙུགས། །དེ་ནས་ཡིད་ཆེས་ཨེ་སྐྱེས་ལགས། །དེ་ཚོ་བདུད་ཆེན་ཐུགས་ལ་ཞོག །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས་པས། བདུད་རྒྱལ་གྱི་སེམས་ལ་ཁོ་རང་གིས་ཟེར་བ་ལྟར་བདེན་དུ་ཡང་རུང་བསམ་བཞིན་ཡོང་མུས་ལ། གླིང་པ་རྣམས་ཀྱིས་རྒྱང་ནས་མཐོང་སྟེ་དམག་རྟ་མི་ཁྲ་ལོང་ལོང་ཐལ་བ་ཕྱུར་ཕྱུར་དུ་བྱུང་བས། གླིང་དམག་ཤོར་དོགས་ཀྱིས་དམག་མི་རྣམས་ཆ་བགོས་ཀྱིས་རུ་རེ་རེ་ནས་མི་ལྔ་བཅུ་རེ་ལག་རྡོ་བགོས་ཤིང༌། གཞན་མ་རྣམས་ཀྱིས་སྒར་སྒོར་བསུ་བ་ལྟར་ཟིང་ཟིང་བྱེད་པའི་སྐབས་དེར། བདུད་རྒྱལ་བ་ཐོད་དཀར་དང་ཟླ་གྲོགས་རྣམས་སླེབས་ཤིང་རྟ་ནས་བབས་པའི་སྐབས་དེར། གོང་དུ་རྡོ་བགོས་པའི་འཇང་མི་རེ་རེ་ལ་གླིང་མི་གསུམ་གྱི་ཆ་ཡོད་པ་རྣམས་ཐམས་ཅད་འདུས་ཤིང༌། རང་རང་རྩེ་པག་ཐུར་གྱིས་འཇང་མི་ལྔ་བཅུ་ང་གཅིག་པོ་ཐམས་ཅད་བསད། སྐབས་དེར་གླིང་རྣམས་ནས་ཀི་དིར་གྱིས་ལུང་པ་བཀང་ཞིང་སེམས་བདེ་བས་ཁྱབ་ཅིང་གནས་སོ། །དེའི་སང་སྔ་བར་ཤན་པ་དང་གུང་པ་གཉིས་མངགས་ཤིང༌། འབྲུག་སྒྲ་དཔལ་ལྡན་དེ་ཡང་གོང་གི་དམག་དཔོན་གཉིས་ཁ་བསླུ་བྱས་པ་ལྟར་བྱེད་བསམ་པ་ཡོད་པས། དེའི་ནུབ་འབྲུག་སྒྲ་དཔལ་ལྡན་ལ་རྨི་ལམ་ཡག་རྒྱུ་མ་བྱུང༌། སང་སྔ་བར་ལངས་ཞིང་རུ་གསུམ་གྱི་སྒར་ནང་ནས་མི་དྲག་རྣམས་བསགས་ཤིང༌། དེ་རིང་ཉིན་འཁོར་ལ་མི་གྲིབ་ཅན་གཅིག་ཡོང་བ་ཡོད། མདང་རྨི་ལམ་དུ་རླུང་དམར་གྱི་དཀྱིལ་ན་བདུད་རྒྱལ་བ་ཐོད་དཀར་དཔོན་གཡོག་རྣམས་འདར་ལིང་ལིང༌། གྲང་ཞུམ་ཞུམ་ལུས་ཀྱི་རྒྱན་གོས་རྣམས་ཀྱང་མེད་པ་འདྲ་བ་ཞིག་བྱུང༌། གཡུ་ལྷ་ནི་གར་སོང་ཆ་མེད་ཟེར་བའི་གཏམ་ཤོད་མི་མོན་གྱི་བུ་མོ་འདྲ་བ་ཞིག་འདུག དེའི་རྗེས་སྤྲང་ཐོག་ཁྲག་གི་མཆིལ་མས་ཚོས་པ་ཞིག་དང་དར་སྤྱང་གྲ་མ་ཉམས་པ་ཞིག་བྱུང་བ་རྨིས། ཅི་ཡིན་མི་ཤེས་ཏེ་བློ་བདེ་བའི་གནས་གཅིག་མི་འདུག་ཟེར་བ་ལ། གཞན་མ་རྣམས་གྱིས་ཅང་མི་ཟེར། གཡུ་ལྷའི་ཤོག་ནས་འདན་རྒོད་དར་ལུ་ཟེར་བ་དེ་ན་རེ། དམག་དཔོན་གཉིས་ནི་ཉ་གཏད་ཀྱི་ཁུལ་མེད་པར་ལངས་སོང༌། །དེའི་རྗེས་འབྲུག་སྒྲའི་རྨི་ལྟས་ངན་པ་སོགས་ཅི་ནས་བལྟས་ཀྱང་ཡག་རྒྱུའི་གཞི་མེད། ཡིན་ཀྱང་དམག་དཔོན་ཆེ་གཉིས་མེད་པས་སོང་བས་ནི་མ་བྱུང༌། དེ་རིང་ཉིན་འཁོར་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་སྡོད་པ་ལས་འོས་མེད་ཟེར་ཞིང་གྲོས་འཆམ་ནས་བསྡད་དོ། །ཉི་མ་ཕྱེད་ལ་ཟིན་ཙམ་ནས་ཤན་པ་གུང་པ་གཉིས་སླེབས་ཤིང༌། རྒྱང་ཙམ་ཡོད་སྐབས་འབྲུག་སྒྲའི་དཔལ་ལྡན་དེས་གོ་ཁྲབ་དང་འཁོར་གསུམ་གྱོན། རྟ་སྤྲིན་དཀར་མཐོང་མཛེས་དེའི་སྟེང་དུ་ཐོན་ནས་སྒར་ནང་ནས་མདའ་རྒྱང་གང་ཙམ་སྔོན་དུ་ཆད་ཅིང༌། སྟོང་འཇུག་གཏམ་ལེན་ཅི་ཡང་མེད་པའི་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །བསྐྱབས་སོ་བར་ཐེལ་ཁྲ་བོས་སྐྱོབས། །མཆོད་དོ་ས་ཐེལ་ནག་པོ་མཆོད། །དེ་རིང་ཁ་འཛིན་སྡོང་གྲོགས་མཛོད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་བོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་ཡུལ་མཚལ་ར་སྨུག་པོ་ནས། །ཡུལ་གྲུ་བཞི་འདོད་དོན་འཛོམ་ས་ནས། །དཔོན་མི་འགྱུར་རི་རྒྱལ་འདྲ་བའི་གཡོག །འབྲུག་སྒྲ་དཔལ་ལྡན་རྒོད་པོ་ཟེར། །ཕོ་ལོ་བཅོ་བརྒྱད་སྟེང་ལ་ཡོད། །སྟང་མ་བཅོ་བརྒྱད་ལུས་ལ་ཚང༌། །མི་རྒྱུད་མ་ཆད་ཡ་རབས་རྒྱུད། །དམར་ཡག་སྟག་གི་ངར་རྩེ་ཡིན། །རྨུ་རྗེ་ས་ཐམ་རྒྱལ་པོ་དེ། །ཕྱི་གླིང་ནང་གླིང་བར་གླིང་གསུམ། །ཚོ་གསུམ་སྡེ་ཤོག་ཚོགས་ཉིན་མོ། །རྒྱལ་པོའི་ཐུགས་འཛིན་ང་ལ་ཡོད། །འདྲ་འདྲའི་ནང་གི་ལྷག་ལེ་ཡིན། །ངོ་དཀར་ཕག་ནས་ཞེ་ནག་ཅན། །ཁ་འཇམ་རྒྱུད་ནས་མགོ་སྐོར་ཅན། །ཐན་སྐྱེལ་རིམ་པར་བཏོན་ཞིང་བྱུང༌། །ད་རུང་ཧམ་ཆེན་ཅི་འདྲ་ཡིན། །དམག་དཔོན་གཡུ་ལྷ་ཐོག་བསྒྱུར་དང༌། །བདུད་ཆེན་རྒྱལ་བ་ཐོད་དཀར་གཉིས། །འདིར་ཡོད་མི་བཏོན་ཅི་འདྲ་ཡིན། །ཁ་སང་གཡུ་ལྷ་འགྲོ་བའི་དུས། །ཞག་གསུམ་ཚུན་ལ་འཁོར་ངེས་ཡིན། །ད་རུང་མི་ཡོང་ཅི་འདྲ་རེད། །ཤར་གླིང་དཀར་སྟོད་ཀྱི་རྒྱལ་པོ་ལ། །བྱུས་ཁྲ་མོ་རྒུ་རུ་འཛིན་ཚོད་དེ། །ཐབས་དང་ཤེས་ཀྱིས་ལེན་དགོས་ཟེར། །ད་རུང་མི་ལེན་ཅི་འདྲ་རེད། །ཨ་ཀྱང་མཚར་གྱི་ཆེ་བ་ལ། །སྔ་ཚིག་ཕྱི་ནོན་མེད་པ་ནི། །རྫུན་མས་ཧམ་གཏམ་ལབ་ལབ་རེད། །བསླུ་ཚིག་དྲན་ཁུལ་ཆེ་བ་དེ། །དྲེད་མས་ཁྲམ་གཏམ་ལབ་ལབ་རེད། །མི་མགོ་ཐབས་ཀྱིས་བསྐོར་བ་འདི། །ཁྱི་རྒན་བདག་མ་ཁྲི་ཁྲིག་རེད། །ཁྲམ་ཚིག་དྲན་གཏམ་མགོ་སྐོར་དེ། །མི་ང་ཙམ་ཐོག་ལ་འགྲོ་ས་མེད། །དམག་དཔོན་མཆེད་གཉིས་མགོ་བྱས་ཀྱི། །ཁྲབ་མ་ཚེ་མདུད་སྤུངས་སེ་དེ། །མི་དར་ཁྱོད་ཀྱིས་མགྲོན་དུ་བོས། །འདི་ཡོད་ཡོད་ན་ད་ལྟ་སྟོན། །དེ་མིན་གསོན་དུ་གཏོང་རྒྱུ་མིན། །གོ་ན་རྣ་བའི་བདུད་རྩི་ལ། །མ་གོ་དྲན་པའི་ཟུར་དུ་ཕུད། །དེ་ཚོ་ཡན་ལ་ལབ་རྒྱུ་མེད། །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས། གྲི་མགོ་འཕུར་ཞིང་ངར་ལངས་པའི་སྒོ་ནས་སོ་སྒྲ་ལྡིར། མིག་རྩ་དམར་འཁྲུག་འཁྲུག་བྱེད་པའི་སྐབས་དེར། ཤན་པའི་བསམ་པ་ལ་མི་འདི་ལ་གཞན་འདྲའི་བརྙས་བཅོས་འགྲོ་བའི་རིགས་མི་འདྲ། སྟབས་ལེགས་པོ་ཞིག་མ་བྱས་ན་མི་འོང་བསམས་ནས་སྨྲས་པ། ཁོ་རེ་འབྲུག་སྒྲ་རྒོད་པོ་ང་རྒྱལ་གཅིག་པོས་ཆོག་པ་མིན། མི་གཞོན་གྱིས་དཔའ་འདོད་བྱས་ཀྱང་གྱོད་ཀྱི་གཞི་ཡིན། དེ་བས་ང་ཤན་པ་དམར་པོའི་གཏམ་ལ་དོན་འབྲས་ཡོད་པས་ཉོན་ཅིག་ཟེར་ནས་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ང་དང་ང་ངོ་མ་ཤེས་ན། །སྡིག་སྤྱོད་ཤན་པ་རྨེ་རུ་རྩེ།་་་་།མཐོན་པོའི་ཡའུ་ཤན་པ་ཡིན། །དགུང་དང་ཉི་ཟླ་སྡེབ་འདྲ་ཡིན། །དམའ་བའི་གྲོགས་པོ་ཤན་པ་ཡིན། །གཏམ་དང་སྤྲད་ས་སྡེབ་འདྲ་ཡིན། །གཏམ་ན་བརྒྱ་ཁ་གཅིག་ཐོགས་ཡིན། །དབྱུག་ན་གླང་ཆེན་བརྒྱད་འགྲིག་ཡིན། །ཤེས་གོ་རིག་ནམ་མཁའི་རང་མདངས་ཡིན། །མ་ངར་མ་ངར་ཕ་ཡི་བུ། །དྲིན་ཕ་མའི་མདུན་གྱི་གཅེས་ཕྲུག་དེ། །ས་མདའ་མ་བསྐོར་རིག་ཉུང་ཆུང༌། །རྟ་གསར་ཐུ་རུའི་ལག་སྣེ་དེ། །མ་སྦྱང་མ་རྒྱུག་ཁ་ངར་ཆེ། །ལུང་ཆུང་ཕུག་གི་ཁྱི་རྒོད་དེ། །དམར་ཡག་ཁྱེར་ན་བདག་ལ་འཇུ། །མགོ་སྟོད་རྣ་བས་ང་ལ་ཉོན། །ད་ནང་ནང་མའི་སྔ་དྲོ་ལ། །ཧོར་རྗེ་གུར་དཀར་རྒྱལ་པོ་དང༌། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གཉིས། །བདུད་ཆེན་རྒྱལ་བ་ཐོད་དཀར་གསུམ། །ཉི་ཟླ་སྐར་གསུམ་སྡེབ་དང་མཚུངས། །གླིང་བཞིའི་འོད་ལ་དགུག་ཅིང་འདུག །སྟག་སེང་གཟིག་གསུམ་བསྡེབས་དང་མཚུངས། །ས་གཞི་རྔམ་ཞིང་དཔའ་བར་འདུག །ཤན་རྒོད་ཁྲ་གླག་མཉམ་སྡེབ་བཅས། །དགྲ་ལ་དགྲ་ལན་འཕྲོད་ངེས་འདུག །གཉན་ལ་ཇ་ཆང་ཕྱར་ངེས་འདུག །དཔོན་པོ་མཆེད་གསུམ་གསུང་ལེ་ལ། །ཤན་པ་མ་སྡོད་རྒྱུག་ཤོག་གསུངས། །དམག་དཔོན་འབྲུག་སྒྲ་དཔལ་ལྡན་དེ། །ཆིབས་ཁ་གདན་ཞུ་གྱིས་ཤོག་གསུངས། །མ་སྡད་ཤན་པ་ཡོང་ལེ་ཡིན། །སང་གི་ལྷ་ཉིན་དཀར་པོ་ལ། །དམག་དཔོན་ལྷ་གུར་ནང་དུ་འཛོམས། །གླིང་དཀར་བྲན་དུ་འགུགས་ལེ་ལ། །གཏམ་དང་གྲོས་ཁ་འདིང་དགོས་ཡོད། །འབྲུག་སྒྲ་དཔལ་ལྡན་མེད་ཐབས་མེད། །འཇང་ཕྲུག་མཚལ་ར་སྨུག་པོ་ལ། །གྲགས་པ་ཆེ་བའི་མི་གཅིག་རེད། །ལོ་གཞོན་ཀྱང་ཤེས་རིག་རྒྱས་ལེ་རེད། །གངས་སེང་དཀར་པོའི་བུ་རྒྱུད་དེ། །མ་ཚར་གྱུར་ཀྱང་གཡུ་རལ་རྒྱས། །བྱ་རྒྱལ་ཁྱུང་གི་ཕྲུ་གུ་ལ། །མ་ཚར་གོང་ན་གཤོག་སྒྲོ་རྒྱས། །རྒྱ་སྟག་ཁྲ་བོའི་བུ་རྒྱུད་ལ། །གཞོན་ནུའི་དུས་སུ་རི་མོ་ལོགས། །འབྲུག་སྒྲ་དཔལ་ལྡན་རྒོད་པོ་ཁྱོད། །ཆུང་ངུའི་དུས་སུ་ཤེས་པ་བཀྲ། །སྐོར་ན་གོང་དཀར་སེམས་ལ་བསྐོར། །ཁྲ་ཆུང་སྐོར་མགོ་མ་ཤེས་ན། །དགྲ་དང་གཉེན་ལ་ནོར་འཁྲུལ་ཆེ། །བསམ་གཏན་སྒོམ་ལུགས་མ་ཤེས་ན། །ལྷ་བདུད་གཉིས་ལ་ནོར་འཁྲུལ་ཆེ། །ཤན་པ་དགྲ་རུ་འཛིན་རྒྱུ་ལ། །གཡུ་ལྷས་བཏང་བའི་ཕོ་ཉ་ལ། །འབྲུག་སྒྲས་དགྲ་བཟུང་ཟེར་བ་ན། །དམག་དཔོན་ནང་འཁྲུག་ཡོང་བའི་གཞི། །བུ་ཆུང་བསམ་བློ་འཁྲུལ་ལེ་རེད། །དེ་འདྲ་ལར་གྱི་དགོས་དོགས་མེད། །སྡེ་གཉིས་འདུན་མ་གཏམ་ལེ་ལ། །དཔོན་པོ་ཁ་གཏམ་མཐུན་ལེ་དགོས། །ད་ཡང་མི་སྡད་ཕེབས་རྒྱུ་གྱིས། །ངེད་གསུམ་མི་སྡོད་བསྡེབས་ནས་འགྲོ། །རྟ་གསུམ་མི་བཏང་ཁ་རུ་སྒྲིལ། །གཏམ་གོ་ནི་ཨེ་བྱུང་འབྲུག་སྒྲའི་དཔོན། །གོ་ན་སེམས་དཀར་དང་དུ་ལེན། །མ་གོ་ནན་ཏན་སྐྱོར་རྒྱུ་མེད། །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས། མཇུག་མ་རྫོགས་ཙམ་དུ་སྡེ་རྒོད་དར་ལུ་དེ་ཡང་རྟ་ནག་པོ་དེ་གཡབ། འཁོར་མི་ནག་རྟ་ནག་ལྔ་བཅུ་སྐོར་བཅས་ཐམས་ཅད་འུར་སེ་རྒྱུགས་བྱུང་བ་ཡང་སླེབས། ཤན་པ་ནི་བློ་ཕུག་ཏུ་ཧབ་ཧབ་འཚབ་འཚབ་ཡོད་ཀྱང་མ་འཇིགས་པའི་ཚུལ་བྱས། གུང་པ་ནི་འདར་ཞིང་ཁྲབ་གཤོམས་མི་བྱེད་པའི་སྐབས་དེར། འབྲུག་སྒྲ་དཔལ་ལྡན་དེ་ཡི་བསམ་པར་མི་འདི་གཉིས་ཡིན་ལུགས་དང་རང་རྒྱུད་ཅི་ནས་བལྟས་ཀྱང་རྩ་བ་གླིང་ལ་ཐུག་ཡོད་པ་ཁག་ཐེག དཔེར་ན་བང་མཛོད་སྒོ་དབྱེ་བའི་ལྡེ་མིག་ལྟ་བུ་སྔོན་དུ་ཐབས་མཁས་ཀྱི་མངགས་པ་ཡིན་སྲིད། སྒོས་སུ་མ་སྤྱང་བཟའི་རྨི་ལམ་གྱི་ལྟས་རྣམས་མི་འདི་ལ་ཚང་འདུག གཡུ་ལྷ་དང་བདུད་རྒྱལ་བ་ཐོད་དཀར་གཉིས་ལོག་རྒྱུ་མེད་པ་ཁག་ཐེག ཁོ་རང་གཉིས་འདི་རང་ལ་མེད་པ་བཟོས་ན་འཕྲུག་གཙང་བསམ། གློ་བུར་ཚིག་པ་ཟ་ནས་གྲི་ཁ་སྤར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ཡར་མཆོད་དགུང་སྔོན་གཡང་གི་རི། །དགུང་སྔོན་གླུ་ཡིས་མ་མཆོད་ན། །མགོ་དར་འཕྲུའི་གཏད་སོ་གང་ལ་བྱེད། །གླུ་བར་མཁྱེན་བར་སྣང་ཡངས་ས་ནས། །བར་སྣང་གླུ་ཡིས་མ་མཆོད་ན། །ལུས་འདོམ་གང་གཏད་སོ་གང་ལ་བྱེད། །མ་མཆོད་དགོས་མོའི་བསྲ་གཏན་ན། །ས་དོག་མོ་གླུ་ཡིས་མ་མཆོད་ན། །རྐང་མཐིལ་དྲུག་གཏད་སོ་གང་ལ་བྱེད། །དེ་ནས་ང་ལ་ཉན་རྒྱུ་ལ། །དར་ལུང་རྣ་བའི་སྐད་རྒྱང་ལ། །ཧོར་ཡ་ཟི་གུར་དཀར་རྒྱལ་པོ་རྣམས། །རྗེས་མེད་ཤི་ནས་ལོ་གཅིག་ཟེར། །གོར་ཡུལ་ལུང་གསུམ་སྟོང་པ་ཟེར། །ད་ལོ་ཤི་སྔ་ཡོད་རྒྱུ་རེད། །ལོ་རེ་ཤི་ཞིང་ལོ་རེ་ལངས། །སྐྱེ་འགྲོའི་སྲོལ་ལ་མི་དར་ལེ། །ཧོར་སེར་པོའི་ཕ་སྲོལ་ཅི་འདྲ་རེད། །ཡང་མིན་ན་ཁྱོད་རང་སྨྱོ་ལེ་རེད། །སྨྱོ་ཚིག་ལུང་པ་འགེངས་ལེ་རེད། །མིན་ན་ཁྱོད་རང་འཆལ་ལེ་རེད། །འཆལ་གཏམ་ས་གཞི་ཁྱབ་ལེ་རེད། །འདི་ལོ་ཕར་དམག་ཆས་པའི་དུས། །ཨ་མ་འཇང་བཟའ་ལྷ་མོ་དེའི། །རྨི་ལམ་མ་བཟང་ངན་ནས་བྱུང༌། །ལྟས་ངན་འུག་པ་སེར་པོ་ཡིས། །དུང་སྒོང་སྤུན་གསུམ་ཟོས་པ་རྨིས། །འདི་ལོ་མི་བཟང་ཉེས་ཡོད་ཟེར། །གེ་སར་རྒྱལ་པོའི་ཆོས་སྲིད་ལ། །མ་གྲགས་མེད་པའི་ཁྱབ་ངོ་རེད། །ཁྱོད་ཀྱི་ཁ་མཁས་གླེང་མོ་དེ། །འཇང་སྡེ་གྲོགས་སུ་འགྱུར་བསམ་མེད། །སེར་པོ་ཧོར་དང་ས་ཐམ་འཇང༌། །བྱུས་སྣེ་འཐུད་ལུགས་ཅི་ཞིག་བྱེད། །ཤི་གསོན་གཉིས་ཀྱི་བྱུས་འཐུད་ནི། །ཅི་ནས་བལྟས་ཀྱང་ཡོང་ཐབས་མེད། །ཧམ་ཆེན་གཏམ་ཏེ་ཞོག་དང་དགའ། །དམག་དཔོན་ཆེ་གཉིས་ཞལ་རེ་དེ། །འདིར་ཡོད་སྟོན་རྒྱུ་གཅིག་ཀྱང་མེད། །ད་རུང་བཤད་བཤད་ལུང་པ་གང༌། །མི་དར་སེམས་ཀྱི་དཀྲུགས་ལུགས་ལ། །རལ་གྲི་ཁྲག་འཐུང་ངར་ཆེན་འདི། །དེ་རིང་ཁྱོད་ལ་མཐའ་ངེས་ཡིན། །ཨེ་རེད་མ་རེད་བསམ་བློ་ཐོངས། །བསམ་ཤེས་ཡིན་ན་བླ་མ་སྒོམས། །འདོན་ཤེས་ཡིན་ན་ཡིག་དྲུག་ཐོན། །སྒྱུ་མའི་ལུས་ཕུངས་ས་ལ་རྡེབ། །རྣམ་ཤེས་མར་མེ་གུང་དུ་འདྲེན། །
ཞེས་ཟེར་ཞིང་མཚོན་ཁྲག་འཐུང་དེ་ཕྱེད་ཙམ་བཏོན་སྐབས། ལྡེམ་རྒོད་དེས་དཔུང་པ་ནས་བཟུང་ཞིང་འདོན་དུ་མ་སྟེར་ཞིང༌། ཁྱོད་ཅུང་ཟད་ལག་སྔ་བའི་སྐྱོན་ཡོང༌། དེ་བས་འདི་ལྟར་བྱས་ན་བསམ་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །མི་དམར་རྟ་དམར་གཡབ་ལེ་ཁྱོད། །ཟར་གཏམ་ཟུར་གཏམ་མང་བ་ལ། །དེ་བསམ་འབྲུག་སྒྲ་ཞེ་སྡང་ལངས། །དམག་དཔོན་མཆེད་གཉིས་འདིར་ཡོད་མེད། །དེ་བསམ་འབྲུག་སྒྲ་ཚིག་པ་ཟོས། །མཐའ་ངེས་ཁྱོད་ལ་མཐའ་རྒྱུ་རེད། །དགའ་རུ་བསམ་མམ་སྡུག་ཏུ་བསམ། །ཡིན་ཀྱང་ཨ་བུའི་འདུན་མ་ཡོད། །དེ་རིང་ཉི་མའི་དཀར་ལམ་དང༌། །སང་ཉིན་གནམ་གང་ཚུན་བསྟན་ལ། །མ་བསད་བུ་གཉིས་བཞག་རྒྱུ་གྱིས། །དམག་དཔོན་ཆེ་གཉིས་སྒུག་ལ་སྡོད། །དེ་ནས་ཚུར་ཡོང་མ་བྱུང་ན། །མི་ཤ་ཟོག་ཤོར་རྩ་ར་རེད། །ཐོན་ངེས་ཁྱོད་ཀྱི་སྟེང་དུ་ཡོང༌། །དེ་ནས་འབྲུག་སྒྲ་དཔལ་ལྡན་ལགས། །ངར་རྒོད་བུ་ཡི་གཡུལ་ངོ་དེ། །དེ་ནུབ་དཔའ་ཁ་འཐེན་ཙམ་གྱིས། །རྣོ་ངར་རྒྱ་ཁྲ་ཤུབས་ལ་བཞུགས། ། །མ་འདུག་ཁྲ་བོ་སྒར་ལ་འགྲོ། །འོག་གི་རྟ་དང་སྟེང་གི་མི། །བར་གྱི་གོ་མཚོན་དེ་རིགས་ལ། །མ་ཉམས་མགྲོན་པོའི་ཚུལ་དུ་བཞུགས། །དེ་ནས་དཔོན་གཉིས་མ་བྱོན་ན། །ཁྱོད་རང་སྒྲུབ་ལེ་རང་ལ་འཁོར། །སྤྱོད་པ་ངན་པའི་ཁྱེར་ཚུལ་དེ། །ཐ་མ་སྲོག་གི་བདུད་དུ་ཡོང༌། །འགྱོད་ཀྱང་བྱ་ཐབས་ཅི་ཡང་མེད། །ཨེ་རེད་མི་རེད་འབྲུག་སྒྲ་དཔོན། །ང་རང་བསམ་བློ་དེ་ལྟར་ཡོད། །རེད་བསམ་འབྲུག་སྒྲའི་ཐུགས་ལ་ཞོག །
ཅེས་ཟེར་བ་ལ། འབྲུག་སྒྲ་དཔལ་ལྡན་གྱི་བསམ་པར་ལྡེམ་རྒོད་དར་ལུ་འདི་ཡང་འཇང་ཡུལ་དུ་ལྡིང་ཆེ་བ་ཚད་དུ་གྲགས། དེ་རིང་ཁོ་རང་གིས་ཟེར་བ་ལྟར་བདེན་ཡོང༌། རྒྱ་ལ་གཡུ་ལྷས་མངགས་པ་ཡིན་སྲིད་ན། གསོད་ཀྱང་མི་རུང་བསམ་ཅུང་ཟད་ངར་ཞི་བའི་ཚུལ་བྱས་ནས་བསྡད་དོ། །དེར་ཤན་པའི་བསམ་པར། ད་སྟེ་མི་འདིས་བྱ་བ་ཉེས་པོ་ཞིག་སྒྲུབ་རྩིས་འདུག་རུང་རེ་ཞིག་ཁོ་རང་གིས་ཟེར་བ་ལྟར་སྡོད་པ་ལས་འོས་མ་འདས། འོན་ཀྱང་ད་རུང་གོ་བསྟོན་འདྲ་ཡོད་བསམ་སྨྲས་པ། ཁོ་རེ་འབྲུག་སྒྲ་ཀླད་མེད་ཀྱི་ལས་དེ་མ་བྱེད་བསམ་བློ་ལེགས་པར་སྐོར་དང༌། ཤན་པ་བསད་རུང་ཆོག་སྟེ། མི་ཤ་ཐོན་ངེས་ཀྱི་ཐ་མ་འཇང་རྒྱལ་བློན་རང་ལ་མཐའ་བ་ཞིག་འགྲུབ་ཡོང་ཟེར་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །སྟོང་ཉིད་དབྱིངས་ཀྱི་རྭ་བ་ནས། །མཁྱེན་ནོ་གནམ་ཐེལ་ར་དཀར་སྐྱ། །དེ་རིང་ཤན་པའི་དཔལ་མགོན་མཛོད། །ཧོར་སེར་བསྟན་པ་ཚུགས་པར་ཤོག །དེ་ནས་ཉོན་དང་འབྲུག་སྒྲ་དཔོན། །རྒོད་པོ་ངར་གྱི་སྡོང་པོ་ཅན། །རྣོ་སྡིག་མཚོན་གྱི་གྲི་མགོ་ཕུར། །བདེན་ངེས་ཡིན་ནམ་ཀུ་རེ་ཡིན། །བདེན་ངེས་ལས་ཤིག་ཡིན་ཟེར་ན། །དམག་དཔོན་ཁྱབ་ས་ཆེས་ངེས་རེད། །མི་ལ་བཤད་ན་ག་འདྲ་ཤོད། །རང་གི་སེམས་གཏད་ག་ལ་བྱེད། །སྡང་བའི་དགྲ་དང་བྱམས་པའི་གཉེན། མགོ་ནག་མི་ཡི་ཁྲེལ་རྒྱུ་རེད། །གཡུ་ལྷས་མངགས་པའི་བང་ཆེན་རེད། །འབྲུག་སྒྲས་གསོན་དུ་མ་བཏང་ཟེར། །ཁ་ཐོགས་མི་ཡིས་གླེང་རྒྱུ་ཡོང༌། །ཕོ་ལོ་བཅོ་བརྒྱད་ན་གཞོན་ལ། །གཏམ་ངན་ཚད་ཅིག་བཞག་རྒྱུ་རེད། །ད་རུང་དེས་ཀྱང་མ་ཚད་པའི། །འ་ཆེན་གཞུང་གི་གུར་དཀར་དང༌། །ས་ཐམ་འཇང་གི་རྒྱལ་པོ་གཉིས། །རི་དགུ་མདུད་པ་སྒྲིལ་རྒྱུ་རེད། །མཚོ་དགུ་རྦ་རླབས་འཁྲུག་རྒྱུ་རེད། །ད་ལྟ་གངས་རི་ཉི་སྡེབ་ལ། །རྫ་ནག་མུན་སྡེབ་བཟོ་རྒྱུ་མེད། །ད་ལྟ་མེ་ཏོག་སྤང་སྡེབ་ལ། །རྩྭ་ཕུར་རླུང་གིས་དཀྲུགས་རྒྱུ་རེད། །མི་ཆུང་བྱ་བ་མི་ཆེ་འམ། །བསམ་ཆུང་གྱོད་གཞི་མི་ཆེ་འམ། །ད་དུང་བསམ་བློ་ལེགས་པར་སྐོར། །ན་རབ་གཅིག་ལ་རྡོག་གཏད་ན། །ཉི་ཟླ་གུང་དང་ཆེ་སྡེབ་དེ། །ས་ཐར་གུར་དཀར་གཉིས་ལ་གྱིས། །མུན་པ་ཆེ་ཡང་རང་ཤི་ཡིན། །དཔོན་པོ་ཉི་ཟླ་ཟུང་འབྲེལ་དང༌། །བློན་ཚོགས་སྐར་ཕྲན་མཐའ་གང་དེ། །དཔོན་མགོ་ཉི་མ་ཤར་འདྲ་བྱེད། །གྲོས་མགོ་མཁར་བཙན་བཟུང་འདྲ་བྱེད། །སྡེ་གཉིས་རྩི་ཐོག་ཆགས་འདྲ་བྱེད། །མ་བཞུགས་འབྲུག་སྒྲ་ཕེབས་རྒྱུ་གྱིས། །ན་རབ་རྡོག་གཏད་དེ་ལ་གྱིས། །དེ་འདྲ་མི་བྱེད་མི་དགའ་ན། །ན་འབྲིང་སེམས་གཏད་འདི་འདྲ་བྱེད། །ཡ་ཟིའི་ཧོར་གྱི་རྒྱལ་པོ་དང༌། །ས་ཐམ་འཇང་གི་རྒྱལ་པོ་གཉིས། །རྩོད་རྒྱུ་མེད་པའི་ལབ་རྒྱུ་དེ། །ཕར་ཤོར་མེད་པའི་ཤ་ལེན་གཉིས། །དོན་མེད་མི་བྱེད་ཞོག་ནས་ཐོངས། །དཔོན་གཉིས་བྱུས་སྣེ་མི་མཐུད་ཀྱང༌། །སྡེ་གཉིས་ཁ་འཐབ་བཟོ་དོན་མེད། །ར་རྒན་ཆེ་ན་རང་སར་སྡོད། །ཉི་ལམ་དྲོ་ན་བྲག་སྟོད་བཟུང༌། །གཡང་དཀར་ཆེ་ན་རང་སར་སྡོད། །སྤང་རི་མཐོ་བའི་ཟས་ལ་འགྲོ། །ངེད་གཉིས་འཛིན་ས་དོན་མེད་ཡིན། །ད་རུང་དེས་ཀྱང་མ་ཚད་པའི། །སེམས་ནག་སྡོང་པོ་ནོར་ལ་བཟུང༌། །ཚིག་ངན་འབྲས་བུ་ཁ་ནས་འབུད། །སྤྱོད་ངན་ལོ་མ་སྟེང་ནས་འཁྲིགས། །དེ་རིང་ངོ་གཉིས་བསད་ཟེར་ན། །སང་ཉིན་ར་མདའ་སླེབས་ནས་ཡོང༌། །དཔོན་གཉིས་གཏོང་བའི་རེ་བ་མེད། །ཨ་ཡག་ཁྱོད་རང་བསམ་བློ་ཐོངས། །བྱ་རྒྱུ་བྱེད་རྒྱུ་གང་ཡང་མེད། །ད་ལྟ་ཁྱོད་རང་ལག་ལ་ཡོད། །ཡག་ཉེས་བྱ་བ་ཕྱི་ནས་ཤེས། །གོ་ན་གཏམ་ལ་དང་ལེན་གྱིས། །མ་གོ་ནན་ཏན་སྐྱོར་རྒྱུ་མེད། །ཤེས་ན་ཚིག་ལ་དོན་འབྲས་ཡོད། །མ་ཤེས་བཅལ་གཏམ་རྣ་ཟུར་འགྲིམས། །
ཞེས་གླུ་དེ་ལྟར་བླངས། འབྲུག་སྒྲ་དཔལ་ལྡན་གྱིས་སྨྲས་པ། ཨ་བུ་ལྡེམ་རྒོད་ཀྱིས་ཟེར་བ་ལྟར་ཞག་གཅིག་གཉིས་ཁྱོད་རང་གཉིས་སྒར་ནང་དུ་བསྡད་ན་མ་གཏོགས་དེ་མིན་བསམ་བློ་གཅིག་ལས་མེད། ང་ཁྱེད་ཀྱི་རྗེས་ལ་འགྲོ་བ་ཡང་མི་རུང་ཟེར་བ་ལ། ཤན་པ་དང་གུང་པ་གཉིས་ཀྱིས་རེ་ཞིག་སྡོད་པ་ལས་འོས་མ་འདས་ཟེར་ནས་བློ་མཐུན་ཞིང་འཇིགས་ཞུམ་པའི་ངང་དུ་འཇང་དམག་དེའི་སྒར་ནང་དུ་བབས་སོ། །དུས་དེ་ཙམ་ན་འཛམ་གླིང་སེང་ཆེན་རྒྱལ་པོ་འཁོར་དཔུང་དང་བཅས་པ་སྒར་བཏབ་ནས་བཞུགས་པའི་ཚེ། ནམ་སྲོད་ཀྱི་ཕྱེད་ཡོལ་ཙམ་དུ་ནམ་མཁའ་འཇའ་འོད་དང་སྒྲ་སྙན་པའི་རོལ་མོ་ལྷང་ལྷང༌། དྲི་ཞིམ་སྤོས་དང་སྨན་སྣ་ཚོགས་འདུ་བ་འཐིབ་ཏུ་བྱུང་བས་མཐར་སྤྲིན་འཇའ་སྣ་འཁྲིགས་པའི་དབུས་སུ། ལྷ་ཡི་བུ་དར་དཀར་གྱི་ན་བཟའ་འཇའ་ཚོན་སྣ་ལྔའི་མཐའ་བཅད་གསོལ་བ། ཕྱག་གཡས་ན་ཤེལ་དཀར་གྱི་རལ་གྲི། །གཡོན་དགོས་འདོད་ནོར་གཞོང་འཛིན་པ། །ལྷ་རྟ་གྲོ་དཀར་ཞབས་ལ་ཆིབས་པ། །མདུང་དར་སྤྲིན་དཀར་གཡོན་ལ་མཆེད། །མདའ་དར་ལྷ་མཚན་གཡས་ལ་བཀྲ། །ལྷ་ཕྲུག་བྱེ་བ་འབུམ་གྱིས་བསྐོར། །གསུང་ག་ཆིག་འདྲེས་པའི་འོད་གསལ་མདུན་དུ་མར་མེ་འབར་བ་ལྟ་བུའི་ལུང་བསྟན་གྱི་གླུ་དེ་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །འཛམ་གླིང་ལྷོ་ཡི་ལྟེ་བའི་ཤར། །རྒྱ་ནག་ཆགས་པའི་ནུབ་ཕྱོགས་རེད། །ང་དང་ང་ངོ་མ་ཤེས་ན། །ཡབ་ཆེན་ཚངས་པ་དཀར་པོ་ཟེར། །གེ་སར་ལྷ་ཡུལ་འཛིན་པའི་དུས། །སྐྱེས་བུའི་ཡབ་ཆེན་ཚངས་པ་ཡིན། །རྒྱལ་པོ་མི་ཡུལ་ཕེབས་པའི་དུས། །སྐྱེས་བུའི་སྡོང་གྲོགས་ཚངས་པ་ཡིན། །དཀར་ཕྱོགས་ཆོས་ཆར་འབེབས་མི་ལ། །དད་རྟེན་བསམ་བློ་བཟང་ལེ་དགོས། །ཁ་འཛིན་མི་དགོས་གང་ཡང་མེད། །དེ་ནས་ཚངས་པའི་ལུང་བསྟན་ཡོད། །འདི་ལོ་གླིང་དཀར་ཕར་དམག་འདི། །བློ་སེམས་གཅིག་ཏུ་མི་འཛིན་པའི། །རྩེ་གཉིས་བློ་རྩེ་གཅིག་ཀྱང་མེད། །ཡང་སྒོས་སྡིག་སྤྱོད་ཤན་པ་དང༌། །གུང་པ་བུ་ཡི་ཁྲ་སྐྱ་གཉིས། །ཁ་སང་སྔོན་དུ་བུད་ལེ་དེ། །དཔག་ཆེན་མདའ་མོ་རང་ཤུགས་ཅན། །དེ་རིང་བྲག་དམར་ཁྲོམ་ལ་ཕོག །ཚུར་ལོག་ཡོང་རྒྱུ་མི་དགོས་ཏེ། །སྒྲ་སྨྱུག་ཚང་བ་ཁག་པོ་རེད། །འབྲུག་སྒྲ་དཔལ་ལྡན་རྒོད་པོ་ཁོས། །བློ་དང་ཐབས་ཀྱི་ཞགས་པ་ཡིས། །གཟུགས་བཀྱིག་མེད་པའི་བཙོན་དུ་བཟུང༌། །སྡུག་དགུ་སེམས་ལ་འཆར་ཞིང་འདུག །འགྲོ་བསམ་མི་ཡིས་མི་བཏང་འདུག །འཕུར་བསམ་གཤོག་པ་མི་སྐྱེ་འདུག །འཛུལ་བ་ཁང་ལ་མི་ཐར་འདུག །ཞག་གསུམ་ཕན་ལ་འགྱང་ཟེར་ན། །མི་གཉིས་འཇང་གིས་གསོད་ངེས་རེད། །ད་རུང་དེས་ཀྱང་མ་ཚད་པའི། །བྱང་ལུང་རྒྱབ་ཏུ་སོ་པ་འཛུགས། །གླིང་དམག་ཡོད་པའི་སྒར་ཕྱོགས་སུ། །འབྲུག་སྒྲའི་མི་ལྔ་འཁྱུག་རྒྱུ་རེད། །དེ་ནས་མི་ལྔ་འཁྱུག་ཟེར་ན། །འཇང་ཡུལ་མཐིལ་དུ་ཤོར་ནི་འགྲོ། །འཇང་ཡུལ་མཐིལ་དུ་ཤོར་ཟེར་ན། །བར་སྣང་མཐོ་བའི་འགྲིམ་ལམ་ནས། །གཡུ་འབྲུག་སྐད་རྒྱང་དེ་དང་གཅིག །དཔག་བསམ་ཤིང་གི་ཡང་རྩེ་ནས། །ལྕོགས་ཆུང་གཤོག་སྐད་བྱུར་ལྷ་གཉིས། །མཐོ་འཛོམ་བེར་ཐུལ་གངས་སེང་གསུམ། །འཇང་མི་ཁྲི་ཕྲག་དུག་རླངས་བཅས། །སྨར་ཁམས་གླིང་ལ་ཤོར་ངེས་ཡིན། །གདོང་ཐུག་བྱུང་ན་ཐུབ་ས་མེད། །དམར་ནག་གཤིན་རྗེའི་ཞལ་ངོ་དེ། །དྲང་སྲོང་ལྷ་ཡི་བཟློག་པར་དཀའ། །འཛམ་གླིང་སེང་ཆེན་རྒྱལ་པོ་ནི། །ཅི་དགོས་དཔུང་དེ་ལྷ་ཡིས་སྐྱོབས། །འཇང་མི་དུག་རླངས་དཔག་ཚད་ཁྱབ། །ལྷ་འཁོར་ཡིན་ཀྱང་འཁོར་མི་ནུས། །སང་གི་ཉི་མའི་སྔ་དྲོ་ལ། །ལྷ་སྒར་དཀར་པོའི་ལས་དམག་འདི། །འདི་རུ་མ་སྡོད་ཤར་སེ་རྒྱུག འབྲུག་སྒྲའི་དམག་ལ་ཐོག་བརྫིས་ཐོངས། །འདི་རུ་མ་སྡོད་ཤར་སེ་རྒྱུག །དོ་ནུབ་ཉི་མའི་ཡར་སྟེང་ལ། །འབྲུག་སྒྲའི་དཔལ་ལྡན་རྒོད་པོ་དེ། །མི་བློ་མི་ཡི་མ་གྱུར་ཀྱང༌། །ཡང་བློ་ལྷ་ཡི་ཨེ་འགྱུར་ལྟ། །སང་ཉིན་ཉི་མ་ཕྱེད་ཙམ་ལ། །གླིང་དམག་གཡུལ་སྒོ་ཕུབ་ལེ་གྱིས། །འཇང་མི་གཅིག་ཀྱང་མ་ལུས་པ། །ཁྲག་དམར་སྡིག་ལ་བསྲིས་ནས་ཞོག །དེ་ནས་གང་དགོས་རིམ་གྱིས་བྱེད། །ཅེས་གསུངས་ཞིང༌། ལུང་བསྟན་གྱི་ཚིག་དེ་ལྟར་གསུངས་རྗེས་མི་སྣང་བར་གྱུར་ཏོ། །
དེའི་སང་སྔ་བར་རི་མཐོ་བ་སེར་ཞུ་མ་གྱོན་ཙམ་དུ། རུ་གཡས་གཡོན་གུང་གསུམ་གྱི་དམག་དཔོན་རྣམས་དང༌། དེ་དྲག་གི་དཔའ་བོ་གང་ཡོད་རྒྱལ་པོའི་དྲུང་དུ་འཛོམས་ཤིག་གསུངས། དེར་ཐམས་ཅད་ལྷ་གུར་དུ་འཛོམས་ཞིང༌། རྒྱལ་པོས་གསུངས་པ། གླིང་ཆེ་འབྲིང་ཆུང་གསུམ་གྱི་དམག་དཔོན་རྣམས་དང༌། དེ་དྲག་གི་དཔའ་བོ་གང་ཡོད་རྒྱལ་པོའི་དྲུང་དུ་འཛོམས་ཤིག་ཅེས་གསུངས་བསྒྱུར། དེར་ཐམས་ཅད་ལྷ་གུར་དུ་འཛོམས་ཞིང༌། རྒྱལ་པོས་གསུངས་པ། གླིང་ཆེ་འབྲིང་ཆུང་གསུམ་གྱི་དཔོན་པོ་ཚང་མར་གྱུར་པ་རྣམས་རྣ་བའི་བུ་ག་གཏད་ལ་གསན་འཚལ། །ང་འགོག་ཚ་ཇོ་རུ་ལ་ལྷ་ཡི་ལུང་བསྟན་བྱུང༌། དེ་རིང་སྒར་འདི་འགྱོགས་དགོས་ཡོད་གསུངས་ཤིང་ལུང་བསྟན་བྱུང་བའི་གླུ་འདི་ལྟར་གསུངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཀི་ཀི་ལ་སྭ་སྭ་སྭ། །ཀི་ཀི་ལྷ་ཡི་འབོད་པ་རེད། །སྭ་སྭ་ལྷ་ཡི་བསུ་བ་རེད། །ཀི་སྭ་དཔའ་བོའི་སྡོང་གྲོགས་མཛོད། །དབང་བསྒྱུར་དམག་དཔོན་ཆེ་གསུམ་དང༌། །བློ་མི་འགྱུར་གྲོས་འགོ་འཛིན་མི་རྣམས། །དགྲ་མཐའ་བཅོམ་པའི་དཔའ་བོ་བཅས། །དར་ལུང་རྣ་བའི་དབང་པོ་གཏོད། །མདང་སུམ་ནམ་གྱི་ཕྱེད་དཀྱིལ་ལ། །དགུང་ནམ་མཁའི་མཐོ་བའི་གཞལ་ཡས་ནས། །མ་མཁའ་འགྲོ་བྱེ་བ་འབུམ་ནང་ནས། །དབང་བསྒྱུར་ཚངས་པ་དཀར་པོ་དེས། །ལུང་བསྟན་གསལ་ཚིག་འདི་ལྟར་བྱུང༌། །
ཧོར་སྡིག་སྤྱོད་ཤན་པ་དམར་པོ་དང༌། །གུང་པ་བུ་ཡི་ཁྲ་སྐྱ་གཉིས། །ཁ་སང་སྔོན་དུ་སོང་ལེ་དེ། །དབང་དུས་འབྲུག་སྒྲས་ཐབས་ཀྱིས་བཟུང༌། །སང་ཉིན་ཐོག་བརྫིས་མ་ཐོངས་ན། །ཁོ་མི་གཉིས་གསོན་དུ་བཏང་ཟེར་ན། །ཉན་ཟེར་སྒྲ་འཇིག་རྣ་བ་ལ། །ཐོས་བྱེད་དབང་པོའི་གྱེར་སྒོ་རུ། །གསུང་ཞལ་ཏ་མ་ཉམས་དེ་ལྟར་བྱུང༌། །དེ་བདེན་པར་མ་བཟུང་རང་ཉིད་འཕྲུལ། །ལྷ་དཀར་པོས་བསླུ་བ་ག་ལ་ཡོད། །ད་མ་སྡོད་གླིང་དཀར་ལས་དམག་རྣམས། །རུ་གཡས་ཤོག་གཡོན་ཤོག་གུང་ཤོག་གསུམ། །གུར་དཀར་མོ་འུབ་སེ་མཉམ་ལ་བསྡུས། །ལ་ཕར་རྒྱབ་དྲེད་མོའི་ཁུག་འདྲ་ལ། །དམག་མི་མང་དེ་རུ་སྒར་ཆེན་སྒྲིགས། །དམག་དཔོན་རེ་རེའི་མངའ་ཞབས་སུ། །སྟོང་ཚོ་རེ་རེའི་ཚོ་དང་བཅས། །རྒྱུག་དམག་སྔོན་དུ་བརྫངས་ནས་སུ། །འཇང་འབྲུག་སྒྲའི་དཔལ་ལྡན་རྒོད་པོ་ཁོ། །ཁས་ལེན་བྱེད་མི་ག་འདྲ་ཡོད། །དེ་མིན་འཇང་དམག་གར་ཡོད་ལ། །འཇིགས་མི་དགོས་ལུག་ནང་སྤྱང་ཕོ་ཡིན། །དགྲ་ལྷའི་ཚེ་གོས་སྨུག་པོ་དང༌། །གྲུབ་པའི་རྒྱལ་མོའི་ཚེ་མདུད་ཀྱིས། །ལུས་འདོམ་གང་མདའ་གྲི་ཁྱོག་ཙམ་ཡོད། །ད་མ་སྡོད་གླིང་དམག་བུད་ནས་འགྲོ། །
ཞེས་གསུངས་དེ་ལྟར་བླངས་པས། དཔའ་རྟུལ་ཐམས་ཅད་དགའ་དྲགས་རྒྱལ་པོའི་གསུང་དང༌། ལྷ་ཡི་ལུང་བསྟན་ལ་དད་པ་ཐུན་མོང་མ་ཡིན་པའི་སྒོ་ནས། དེ་རིང་ས་ཐམ་དམག་ལ་གཡུལ་གྱི་ཐོག་མ་འབྲུག་སྒྲ་དཔལ་ལྡན་གྱི་འཐབ་ཡ་ངས་བྱེད་ཡོང་ཟེར་ཅིང་དཔའ་ཁ་མཉམ་པ་མ་གཏོགས། མི་ཡོང་ཟེར་མི་གཅིག་ཀྱང་མ་བྱུང་ཟེར། དེའི་ནུབ་འབྲུག་སྒྲ་དཔལ་ལྡན་དེ་ལ་ལྷ་ཡི་འཕྲུལ་བྲན་པའི་རྨི་ལྟས་ལ། ས་ཐམ་གྱིས་མངགས་པ་ཡིན་ཟེར་བྱུར་ལྷའི་ཤོག་ནས་གསེར་ཁྲབ་ཅན་གསུམ་སྟོང་ཙམ་བྱུང་ནས་ཁྱེད་རྣམས་བསུ་བ་ཡིན་ཟེར་དགའ་དགའ་བྱེད་པ་རྨིས། སང་བསམ་བློ་ལ་རྨི་ལྟས་ཀྱི་ཆ་ལ་བལྟས་ན་ངེད་རྣམས་ཡུན་རིང་བས་རྒྱལ་པོས་ཅི་ཡིན་བརྟག་པར་དམག་དཔུང་བཏང་བ་ཨེ་ཡིན་བསམ། དེ་ནས་གློ་བུར་དུ་གླིང་དམག་གསུམ་སྟོང་ཙམ་འཇང་དམག་ཡོད་ས་དེར་སླེབས་སྐབས་གླིང་དམག་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་ཀི་དི་རི་འདེབས་ཤིང༌། ལག་གཡས་སུ་དཔའ་ལུང་དང་ཉག་ཕྲན། གཡོན་དུ་གཞུ་རེངས་འཆང་བཟུང༌། དང་པོ་དཔའ་ལའི་ཀོང་རེ་དར་དཀར་དེ་སྐྱ་ཁྲིལ་གྱི་བྱུང༌། དེའི་རྗེས་འདན་མ་དངོས་གྲུབ་དར་འདོང་ཆུ་དར་ཕྲུག་ཕྲུག་བྱུང༌། དེའི་རྗེས་ཉི་འབུམ་སེར་བྱ་ལྡིང་ཤེས་གཙོ་དམར་འགྲིལ་འགྲིལ་བྱུང༌། དེའི་རྗེས་དམག་རྣམས་ཧྲིལ་ལེ་དཔུང་ལམས་སེ་བྱུང་བས་སྐད་ཅིག་ལ་ལུག་ཁྱུའི་ཁྲོད་སྤྱང་ཀི་ཤོར་བ་ལྟར་ལན་སློག་པའི་འདུ་ཤེས་སྐྱེས་ཀྱང་ལན་མ་ཐེབས་པར་ཐམས་ཅད་བསད། འབྲུག་སྒྲ་དཔལ་ལྡན་དཔོན་གཡོག་རྣམས། ཤར་ཕྱོགས་ནས་ཡོང་པས་སྒར་བཏབ་པའི་ས་དེར་མ་སླེབས་ཙམ་དུ་གླིང་གིས་མཐའ་བསྐོར། ཁོ་རང་གི་དམག་སྒར་ཡོད་སའི་ལུང་པ་དེ་མི་རོས་ཁེངས་ཤིང་གུར་རྣམས་སྟོད་ལངས་སྨད་འགྱེལ་གྱིས་ཅི་ནས་བལྟས་ཀྱང་ཉམས་སྐྱོ་བར་གྱུར། མཐའ་མི་ཡིས་བསྐོར་ཅི་དྲག་མེད་པའི་སྐབས་དེར་ཐོག་གཏུག་ཏུ་དཔོན་པོ་ཁྲོ་ཐུང་དེ་གླིང་དམག་ནས་སྔོན་རྒྱུག་ཏུ་ཤོར་ཞིང༌། རྒྱང་ཙམ་ནས་མདའ་མགོ་ཕུར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་མོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །ང་མ་བཞིའི་དཔོན་པོ་ཁྲོ་རྒྱལ་ཡིན། །རྒྱ་བོད་གཉིས་ཀྱི་བར་མཚམས་ལ། །མགོ་སྤྱི་བོ་ནམ་མཁར་གཏོད་མི་དང༌། །རྐང་མཐིལ་དྲུག་ས་ལ་སྤོ་མི་ལ། །ཕོ་ང་ལས་ལྷག་པ་ཡོང་དོགས་མེད། །ལ་དགུ་བརྒྱབ་ཅིང་ལུང་དགུ་བརྒལ། །དམག་ཁྲ་བོ་འདི་ཙམ་རྩབས་ལེ་འདི། །ཁལ་རྟ་སྨུག་ཆུང་དྲེལ་ལ་བྱས། །སྤྲིན་ནག་བུན་གསུམ་གོས་སུ་གྱོན། །དགོས་མོའི་ས་འཁྱག་རྐང་གིས་བརྫིས། །ཡོང་ལེའི་རྩ་བ་བཤད་པ་ན། །ཁྱོད་ལ་བསམ་ནས་ཡོང་ལེ་ཡིན། །དེ་རིང་བསམ་པ་འགྲུབ་ལུགས་ལ། །ཕ་བྱུས་གྲུ་བཞི་ཟིན་ལུགས་ལ། །ཁྱོད་ཙམ་གསོན་ལ་གཏོང་རྒྱུ་མིན། །རྨུ་རྗེ་ས་ཐམ་རྒྱལ་པོ་དེས། །ཁེ་གྲགས་སྤར་མོ་ཨེ་ཁེབས་ལྟོས། །འཇང་ཕྲུག་བདུད་འཁོར་བརྒྱད་ཅུ་དེས། །གག་ཐུག་སྐྱོར་རོགས་ཨེ་ཡོང་ལྟོས། །རང་ཚོད་བཟུང་ནས་མི་སྡོད་ལེ། །སྲོག་དམར་སྐྱེལ་དུ་ཡོང་ལུགས་ལ། །ང་མི་རྒན་སྡིག་གི་རྣོན་མ་ལ། །སྐྱ་འབན་འབན་འདི་འདྲ་ཐུག་རྒྱུ་ཨམ། །གཡས་སྟག་དོང་ནས་མདའ་ཞིག་འདོན། །རྟེན་ཆེན་ཁ་ལ་མེ་འབར་འདོན། །གཟིག་ཤུབས་ནང་ནས་གཞུ་ཞིག་འདོན། །ལག་གཞུ་རྭ་རྒོད་མཆོག་དཀར་འདོད། །མི་རྒན་ལུས་རྩལ་ཤོར་མི་ལ། །དེ་རིང་ཁྱོད་ལ་ངས་ཅིག་ཡ། །ཕྱི་རུས་པའི་བསེ་མཁར་གཏོར་རྒྱུ་ཡིན། །ནང་རྣམ་ཤེས་མི་གཏོར་མེ་བཀྲོངས་རྒྱུ། །དོན་སྣོད་བཅུ་གཉིས་ཨེ་མ་ཡ། །ཨ་བ་རེ་ལ་སྙིང་རེ་རྗེ། །
ཞེས་ཟེར་ཞིང་མདའ་ལྟོང་སྤྲད་ཅིང༌། ཁོ་ཡི་གླུ་ལེན་ཞིག་ཨེ་ཡོད་བསམ་བསྡད་པས། འབྲུག་སྒྲ་དཔལ་ལྡན་དེ་ལྷག་པར་ངར་ལངས་ཤིང་ལན་འདེབས་པའི་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ཡི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་བོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་ཡུལ་མཚལ་ར་སྨུག་པོ་ན། །རྨུ་རྗེ་ས་ཐམ་རྒྱལ་པོ་དེའི། །བློན་རྒྱུད་གསེར་གྱི་མགྲོན་བུ་ལ། །འབྲུག་སྒྲའི་དཔལ་ལྡན་རྒོད་པོ་ཟེར། །གནའ་མི་རྒན་པོའི་གཞུང་གཏམ་ལ། །གཡང་དཀར་ཟས་ལ་མ་བཞག་ན། །ཁྱུ་གཏིང་རྫི་ལ་ཐུག་ཀྱང་སྲིད། །སྤྱང་ཐོང་ཀླད་ཁྲག་སྟོར་ཡང་སྲིད། །རྒྱ་ཁྲ་དྭང་རུས་ཆགས་ཀྱང་སྲིད། །ཕམ་པོ་གདན་ལ་མ་བཞག་ན། །གག་ཐུག་སྦར་འཛིན་བྱུང་ཡང་སྲིད། །རྒྱལ་ཁ་ཕྱི་ལ་ཤོར་ཡང་སྲིད། །གླིང་པ་རང་ཚོད་མ་ཟིན་ན། །མི་གཅིག་གདོང་ལ་དཔའ་མདོག་བྱེད། །སྲོག་དམར་ཐང་ལ་ཤོར་ཡང་སྲིད། །མ་བཞིའི་དཔོན་པོ་ཡིན་ནོ་ཟེར། །དེ་རིང་ཉི་མའི་གདུག་ནང་ལ། །ཕོ་སུ་རེད་ཚད་ཅིག་བལྟ་རྒྱུ་གྱིས། །ལྟད་མོ་ཨ་སྔོན་དགུང་ལས་མེད། །བར་པ་སྐྱི་བསེར་རླུང་ལས་མེད། །ཁྲག་འཐུང་དོག་མོ་ས་ལས་མེད། །མདའ་རྒྱང་ནས་འཕངས་ན་རྒོད་པོ་མིན། །གྲི་བཅར་ནས་དབྱུག་ན་དཔའ་བོ་ཟེར། །ངས་རལ་གྲི་ཁྲག་འཐུང་ངར་ཆེན་འདི། །ཨེ་རེད་ཚད་གཅིག་དེ་རིང་ལྟ། །གླིང་སྡུག་མགོ་འཕྲུ་ཐང་ལ་སྙོལ། །ཨ་ཟེར་ལྟོས་དང་མི་ཟེར་ཉོན། །
ཞེས་ཟེར་ཞིང་གྲི་བཏོན་ནས་མཆོངས་པས། ཁྲོ་ཐུང་གི་མདའ་ལག་ནས་ཤོར་ཅིང་ས་ཁར་དྲུས། སྡོད་མ་ནུས་པར་རྟ་ཁ་ཕྱིར་བསྒྱུར་བྲོས་ཤིང་ཕྱི་མིག་བལྟས། ཁོ་ནི་ཉེ་བར་སླེབས་ཚར་འདུག འདར་ཡེབ་པའི་ངང་ནས་འཇིགས་པའི་སྐད་ཀྱིས་གླུ་ཐུང་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །བོན་སྟོན་པའི་ལྷ་སྲུང་སྐུ་དྲིན་ཅན། །དེ་རིང་ཁྲོ་བོའི་མགོན་སྐྱབས་མཛོད། །ཡེ་ཤེས་ཡོད་ན་སྤྱན་གྱིས་གཟིགས། །རྫུ་འཕྲུལ་ཡོད་ན་ཞབས་ཀྱིས་ཆོག །རང་བསྟན་པའི་སྲུང་མས་ཁ་འཛིན་མཛོད། །ཕོ་ཨ་ཀྱང་མི་ཡི་འཇིགས་པ་ལ། །ངོ་གདོང་གནམ་ནག་ཁྲོ་ཁྲོ་རེད། །མིག་སྤྲིན་གློག་དམར་འཁྱུག་འཁྱུག་རེད། །སོ་སྒྲ་གྲོ་ཡོས་རྔོ་རྔོ་རེད། །འཇང་ཕྲུག་ཨམ་དེ་ཡིན་དོགས་མེད། །བདུད་འཇིགས་སུ་རུང་བ་ཡིན་ངོ་རེད། །ཁ་ཀླུ་བཙན་ལངས་པ་ཡིན་ངོ་ཤེས། །ད་བླ་མ་མཁྱེན་ནོ་བླ་མ་མཁྱེན། །དེ་རིང་ཨ་ཁུའི་སྲོག་སྐྱབས་མཛོད། །འཆི་བདག་ཁ་ནས་ཕྲལ་རོགས་མཛོད། །འ་ཁྱུ་ཁྱུ་ཁྱུ་ལ་སྲིན་རྟ་ཁྱོད། །རྟ་འདི་འདྲ་སྡུག་གདོང་གར་གཏད་རེད། །རྒྱུག་རྒྱུ་ཡོད་ན་དེ་རིང་རྒྱུག །འདི་ལྕག་ཚན་དགུ་མཐུད་མི་རྒྱབ་རོ། །ཡོབ་ཆེན་དགུ་མཐུད་མི་བརྟབ་རོ། །བྲོས་རྒྱུ་ཡོད་ན་དེ་རིང་བྲོས། །འཆི་བདག་བདུད་ཀྱིས་འཛིན་གྲབས་འདུག །འཕུར་ཟེར་གཤོག་པ་མི་རྒྱས་འདུག །གབ་ཟེར་ཕུང་རྩ་མི་རྙེད་འདུག །ལས་ཅི་འདྲ་བྱས་ན་དྲག་རྒྱུ་རེད། །ང་ཁྲོ་བོ་ཐོད་པ་གར་བསྟན་རེད། །དེ་རིང་སྟང་མའི་འགོ་བོ་ལ། །བདུད་ནག་པོ་འདི་དང་ཐུག་རྒྱུ་ཨང༌། །གླིང་དཔའ་བདུད་ཡོད་ན་ལ་འུར་ཤོག །བུ་རོང་ཚ་ཡོད་ན་ཨེ་རག་འདུག །ད་ལྟ་ཤི་གསོན་མཚམས་ན་གདའ། །བཟུང་ཚར་ནས་འོང་ན་སྟོང་པ་རེད། །
ཅེས་ཟེར་ཞིང་འདར་སྐད་ལྷང་ལྷང་གི་འདེབས་ཤིང་བྲོས་པས། གླིང་དཔའ་རྟུལ་རྣམས་ཀྱི་ནང་ནས་དེ་ཕྱོགས་སུ་ཡོད་པའི་དཔའ་ལ་དང༌། འབྲུ་སྒར་སྡེ་གཉིས་ནས་གཅིག་ཤོར་གཉིས་ཤོར་གྱིས་གདོང་བསུས་པས་ཁྲོ་ཐུང་ཐར་ཞིང༌། ཕྱི་མིག་གཅིག་བལྟས་ནས་བློ་བདེ་བས་ཉི་ལྷ་རྒྱལ་པོ་ཟེར་ཞིང་ལྷོད་ཀྱིས་སོང་ངོ༌། །དེར་དཔའ་ལས་སྨྲས་པ། ངེད་རང་གཉིས་མི་གཅིག་ལ་གཉིས་རུབ་ན་མི་ལེགས། ཁྱེད་རང་ལྟད་མོ་ལྟོས་མཛོད། ངས་གདོང་བླངས་གྱིས་ཟེར་བ་ལ་སྒར་སྡེས་དེ་ལྟར་གྱིས་ཟེར་རྟ་ལས་བབས་ནས་བསྡད་དོ། །འབྲུག་སྒྲ་དཔལ་ལྡན་དེ་ལྷག་པར་ངར་ལངས་ཤིང་ལྷ་མདའ་དང་ལག་གཞུ་བཏོན་ནས་དཔའ་ལུང་མཛུབ་མོར་རྒྱུས་ཤིང༌། གཞུ་སྟེང་དུ་མདའ་བཞག་ནས་མདའ་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །མི་དཀར་རྟ་དཀར༌གཡབ་ལེ་ཁྱོད། །ཁྱོད་དང་ང་རང་གཉིས་པོ་ནི། །ཚེ་སྔོན་ཐོད་པའི་བསྐོར་ཐང་རེད། །སྲོག་དང་ལག་པ་སྦྲེལ་ལེ་འདྲ། །ད་ལོན་གདོང་གི་ནག་པོ་གཡབ། །འདར་སྐར་ལིངས་སེ་བྲོས་ནས་སོང༌། །ཐུག་དོན་མེད་པའི་དཀར་པོ་གཡབ། །མ་བཞག་མདའ་མོའི་འབེན་དུ་བྱུང༌། །ཉག་ཕྲན་ཨེ་རེད་དེ་རིང་ལྟ། །འབྲུག་སྒྲ་དཔལ་ལྡན་རྒོད་པོ་ང༌། །ཁེར་རྒྱུག་ཡོང་བསམ་ཡིད་ལ་མེད། །དེ་བྱུང་ན་རྒོད་པོ་ཨེ་རེད་ལྟ། །འཇང་ཕྲུག་གཡུ་ལྷ་ཐོག་བསྒྱུར་དང༌། །བདུད་ཆེན་རྒྱལ་བ་ཐོད་དཀར་གཉིས། །མགོ་བསྐོར་དགྲ་ཡི་ཐབས་ཀྱིས་བླངས། །ལས་དམག་ཅི་ཡོད་ས་ལ་བརྡབ། །ད་རུང་གླིང་པ་ཧམ་པ་ཆེ། །གནམ་ཐེལ་དཀར་པོ་ར་དཀར་སྐྱ། །དེ་རིང་མདེལ་སྣེ་ཁྲིད་རོགས་གྱིས། །བར་ཐེལ་ཁྲ་པོ་ར་ཁྲ་སྐྱ། །དེ་རིང་མདེལ་སྣེ་ཁྲིད་རོགས་གྱིས། །ས་ཐེལ་ནག་པོ་ར་ནག་སྐྱ། །དེ་རིང་མདེལ་སྣེ་ཁྲིད་རོགས་གྱིས། །ད་སྟེ་གླིང་དཀར་གྲོ་བོ་གཡབ། །དཀར་གཏོར་མགོ་མཇུག་བསྒྱུར་འདྲ་བཟོ། །མནར་མེད་དམྱལ་བའི་གཏིང་དུ་རྒྱུག །ཤ་ཁྲག་དགྲ་ལྷའི་ཚོགས་སུ་རོལ། །སྟང་མ་ཨ་བུས་ལོན་པར་ཤོག། །ཕ་རྗེའི་བུ་རྒྱུད་ཨེ་རེད་བལྟ། །
ཞེས་ཟེར་ཞིང་མདའ་གཅིག་བསྲིང་བྱུས་བས་དཔའ་ལའི་མདུན་ནས་ཁྲབ་ཀྱི་བྱང་བུ་ཁྲ་ཐོ་རེ་བཏང༌། ནང་དུ་དགྲ་ལྷའི་ཚེ་གོས་ཀྱིས་བརྟེན་པ་མ་གཏོགས་གོ་ཁྲབ་ཀྱིས་བརྟེན་པའི་རེ་བ་མ་བྱུང་བར་དེར་མདའ་ཡིས་གཟེར་འཁྱུགས་པའི་དཔའ་ལ་རྟ་ཐོག་ནས་མི་ཚུགས་པ་ཙམ་བྱུང༌། དེར་དཔའ་ལས་གཏམ་ལན་འཇལ་བསམ་ཀྱང་ཁོ་རང་ངར་བའི་སྟབས་ཀྱིས་གྲི་ཕྱར་ཏེ་མཆོངས་བྱུང་བས། དཔལ་ལས་གཞུ་སྟེང་དུ་མདའ་གཅིག་བཞག་འདོམ་བཀང་སྟེ་བཅར་སླེབས་པ་དང་མདའ་ཞིག་བསྲིངས་པས། ཁོ་ལ་ཐེ་རང་གི་གོ་དགུ་ཡོད་པས་གཅིག་མ་ཕིག་པར་ལུས། ཡང་མདའ་གཅིག་འཕངས་པས་རྟ་ལ་ཕོག་ཅིང་སྤྲིན་དཀར་མཐོང་མཛེས་དེ་ཐལ་བ་ཕྱུར་ཏེ་འགྱེལ། དེར་སྒར་སྡེས་གང་མིན་བྱུང་དོགས་རྒྱུག་ཅིང་དཔའ་ལའི་དཔུང་རོགས་བྱས་ནས་དང་པོ་གྲི་དབྱུགས་རེས་མང་ཙམ་བྱས། ཁོ་མི་གཅིག་ཡིན་ཀྱང་མ་ཞེད་པ་ཡུད་ཙམ་བརྟེན། བར་དེར་དཔའ་ལའི་མཚོན་ལེབ་ཆེན་དབྱུགས་པས་མགོ་དར་འཕྲུ་དང་བཅས་ས་ལ་ལྷུང་ངོ༌། །དུས་དེ་ཙམ་ན་འཇང་ཡུལ་དུ་དོགས་ཟོན་ཤིན་ཏུ་ཆེ་བས་ཕྱི་ནང་གི་བློན་ཆེན་རྣམས་རྒྱལ་པོའི་དྲུང་དུ་གར་ཡང་མི་འགྲོ་བར་གནས་ལ་སྒོ་ཕྱོགས་བཞིར་སོ་དང་རྐང་བརྒྱ་བཙུགས། ནང་དུ་གྲོས་བྱེད་ཀྱི་བློན་ཆེན་རྣམས་ནང་ནུབ་མེད་པར་གྲོས་བསྡུར་ལ་བརྩོན། ཕྱི་བལྟས་བྱུང་བ་ལ་ཡང་ལྟས་ངན་པ་མང་པོ་བྱུང་བས་ཐམས་ཅད་བློ་མི་བདེ་བའི་ངང་དུ་གནས་ཤིང་གོང་དུ་མངགས་པའི་དམག་རྣམས་ཡོང་རྒྱུ་མ་བྱུང་བས། རྒྱལ་པོ་ས་ཐམ་གྱི་གསུང་བཞིན་འཇང་མི་རྣམས་ཕོ་བྲང་དུ་འདུས། བྱུར་ལྷ་དང་མཚལ་དམར་བེར་ཐུལ་བཅས་བློན་པོ་ཆེ་བ་རྣམས་རྒྱལ་པོའི་སྤྱན་སྔར་འཁོད། རྒྱལ་པོ་ཆེན་པོ་ནི་སྔར་དང་མི་འདྲ་བའི་ཐུགས་གཏུམ་ཞིང༌། གཞན་མ་འབངས་འཁོར་དང་བློན་རིགས་རྣམས་ལ་ཡང་བཀའ་བཀྱོན་གྱི་རྣམ་པ་ཁོ་ན་མཛད། ལྟས་ངན་པའི་ཆར་འགྱུར་ཡོད་རུང་བློན་ཆེན་རྣམས་ཀྱིས་ཞུ་མ་ནུས་པར་གནས། བར་དེར་རྒྱལ་པོའི་གསུངས་ལ། འོ་ན་ཕྱི་ནང་གི་བློན་པོ་རྣམས་དང༌། ཡང་སྒོས་བྱུར་ལྷ་དང་མཚལ་དམར་བེར་ཐུལ་བཅས་ཉོན་དང༌། གཡུ་ལྷ་ཐོག་འགྱུར་བཅས་འགུགས་རྒྱུ་མ་བྱུང་བས་ཅི་ཡིན་བལྟ་བ་དང་རྒྱབ་དཔུང་ལྟ་བུར་དམག་དཔོན་གསུམ་དང༌། དེ་འོག་གི་དམག་བཅས་མངགས་པ་ལས་འོས་མེད་གསུངས་ཤིང་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །བྱུར་ལྷ་དཔོན་དང་མཚལ་དམར་བུ། །འགྲན་མེད་བེར་ཐུལ་བཀའ་བློན་བཅས། །ཁྱེད་གསུམ་བཀའ་བློན་གུང་ནས་ཉོན། །ཆོས་རྒྱལ་བུ་དང་བདུད་ཕྲུག་བུ། །སེང་ལྕམ་ལྷའུ་ཐོག་བསྒྱུར་བཅས། །རྒོད་གསུམ་དམག་དཔོན་ཟུར་ནས་ཉོན། །སེ་རིག་བུ་དང་གསེར་ལྷ་དཔོན། །སྡེ་རྒན་ཨ་ཁུ་ཁ་མཁས་གསུམ། །རྒན་གསུམ་དཔའ་བོ་མཐའ་ནས་ཉོན། །གསོན་དང་སྐད་ཆ་ཚིག་གསུམ་ཡོད། །གླུ་དར་མ་འདྲ་བའི་གཡུ་ལྷ་དང༌། །སྤྱང་དར་འདྲ་མ་འདྲ་བའི་བདུད་ཆེན་གཉིས། །ཁྲ་དར་མ་འདྲ་བའི་འབྲུག་སྒྲ་གསུམ། །ད་རུང་མི་འགུགས་ཅི་འདྲ་ཡིན། །ཡང་མིན་ན་ངན་པ་ལམ་ནས་འཆར། །བྱུས་ཆག་སྒོའི་བསུ་སྣ་བྱུང་ལེ་འདྲ། །མི་རྟ་སྒ་ཚག་རུག་གེ་དེ། །འཁྱམས་ཤིང་ཨེ་ཡོད་མི་ཤེས་འདུག།།ཡང་མིན་ན་ཕར་སོང་མི་གསུམ་པོ། །དགའ་བའི་ནོར་དང་འཕྲད་རྗེས་སུ། །སྐྱིད་དགའ་ལེ་དལ་བུས་གནས་ལེ་རེད། །དེ་མིན་གྲོགས་ལ་ཕྱི་དལ་ཆེ། །ཅི་ཡིན་བརྟག་པར་འགྲོ་དགོས་འདུག །དགྲ་ཟོན་མཚམས་དེར་སླེབས་པའི་དུས། །མི་རྟའི་འགྲོ་ཚོད་མཁས་ལེ་དགོས། །ཁ་གཏམ་ཚིག་འབྲས་གཅིག་ལེ་དགོས། །མི་གསུམ་གྲོས་མགོ་ཆིག་སྒྲིལ་གྱིས། །ལེགས་ན་སྤོབས་པ་མི་འཕར་དགོས། །ཉེས་ན་སྡུག་ཐག་མི་ཆད་དགོས། །དེ་ཚོ་མི་གསུམ་སེམས་ལ་ཟུངས། །དེ་ནས་ཚུར་ཡོང་འགུགས་པའི་དུས། །ཕོ་བྲང་གཡུ་འབྲུག་ཟིལ་པ་ལ། །དམག་དཔོན་མཆེད་གསུམ་དཔའ་གཟེངས་བསྟོད། །རྟ་བརྒྱ་མཛོ་སྟོང་དཔའ་དར་སྟེར། །སྡེ་ཤོག་རེ་རེའི་དཔོན་དུ་བསྐོ། །གོ་ནི་ཨེ་བྱུང་དམག་དཔོན་གསུམ། །གོ་ན་གཏམ་ལ་དང་ལེན་གྱིས། །མ་གོ་ནན་ཏན་སྐྱོར་རྒྱུ་མེད། །གྱེན་ལྡོག་མེད་པའི་ལས་ཤིག་གྱིས། །
ཞེས་ཟེར་ཅིང་གླུ་དེ་ལྟར་རི་གཟར་གྱི་རྦབ་ལྟར་འབྲེལ་ཐུང་གིས་བླངས་སོ། །བློན་པོ་རྣམས་ཅི་ཡང་མི་ཟེར། མངགས་པའི་མི་གསུམ་ནི་ཡར་ལངས་ཞིང༌། འོ་དེ་ལྟར་རྒྱལ་པོས་གསུངས་པའི་དོན་དེ་ངེད་གསུམ་གྱི་འགྲུབ་ངེས་བྱས་ཡོང་ཟེར་ཞིང་ཆས་པའི་སྐབས། སྤྱང་བཟའ་ལྷ་མོ་ལ་སྔོན་དུ་འབྲུག་སྒྲ་དམག་ལ་འགྲོ་སྐབས་རྨི་ལྟས་བཟང་པོ་མ་བྱུང་བས་སེམས་མི་བདེ་བའི་སྟེང་དུ་དེའི་ནུབ་ཀྱང༌། རྨི་ལམ་གྱི་དཔྱད་ཉེས་པས་བཟང་ངན་ཅི་ཡིན་ཀྱང་རྒྱལ་བློན་རྣམས་ཀྱིས་མཁྱེན་ཡོང༌། རྨི་ལམ་བྱུང་ཚུལ་མ་ཞུས་ན་མི་ཡོང་བསམ་ཤིང་ཞུས་པ། འོ་ན་རྒྱལ་བློན་འཁོར་དང་བཅས་བཙུན་པོ། བཙུན་མོ་སྲས་དང་འབངས་ཀྱི་ཚོགས། ཡང་བསྐྱར་ཕར་ཆས་མི་གསུམ་བཅས། སོང་ལེ་ཨེ་ཡག་ཐུགས་ལ་བསྐོར། མདང་སུམ་རྨི་ལམ་འདི་ལྟར་བྱུང་ཟེར་ཞིང༌། གླུ་ངག་དང་ལྡིང་ཁུ་བྱུག་གཤོག་འགྱུར་བའི་རྟ་ལ་དྲངས་ཏེ་ཕུལ་བ་འདི་ལྟར་རོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དུར་ཁྲོད་བརྒྱད་ཀྱི་ས་མཆོག་ནས། །ཡུམ་ཆེན་ཕར་ཕྱིན་བྱིན་རླབས་ཅན། །གུས་པའི་ལུས་ཀྱི་ཕྱག་ཀྱང་འཚལ། །ཅིར་སྣང་ཆོས་སྐུར་འཆར་བར་ཤོག །འོད་གསལ་ལོངས་སྐུ་བྱིན་རླབས་ཅན། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །སངས་རྒྱས་འབྲས་བུ་ཐོབ་པར་ཤོག །བྱིན་རླབས་དངོས་གྲུབ་བདག་ལ་ཞུ། །རྒྱལ་མཆོག་ས་ཐམ་སྙན་གསོན་དང༌། ངག་སྙན་པི་ཝང་མི་འགྱུར་ཀྱང༌། །རྒྱ་དར་དཀར་པོའི་ངང་ནས་ཞུ། །སྙོམ་ཆུང་ཞུ་བ་ཐུགས་འཇོགས་ཞུ། །གཞན་ཡང་བློན་ཚོགས་སྐར་ཕྲན་དང༌། །གླུ་རྒྱལ་གཙུག་ནོར་བཙུན་མོའི་འགྲོས། །འཁོར་འབངས་འདབ་དྲུག་རང་ཤར་བཅས། །མ་ཡེངས་སེར་མོའི་གླུ་ལ་གསོན། །དེ་སྟེ་མདང་སུམ་རྨི་ལམ་ལ། །བཟང་ངན་ཅི་ཡིན་མ་རྟོགས་ཞིང༌། །རྒྱལ་བློན་བཀའ་གྲོས་ཞིབ་ན་བསམ། །བྱུང་ཚུལ་རྨི་ལམ་འདི་ལྟར་འདུག །འོང་དོན་མེད་པའི་རྨི་ལམ་དེ། །དང་པོ་ཤར་རི་མཐོན་པོ་ནས། །ནོར་བུའི་གཏེར་ཁ་བླངས་པ་ཡིན། །ཉི་མ་དེའི་རྗེས་བརྙོགས་པ་རྨིས། །རྩེ་མཐོའི་གངས་རི་བཞུར་བ་རྨིས། །བཟང་རྨིས་ཡིན་ནམ་ངན་རྨིས་ཡིན། །ཤར་གླིང་དཀར་སྟོད་ནས་ཡིན་ཀྱང་ཟེར། །མི་དཀར་རྟ་དཀར་གཡབ་པ་གཅིག །ཕོ་བྲང་འགྲམ་དུ་སླེབས་པ་རྨིས། །མདུང་མོ་ལན་གསུམ་བརྡབ་པའི་ཚེ། །ཕོ་བྲང་གཡུ་འབྲུག་གཟིལ་པ་དེ། །མཁར་མིན་ས་ཕུང་བྱུང་བ་རྨིས། །མི་སེར་རྟ་སེར་གཡབ་པ་གཅིག །དར་མདུང་སེར་པོ་ཕྱར་བ་ཅིག །གཡུ་འབྲུག་འགྱིང་རྫོང་སྒོ་འགྲམ་ཕྱིན། །གཡས་སྐོར་ལན་གསུམ་བྱས་པའི་ཚེ། །འགྱིང་རྫོང་མགོ་མཇུག་བསྒྱུར་བ་རྨིས། །མི་སྔོན་རྟ་སྔོན་གཡབ་པ་ཅིག།།
དར་མདུང་སྔོན་པོ་ཕྱར་བ་གཅིག །མཁར་སྐྱིད་རྫོང་སྒོ་འགྲམ་སླེབས་པ་རྨིས། །གཡོན་སྐོར་ལན་གསུམ་བྱས་པའི་ཚེ། །སྐྱིད་རྫོང་ཕྱེད་གཤག་བྱུང་བ་རྨིས། །མི་དམར་རྟ་དམར་གཡབ་པ་གཅིག།།དར་མདུང་དམར་ས་མེ་རུ་མཆོད། །མཚལ་དམར་ལྔ་འཛོམ་སྒོ་འགྲན་ཕྱིན། །ཨམ་གཙིགས་ལན་གསུམ་བསྡམས་པའི་ཚེ། །མཚལ་དམར་ས་ལ་བརྡབ་པ་རྨིས། །ན་ཆུང་དཀར་མོ་མེ་ལོང་ཐོགས། །མེ་ཏོག་ཕྲེང་བས་བརྒྱན་པ་གཅིག །དྲེལ་ནག་རྐང་གསུམ་གཡབ་པ་གཅིག །ཁུ་ལུང་གཡུ་སྒོང་སྒོང་འགྲམ་ཕྱིན། །ཆུ་སྟོར་ནས་སྟོར་རབ་གནས་བྱེད། །མཁར་སྒོ་ཉི་མ་སྟོང་ལྡན་དུ། །གསེར་གྱི་མཆོད་རྟེན་མཛུབ་གང་བ། །འོད་ཟེར་ལྷང་ལྷང་བྱས་པ་རྨིས། །བསྐོར་ཞིང་འཇང་མིས་བལྟས་པ་རྨིས། །མཁར་སྒོའི་སྟེང་གི་ནོར་བུ་དེ། །འོད་དང་མཉམ་འགྲོགས་སོང་བ་རྨིས། །རྩ་རྭ་པདྨ་སྟོང་ལྡན་ནས། །ཁལ་བཏེགས་ནོར་བུ་བོང་གཟུགས་གསུམ། །འཇང་ཕྲུག་ཐེལ་མོས་རྙེད་པ་རྨིས། །གངས་རི་ཟུར་ལ་འུར་བ་རྨིས། །རྩ་རྭ་པདྨ་སྟོང་ལྡན་ན། །རྟ་པས་སྐྱ་བྲོ་བརྡུང་བ་རྨིས། །གཡས་ནས་རི་བཀྲ་སྟག་གི་བུ། །མཆོང་ཞིང་རྒྱུག་པའི་ཁ་ཟུར་ནས། །བྱུར་ལྷའི་རྟ་ཁྱུ་ཟོས་པ་རྨིས། །གཡོན་ནས་སྙིང་དཀར་དོམ་སྨྱོན་བུ། །འདུར་ཞིང་འཕྱོ་བའི་ཁ་ཟུར་ནས། །མཚལ་དམར་མཛོ་ཁྱུ་ཟོས་པ་རྨིས། །དབུས་ནས་གཡུ་རལ་སེངྒེའི་བུ། །འགྱིང་ཞིང་བསིགས་པའི་ཁ་རྩ་ནས། །རྒྱལ་པོའི་ཕུ་རྟ་སྟོར་བ་རྨིས། །མདུན་ནས་རྭ་རྣོ་འབྲོང་སྨྱོན་བུ། །འགྲིམ་ཞིང་འགྲོགས་པའི་ཁ་རྩ་ནས། །རྒྱལ་པོའི་བླ་དྲེད་བསད་པ་རྨིས། །རྒྱབ་ནས་རྩལ་ཅན་འཕར་བའི་བུ། །ཁྱུག་ཅིང་འདོད་པའི་ཁ་རྩ་ནས། །བེར་ཐུལ་ར་ཁྱུ་ཟོས་པ་རྨིས། །མཁའ་ན་མེ་དམར་གཡག་གུ་ཙམ། །འུར་ཞིང་ལྷུང་བའི་ཁ་ཟུར་ནས། །གསེར་གྱི་མཆོད་རྟེན་ཞུ་བ་རྨིས། །འཇའ་ཚོན་ཁ་དོག་སྣ་ལྔ་པས། །འཇང་ཡུལ་མཚལ་ར་སྨུག་པོ་རུ། །མཚར་བའི་ལྟད་མོ་བྱས་པ་རྨིས། །ང་རང་སྤྱང་བཟའ་ལྷ་མོ་དང༌། །རྒྱལ་པོ་སྲས་མོ་མེ་ཏོག་སྒྲོན། །ངོ་མི་ཤེས་ལ་ཕྱིན་པ་རྨིས། །དེ་ཚོ་རྨི་ལམ་ཅི་འདྲ་ཡིན། །ལ་གཞིའི་གནས་ལུགས་བརྗོད་ཟེར་ན། །ད་ལོའི་གནམ་ལོ་ཤར་ཚུན་ནས། །འཇང་ཡུལ་ཆག་སྒོ་ཆེ་བ་འམ། །རྒྱལ་པོ་མངའ་ཐང་ཉམས་འདོད་དམ། །བཟང་བའི་རྟགས་ནི་སྤུ་ཙམ་མེད། །ངན་པ་འཚུབ་མ་བཞིན་དུ་ལངས། །ཕུ་ནས་གངས་དཀར་ཞུ་ཞིང་ཁོལ། །མདའ་ནས་གཞུང་ཆུ་འཁོར་ཞིང་ལུད། །བྲག་ཆེན་ཆགས་པ་ཞིག་ཅིང་རལ། །ད་ལྟ་ལེགས་ཉེས་རྐེད་ལ་འདུག །རྒྱལ་བློན་བཀའ་གྲོས་ལྷང་ངེར་མཛོད། །འགྱོད་མེད་ལས་ཤིག་གནང་བར་ཞུ། །
ཞེས་ཟེར་ཞིང་རྨི་ལམ་བྱུང་ཚུལ་གྱི་གླུ་དེ་བླངས། རྗེ་བློན་རྣམས་ཅི་ཡང་མི་གསུང༌། བར་དེར་མཛངས་མ་ཁྲི་ལྕམ་རྒྱལ་མོས་སྤྱང་བཟའི་རྨི་ལམ་གྱི་དོན་ཁོང་དུ་ཆུད་ཅིང༌། རྨི་ལམ་ངན་པའི་ལྟས་རྣམས་ཚང་འདུག སྒོས་སུ་འདི་ལོའི་གནམ་དཔྱད་དང་ས་དཔྱད་ལྟས་གང་ལ་ཡང་རྟགས་དང་ཡག་ཉེས་བཟང་བསམ་མེད། སྤྱང་བཟས་རྨི་ལམ་གྱི་བརྡ་བཀྲོལ་ཞིང་དམག་བཤོལ་ཐབས་ཀྱི་ཞུ་བ་ཞིག་མ་བྱས་ན་མི་ཡོང་དགོངས་ཞིང་གསུངས་པ། འོ་ན་རྒྱལ་བློན་འཁོར་བཅས་རྣམས། ད་གསོན་དང་ཁྲོམ་ཆེན་དམར་ནག་ཚོགས། ཁྱོད་ཤེས་ཆེས་ནམ་མཁའི་གོ་འབྱེད་ལ། ངས་རྨོངས་པའི་གསལ་འདེབས་མི་དགོས་ཀྱང༌། སྤྱང་བཟའི་རྨི་ལྟས་ཉེས་ནས་འདུག དོན་མེད་དམག་འཁྲུག་ཡོ་ལངས་འདི། དང་པོའི་ལས་བྱུས་ཉེས་འདུག་སྟེ། ད་ལྟ་ལེགས་ཉེས་མཚམས་སུ་འདུག བཅོས་ན་བཅོས་ཐབས་རན་རན་རེད། གསུང་ཞིང་ངག་རྟ་གླིང་བུའི་དྲུག་འགྱུར་ལ་དྲངས་ཏེ་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་བཅས། །མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས། །ཁམས་གསུམ་འགྲོ་བ་ཐུགས་རྗེས་ཟུངས། །གསེར་ཁྲི་ཉི་མ་རང་ཤར་སྟེང༌། །མིང་ཡོངས་གྲགས་ས་ཐམ་རྒྱལ་པོ་ཁྱེད། །ཐུགས་མ་གཡེང་གངས་དཀར་དབང་པོ་གཏོད། །ཤར་མདོ་ཁམས་གླིང་ཁྲི་དཀར་པོ་དེ། །འགོག་ཚ་ཇོ་རུ་རྒྱང་དབྱེར་ཆེ། །དགྲ་ཐོག་བཀལ་བྱུང་ན་མ་གཏོགས་པ། །ཁྱེད་ཕར་བརྙས་རང་གིས་བྱེད་དོན་མེད། །བདེ་དང་དལ་ལ་སྡོད་པའི་དུས། །བསམ་བློ་སྡང་བ་དགྲ་རུ་ལངས། །བྱ་བྱེད་མང་བ་དགྲ་འདྲེ་ཟབ། །ནམ་བཞག་གཏན་གྱི་དུས་ཚོད་ལ། །སྨྲ་བ་མང་ན་ཆག་སྒོའི་རྒྱུ། །རང་སྡུག་གཡབ་མོ་བྱེད་དོན་མེད། །འདི་ལོ་ཕར་འབུད་མང་བ་ལ། །སྔར་ཡང་རྟགས་ལྟས་རིམ་པར་ཉེས། །ད་ཡང་ཉེས་པའི་སྣ་ལྟས་ལ། །མདང་སུམ་སྤྱང་བཟའ་བུ་མོ་ལ། །མ་ཉལ་རྨི་ལམ་བྱུང་སྐད་ལ། །དེ་འཁྲུལ་པའི་རྨི་ལམ་ག་ལ་ཡིན། །མངོན་ཤེས་ལུང་བསྟན་མངོན་སུམ་རེད། །ཕར་འགྲོའི་ལས་དམག་བཏང་ཕོད་མེད། །རང་སྡུག་རྩ་བ་ཤོམ་ནུས་སམ། །སྔ་འགྲོ་གཡུ་ལྷ་ཐོག་འགྱུར་བཅས། །ཚུར་ཡོང་མེད་པ་ཀུན་ཤེས་རེད། །ཨ་སྡུག་སྟེང་གི་ཡང་སྡུག་དེ། །སྡུག་པ་ཤིན་ཏུ་རྩེག་དོགས་མེད། །ད་ལན་དཔུང་འཇུག་སྔོན་ཆས་འདི། །མ་བཏང་རྒྱལ་པོས་དགོངས་པ་གནང༌། །ཞུ་མགོ་སེར་མོ་ང་ཡིས་འཛུག །དེ་མཇུག་འཇང་མི་ཀུན་གྱིས་ཞུས། །ཕྱག་དང་འབུལ་བའི་ལེ་ཚན་སྒྲིགས། །དེ་ལ་རྒྱལ་པོས་ཐུགས་གཏད་འཚལ། །
ཞེས་ཟེར་ཞིང་དམག་བཤོལ་ཐབས་ཀྱི་ཞུ་བ་ནན་གྱིས་ཕུལ་རུང༌། རྒྱལ་པོ་ཆེན་པོ་སྙན་མི་གཏད་ཅིང་སྤྱན་ཟུར་གཡོ་བ་ཡང་མི་འགྱུར་ཞིང་ཐུགས་འཁྲུགས་པའི་ངང་ནས། ནག་མོ་རྣམས་ཁ་བདེ་མཆུ་སྲབ་པས་མི་ཚེ་འཁྱོལ་བ་མིན། ང་རྒྱལ་པོའི་དཔའ་རྟགས་ཀྱི་དམག་སྔོན་མཇུག་ལ་ནག་མོས་གཏམ་ཚད་མི་ཕེར་བས་ཡོང་ངེས་ཚོད་ཀྱི་ལས་གྱིས་ལ་སྡོད་གསུངས་ནས་གསན་ཕྱོགས་མ་མཛད་པའི་སྐབས་དེར། བློན་བེར་ཐུལ་གྱིས་ཞུས་པ། རྒྱལ་པོ་ཆེན་པོ་ལགས་སྤྱིར་ནས་འཇང་ཡུལ་ལ་བཀྲ་མི་ཤེས་པའི་ལྟས་སྣ་དགུ་བྱུང༌། ཡང་སྒོས་ཁ་སང་མི་གསུམ་མངག་སྐབས་སྤྱང་བཟའི་རྨི་ལྟས་དེ་ལོག ད་ལན་ཀྱང་རྨི་ལྟས་ཉེས་པའི་དཔྱད་ཚང༌། ཁོང་གསུམ་ཡུན་རིང་ལུགས་དེ་མ་བཟང་ཚར་ལེ་ཡིན། ད་རུང་དམག་དཔོན་གསུམ་དང་དེ་འོག་དམག་བཅས་བརྫང་རུང༌། དཔེར་ན་སྲིན་མོའི་གླིང་དུ་ཚོང་པ་ལྟར་རང་ནོར་གཞན་སྐྱོན་མ་གཏོགས་མི་ཡོང་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །ཕོ་བྲང་གཡུ་འབྲུག་ཟིལ་པ་ལ། །འདུ་ར་ཉི་མ་སྟོང་ལྡན་རེད། །ང་དང་ང་ངོ་མ་ཤེས་ན། །གཡུ་འབྲུག་འགྱིང་རྫོང་ནང་བཅུད་ལ། །རྒོད་པོ་བེར་ཐུལ་བཀའ་བློན་རེད། །རྒྱལ་པོ་རྒྱལ་རབས་རེ་རེ་ལ། །བློན་པོ་བློན་རབས་འཛིན་མི་ཡིན། །འདི་ལོ་གནམ་ལོ་ཤར་ཚུན་ནས། །སྐྱིད་ཟེར་མིག་གིས་མཐོང་ལེ་མེད། །རང་དགྲ་གཡབ་མོ་ཐབས་ཀྱིས་བྱ། །ཉི་མ་འདི་ལོའི་ལས་དམག་དེའི། །སྔོན་དུ་མངགས་པའི་སྟོང་གསུམ་པོ། །དེང་སང་ལོག་རྒྱུ་ག་ལ་ཡོང༌། །དགྲ་ཡ་འཛམ་གླིང་རྒྱལ་པོར་བྱས། །འཁོན་དེ་ཚངས་པ་ལྷ་ལ་བཟུང༌། །གླིང་དཀར་དཔའ་བདུད་འཐབ་རོགས་གཡར། །འགྲུབ་རྒྱུ་ཅི་ཡོད་འགྲུབ་ཡོང་བསམ། །རྟེན་འབྲེལ་མཚན་མ་རིམ་གྱིས་ངན། །ད་རུང་ལས་དམག་ཁྲ་བོ་འདི། །མངག་དགོས་རྒྱལ་པོའི་གསུང་དུ་བྱུང༌། །ཞུ་དགོས་ལར་གྱི་མི་འདུག་སྟེ། །མི་ཡག་བསམ་པ་སེམས་ལ་འདུག །ཁྲི་གདུག་ཉི་མ་འོད་པོ་ཆེ། །སྤྲིན་ལམ་འགྲོས་ལ་མ་བལྟས་ན། །མུན་ནག་འཁོར་བ་རང་བཞིན་ཡིན། །ལྷ་ཆར་ཟིམ་བུ་འབབ་ལུགས་དེ། །སྐྱི་བསེར་རླུང་ལ་མ་གཟུར་ན། །སྤྲིན་ལམ་འཐོར་བ་རང་བཞིན་ཡིན། །གཡུ་འབྲུག་སྔོན་མོའི་སྐད་རྒྱང་དེ། །འབྱུང་བ་ཤུགས་ལ་མ་ཐུག་ན། །དབྱར་དུས་ཐན་པས་རང་ཤི་ཡིན། །རྒྱལ་པོ་ས་ཐམ་ཕར་དཔུང་འདི། །རྒྱལ་ས་རང་གི་མ་བཟུང་ན། །སྡང་དགྲའི་སྐོར་རྒྱུག་རང་ཆས་ཡིན། །ཕོ་སྐྱེས་དཔའ་བོ་དཔའ་ཚོད་དེ། །རྒོད་རྒོད་མང་ན་ཡག་རྒྱུ་མེད། །མི་རུང་ལས་འདི་བཞག་ན་བསམ། །སྟོང་ཚོ་གསུམ་གྱི་དམག་བགོས་འདི། །ལ་ལུང་མ་བརྒལ་བཞག་ན་བསམ། །ངེད་རང་རྒྱལ་བློན་འཁོར་བཅས་རྣམས། །ལས་དམག་མི་འཐོར་ཁྲིགས་སེ་སྡོད། །དེ་མིན་ཕར་འབུད་མང་བ་འདི། །ཕུག་སོ་མེད་པའི་ལས་ཅིག་འདུག །དེ་བསམ་རྒྱལ་བློན་ཐུགས་ཀྱིས་སྐོར། །རང་གི་བསམ་ལུགས་དེ་ལྟར་འདུག །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས། དེའི་རྗེས་སུ་འཇང་བཟའ་མེ་ཏོག་ཆོས་སྒྲོན་གྱི་དགོངས་པར། བེར་ཐུལ་གྱིས་ཟེར་བ་ལྟར་བདེན། ཁ་སང་སྔོན་རྒྱུག་གི་དམག་རྣམས་ཅི་བྱུང་ཡོད་མི་ཤེས། ད་རུང་ཡོ་ལངས་འདི་མི་ལེགས། ཡབ་ཀྱིས་གསན་ན་ཞུ་བ་ཞིག་མ་ཕུལ་ཐབས་མེད། མ་གསན་ཀྱང་འགྱོད་མེད་ལས་ཡིན་དགོངས་ཤིང༌། འོ་ན་ཨ་པ་ས་ཐམ་ལགས། བློན་བེར་ཐུལ་གྱིས་ཟེར་བ་ལ་ཆ་བཞག་ན། རབ་ཏུ་གནས་འདྲ་བསམ་ཟེར་ཞིངགླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དུར་ཁྲོད་བརྒྱད་ཀྱི་ས་མཆོག་ནས། །ཡུམ་ཆེན་ཕར་ཕྱིན་བྱིན་རླབས་ཅན། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །འདུ་ར་ཉི་མ་སྟོང་ལྡན་རེད། །ཕོ་བྲང་ཟིལ་པའི་མིང་ཆེན་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་བཟའ་པདྨ་ཆོས་སྒྲོན་ང༌། །དཔེ་བཟང་དགུང་དུ་གྲགས་ལེ་ཡིན། །ནག་མོའི་གཏམ་འདོད་མ་ཡིན་ཏེ། །གླུ་སྙན་ཁུ་བྱུག་གསུང་ལ་དཔེ། །ཚིག་བཟང་གསེར་ཕྱེ་བརྟུལ་མ་ཡོད། །རྒྱལ་བློན་ནམ་མཁའི་མཁྱེན་ཁྱབ་ལ། །ཞུ་དགོས་ལར་ནས་མི་འདུག་སྟེ། །མི་ཞུ་ཐབས་མེད་ང་ལ་འདུག །གངས་དཀར་ཟུར་གྱི་དར་སེང་དེ། །གཡུ་རལ་ཡོད་པ་ཆ་མཆིས་ཀྱང༌། །འབབ་ས་ངན་ན་ཆག་སྒོའི་རྒྱུ། །ལྷ་ཤུགས་རྩེ་ནས་ཁུ་བྱུག་འགྱུར། །སྐད་སྙན་ཡོད་པ་ཆ་མཆིས་ཀྱང༌། །དགུན་ལྷགས་འགྲིམ་ན་ཆག་སྒོའི་རྒྱུ། །འདམ་ཆུང་རྫོང་གི་མེ་ཏོག་དེ། །ལོ་འདབ་རྒྱས་པ་ཆ་མཆིས་ཀྱང༌། །མི་ལག་འགྲིམ་ན་སྐམ་པའི་རྒྱུ། །ས་ཐམ་རྒྱལ་བློན་འཁོར་བཅས་ལ། །མངའ་ཐང་ཡོད་པ་ཆ་མཆིས་ཀྱང༌། །ཡོ་ལངས་མང་ན་མི་སྡེ་སྟོང༌། །ཡང་སྒོས་མདང་སུམ་རྨི་ལམ་ལ། །ད་ལན་སོང་ན་མི་ལེགས་འདུག །ཅིས་ཀྱང་འཇང་བཟའི་ཞུ་བ་གསོན། །ཡབ་ཆེན་ས་ཐམ་རྒྱལ་པོ་ལ། །འཇང་ཡུལ་མི་སྡེ་ཁྲོམ་ཚོགས་ཀྱི། །མཆོད་ན་ཟས་ཕུད་ཞུ་ས་རེད། །གླེང་ན་སྐྱབས་འགྲོ་ཞུ་ས་རེད། །རང་གཞན་སྐྱིད་པའི་ལས་གཅིག་མཛོད། །ས་ཐམ་འཇང་དང་སྨར་ཁམས་གླིང༌། །ངར་ཡག་འཁྲུག་རེས་བྱེད་དོན་མེད། །སོ་ནམ་སྡིག་ལ་བྱེད་དོན་མེད། །སེར་མོའི་ཞུ་བའི་ཚིག་ལ་གསོན། །བྱུས་རང་ལ་ཡོད་པ་མ་གསན་ན། །འགྱོད་གཏིང་ཐུག་ན་འགྱོད་པ་ཆེ། །ཡང་སྒོས་བེར་ཐུལ་བློན་ཆེན་འདི། །ཅི་ཟེར་གཏམ་དེ་བདེན་ངེས་ཡིན། །སྔར་འདས་ད་རབས་ཕན་ཆད་དུ། །གྲོས་མགོ་འཛིན་ན་བེར་ཐུལ་ཟེར། །བྱུས་མགོ་ཉེས་ལེ་ཡོང་མ་མྱོང༌། །དེ་ནས་རྒྱལ་བློན་བསམ་བློ་སྐོར། །བསམ་བློ་ལེགས་པར་མ་བསྐོར་ན། །ཕྱི་རེས་འགྱོད་པ་ཚར་ལེ་ཡོང༌། །ནགས་མ་ཤིང་གི་སྤྲེ་འུ་དེ། །འགྲོ་སྡོད་མང་ན་མགྲོན་འཛར་ཤོར། །ཚེ་ཚེ་རྭ་ཡི་མཐོ་འདོད་དེ། །འཁྲབ་རྒྱུ་མང་ན་སུག་ལག་ཆག།།གླང་ཆུང་བྲེ་བོ་ངར་ངར་དེ། །འགྱང་འགྱིང་མང་ན་གླང་སྲོག་འཆོར། །འདུ་ར་ཉི་མ་སྟོང་ལྡན་ལ། །སྐྱིད་སྐྱིད་ཉི་མ་ལྡེ་བའི་དུས། །སྡུག་སྡུག་རླུང་དམར་གཡབ་མོ་ནི། །རང་སྡུག་མ་ཤོམ་ཞོག་ནས་ཐོངས། །རེད་བསམ་རྒྱལ་བློན་ཐུགས་ལ་ཞོག།།
ཅེས་ཟེར་གླུ་དེ་ལྟར་བླངས། གཞན་མ་རྣམས་ཅི་མི་ཟེར། བེར་ཐུལ་གྱིས་ད་ལྟར་འཇང་བཟའི་ཞུ་བའི་ཚིག་བཟང་དེ་དོན་རྒྱལ་པོའི་ཐུགས་ཀྱིས་བཅུད་དུ་བཞུགས་ནས་འབྲས་བུ་ཞུ་དོན་སྨིན་པའི་མཐའ་རྒྱས་མཛད་པར་ཞུ། རྒྱལ་པོས་གསུངས་པ། ཁ་རོག་སྡོད་བློན་པོ་སྨྱོ་བ་ཡིན་ནམ་ཅི་ཡིན་ཀྱང་སྙིང་མེད་ཀྱི་གཏམ་དེ་དུས་རྒྱུན་མ་བཏང༌། འཇང་བཟའ་ཆོས་སྒྲོན་འདི་བློ་ཆུང་བའི་ཁ་ལ་བལྟ་རྒྱུ་ཅི་ཡོད། བུ་མོ་ཁྱེད་རང་ལ་རྨི་ལམ་ངན་པ་བྱུང་ཟེར། བདེན་ན་ཁྱོད་རང་ལ་ཉེས་ཡོང༌། བཟློག་ཐབས་འདྲ་བྱས་ན་ཟེར་ཞིང་དམག་བཤོལ་ཐབས་མེད་པའི་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ནམ་མཁའ་མཐོ་བའི་དབྱིངས་རུམ་ནས། །མཁྱེན་ནོ་གནམ་ཐེལ་ར་དཀར་སྐྱ། །བར་སྣང་སྟོང་ཁམས་ཡངས་པ་ནས། །བར་ཐེལ་ཁྲ་བོ་ར་ཁྲ་སྐྱ། །ས་བརྟན་ས་གཞིའི་གཞལ་ཡས་ནས། །མཁྱེན་ནོ་ས་ཐོ་ནག་འཛི་སྐྱ། །མཁྱེན་གཟིགས་ས་ཐམ་སྐུ་བྱུས་སྲུངས། །འགྲན་མེད་བེར་ཐུལ་བཀའ་བློན་ཁྱོད། །བསམ་པ་བྱིས་སྙིང་མ་བྱེད་ཅིག །ཀླད་མེད་རླུང་ཁྱེར་མ་བྱེད་ཅིག །མི་རེའི་འགྱུར་ཁ་མ་མང་ཅིག །ལས་དམག་ཁྲ་བོ་སྒར་གྲལ་ལ། །བཤོལ་ཐབས་མ་མང་ཁ་རོག་ཞོག །འཇང་བཟའ་མེ་ཏོག་ཆོས་སྒྲོན་ཁྱོད། །བུ་མེད་སེམས་ཆུང་གཏམ་འདོད་དེ། །མང་ན་གཞན་གྱི་འཕྱ་ཁྲེལ་ཡོང༌། །ལྟས་དང་རྨི་ལམ་ངན་ནོ་ཟེར། །ངན་ན་སྡང་བའི་དགྲ་ལ་བསྒྱུར། །བུ་མོ་རང་ལ་ངན་པ་དང༌། །ཡིད་ལ་འཁོན་གྲིབ་ཡོད་ཟེར་ན། །དགོན་པ་མཚལ་གྱི་གདན་ས་རུ། །བླ་མ་མི་བོན་ཆ་བོན་བཞུགས། །ལྟས་ངན་གཡང་དུ་ཁོང་གིས་ཁུགས། །རྐྱེན་ངན་གྲོགས་སུ་ཁོང་གིས་ལེན། །ཆོ་འཕྲུལ་དཔུང་འདི་ཁོང་གིས་འགུགས། །རྨི་ལྟས་བཟློག་པའི་དཔྱད་ཁ་ཞུ། །སྐྲག་སྐྲག་མི་དགོས་ལྷོད་ཅིང་སྡོད། །ལྷོ་སྤྲིན་སྨུག་པོ་དཔུང་མཐུག་ཀྱང༌། །སྐྱི་བསེར་རླུང་གིས་མི་འཐོར་མེད། །སྲིབ་ལུང་སྤ་ཤུག་དཔུང་མཐུག་ཀྱང༌། །དམར་པོ་མེ་ཡིས་མ་འཇོམས་མེད། །སྨར་ཁམས་གླིང་ཕྲུག་དཔུང་རྒོད་ཀྱང༌། །ས་ཐམ་དཔུང་གིས་མི་ཐུབ་མེད། །གླིང་རྟ་བང་ཁ་མགྱོགས་གྱུར་ཀྱང༌། །འཇང་རྟས་མི་ཟིན་གཅིག་ཀྱང་མེད། །འཇིགས་པ་མི་དགོས་ཨ་འུ་ཙི། །ད་ལྟ་མངགས་པའི་མི་གསུམ་པོ། །འགྲོ་རྒྱུ་ཡིན་ན་ལ་མོ་སོང༌། །ལ་འགོ་ལུང་གསུམ་སོ་ཡི་ཉུལ། །མི་བདེའི་རྣམ་པ་ཡོད་གྱུར་ན། །རླུང་ཟེར་མ་རི་རྩེ་འགྲིམས་འདྲ་གྱིས། །སྐད་ཅིག་ཡུད་ལ་ལོག་ནས་ཤོག །དེ་ནས་གང་དགོས་རིམ་གྱིས་བྱེད། །
ཅེས་ཟེར་ཞིང་གླུ་དེ་ལྟར་བླངས་སོ། །དེར་བློན་ཆེན་རྣམས་དང་འཇང་མི་རྣམས་མི་བདེའི་རྣམ་པ་ཡོད་གྱུར་ཀྱང་ཞུ་མ་ནུས་པའི་སྐབས་དེར། དུག་ཕྲུག་ལྷའུ་སིལ་སིལ་དང༌། སེང་ལྕམ་ལྷའུ་ཐོག་འགྱུར། དཔའ་ལིང་དཔའ་བོ་ཐོག་འགྱུར་གསུམ་རང་རང་གི་ལས་དམག་སྟོང་ཚོ་རེ་དང་བཅས་འཇང་ས་ཐམ་གྱི་རྒྱ་སྒོ་ཤར་མ་ནས་བཤར་ཅིང་མི་ཐམས་ཅད་ལྟད་མོ་བལྟས། དཔའ་བོ་རྣམས་ཀྱང་མདའ་རེ་དར་རེའི་སྐྱེལ་མ་བྱས་ནས་ཞལ་མྱུར་དུ་མཇལ་བའི་སྨོན་ལམ་གྱི་མཚམས་སྦྱར་ནས་ལམ་དུ་བཞུགས་ཤིང་ཆས་སོ། །དུས་དེ་ཙམ་ན་གླིང་དམག་རྣམས་འཇང་ཡུལ་དུ་ཉེ་བར་སླེབས་ཤིང༌། ན་མ་ཆུ་ཡི་མར་ཞབས། བརྒྱད་ཅུ་སྟག་གི་རབ་ཐད་དུ་བཞུགས་ཡོད་པས་དེའི་ནུབ། ནམ་གྱི་ཕྱེད་ཆ་ཙམ་དུ་ཡབ་ཆེན་ཚངས་པ་དཀར་པོ་དེ། ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ནས། ལྷ་ཡི་འཁོར་དང་བཅས་ཏེ་འོད་ལམ་མེ་ཕེབས་ཤིང་ལུང་བསྟན་གྱིས་གླུ་འདི་ལྟར་གསུངས་སོ། །
ཨེ་ཨེ་ལྷ་མཁྱེན་ནོ་བསྟོད་དོ་དཀོན་མཆོག་གསུམ། །དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས། །ཐུགས་རྗེ་དཀར་པོའི་ཕྱོགས་ལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྙིང་རྗེའི་ཆུ་རྒྱུན་ཤ་ར་ར། །བྱང་ཆུབ་མྱུ་གུ་ལམ་སེ་ལམ། །ཕྱི་རེས་བསྐལ་པ་མ་སྟོང་པར། །སེམས་ཅན་དོན་དུ་བརྩེ་བས་དགོངས། །ས་འདི་ས་ངོ་མ་ཤེས་ན། །འཇང་གླིང་གཉིས་ཀྱི་ས་མཚམས་ལ། །ལྷ་ལུང་ཉི་མ་ཞུད་ཀྱི་གཡས། །ང་དང་ང་ངོ་མ་ཤེས་ན། །སུམ་ཅུ་བརྩེགས་པའི་ཕོ་བྲང་ནས། །དགའ་ལྡན་ཆོས་ཁྲི་དགུ་བརྩེགས་ནས། །ཚངས་པ་དཀར་པོ་དུང་གི་གཙུག །སྤྱིར་གྱི་འགྲོ་དྲུག་སེམས་ཅན་ལ། །སྙིང་རྗེ་ཚད་དུ་སྐྱོང་མི་རེད། །ཡང་སྒོས་སྨར་གླིང་ཁྲ་མོ་ལ། །ཆོས་དགེ་བའི་ས་བོན་འདེབས་མི་ཡིན། །ལྷག་པར་ཨ་ཕའི་བུ་ཚ་ཁྱོད། །དགྲ་ཚུར་བཀལ་དཔའ་བོ་ཐུག་པའི་དུས། །བྱུས་མ་ཤོར་གྲུ་བཞི་བཟུང་ལེ་དགོས། །ཁྱེད་འདོ་མེད་མ་ཉལ་ཇོ་རུ་ལགས། །སང་གི་ཉི་མའི་སྔ་དྲོ་ལ། །མ་སྡོད་ཇོ་རུ་སྔོན་ལ་སོང༌། །རྨུ་རྗེ་ས་ཐམ་རྒྱལ་པོ་ཡི། །ཁ་ལག་ཟས་ཀྱི་འབྲེལ་བ་དང༌། །རྒྱུ་སྣ་རེ་ལག་ཏུ་ཨེ་ལོན་ལྟོས། །དྲག་པོའི་མཐུ་སྒྲུབ་རོང་པས་བྱེད། །འདུལ་བ་ཇོ་རུ་ཁྱོད་ལ་བབས། །འཇང་མ་ཁྲི་ལྕམ་རྒྱལ་མོ་དེ། །གསལ་སྒྲིབ་མེད་པ་མཁའ་འགྲོའི་སྐུ། །དེ་འདྲ་འདུལ་ཐབས་གེ་སར་བབས། །དེ་ནས་གསོན་དང་ཞུ་རྒྱུ་ཡོད། །ཁོས་བློ་ཐབས་གཉིས་ཀྱི་དྲན་ཁུལ་ལ། །སྟོང་ཚོ་གསུམ་གྱི་ལས་དམག་དེ། །གླིང་རུའི་གདོང་ལ་མངགས་ནས་སོང༌། །ཞག་ལྔ་དྲུག་ཚུན་ལ་ཐུགས་ངེས་རེད། །དོན་དེ་ལ་རྒྱལ་པོས་ཞལ་ཏ་སློབ། །ཁྱོད་རང་མི་རྟ་གཉིས་པོ་དེ། །འོད་སྤུངས་སེ་སང་ཉིན་ལམ་ལ་བཞུགས། །སྒར་ཁྲ་མོ་བློ་འགྱོད་བྱེད་དགོས་མེད། །ནང་དུ་དཔོན་བློན་ཆེ་གསུམ་ཡོད། །ཟུར་དུ་དཔའ་བོ་མི་གསུམ་ཡོད། །མི་འབྲལ་ཚངས་པ་དཀར་པོ་ཡོད། །བློ་བདེ་བདེ་དགའ་སེམས་སྐྱིད་ནས་སོང༌། །དེ་ནས་འཇང་ཡུལ་མཚལ་ར་ལ། །རྒྱལ་པོ་ཉིད་ཀྱི་ཕེབས་སྐྱོད་མཛོད། །འགྲོ་སྡོད་གང་ལ་མཁས་ལེ་དགོས། །དེ་ཚོ་རྒྱལ་པོའི་ཐུགས་ལ་ཞོག །
ཅེས་གསུངས་ཤིང་ལུང་བསྟན་གྱི་ཚིག་དེ་ལྟར་གསུངས་ནས་མི་སྣང་དར་གྱུར་ཏོ། ། དེའི་སང་སྔ་བར་རྒྱལ་པོའི་དྲུང་དུ་དཔའ་བདུད་རྣམས་ཁྲ་ལམ་མེར་འཚོགས་གྲལ་འཁོད་པའི་སྐབས་དེར། རྒྱལ་པོ་སེང་ཆེན་གྱིས་དཔའ་བདུད་རྣམས་ལ་ལུང་བསྟན་བྱུང་ཚུལ་དང་རྒྱལ་པོ་མི་རྟ་གཉིས་སྔོན་ལ་ཕེབས་དགོས་ཚུལ་གྱི་གསུང་གླུ་འདི་བླངས་སོ། །
གནས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་སྟེང༌། །ལྷ་སངས་རྒྱས་ཀུན་འདུས་སྤྱན་རས་གཟིགས། །སྐུ་གང་གི་མོས་པའི་ཡེ་ཤེས་གཏེར། །བདག་མོས་གསོལ་བ་སྙིང་ནས་འདེབས། །གསོན་དང་ཚོ་ཆེན་ལྷ་སྡེ་རྣམས། །འགོག་ཚ་གླིང་གི་ཇོ་རུ་ལ། །དཀར་པོ་ལྷ་ཡི་ལུང་བསྟན་བྱུང༌། །བར་ཆད་སེལ་བའི་བྱིན་རླབས་བྱུང༌། །ལོག་པར་མི་འགྲོ་ལེགས་སློབ་བྱུང༌། །ལྷ་ཆེན་ཚངས་པ་དཀར་པོ་དེ། །མི་དཀར་གཡུ་ཡི་གཟེ་མ་ཅན། །དུང་དཀར་ཐོར་ཚུགས་ལྡེམ་སེ་ལྡེམ། །ལྷ་རྟ་གྲོ་དཀར་ཞབས་ལ་ཆིབས། །གྲོ་དཀར་འགྲོས་སྐོར་གྱི་ལི་ལི། །ལྷ་ཕྲུག་བྱི་བ་འབུམ་གྱིས་བསྐོར། །གཞོན་ནུ་གར་བྱེད་ཁྱུག་སེ་ཁྱུག །གསུང་དང་ཞལ་ཏ་འདི་འདྲ་བྱུང༌། །དེ་རིང་ཉི་མའི་ཡར་སྟེང་ལ། །ཇོ་རུ་མི་རྟ་གཉིས་པོ་དེ། །སྔོན་འགྲོ་ལམ་ལ་རྒྱུག་ཅིག་གསུངས། །རྨུ་རྗེ་ས་ཐམ་རྒྱལ་པོ་དེ། །ཞི་བའི་ཁུལ་གྱིས་མ་ཐུལ་ན། །དྲག་པོས་ཐུལ་བ་ཁག་པོ་གསུངས། །མི་སྡོད་སྔོན་ལ་འགྲོ་དགོས་ཡོད། །སོང་ནས་དོན་གོ་ཆོད་ལེ་བྱེད། །ད་མ་སྡོད་དཔའ་བདུད་ལྷ་དམག་རྣམས། །རང་རང་ལས་དམག་གང་ཡོད་རྣམས། །གུར་མཐོང་ལྡན་སྒོ་འདིར་ཁྲིད་ལ་ཤོག །ཁྲི་པདྨའི་མདུན་འདིར་སྒྲིག་ལ་ཤོག །ང་དང་གོང་མ་ལྷ་རྣམས་ཀྱིས། །འགལ་རྐྱེན་སེལ་བའི་རབ་གནས་བྱེད། །དབུ་འཕང་མཐོ་བའི་རྟེན་འབྲེལ་བསྒྲིག །དེ་ནས་རྒྱལ་བློན་འཁོར་བཅས་རྣམས། །ཞལ་མྱུར་མཇལ་བའི་སྨོན་ལམ་འདེབས། །གླིང་ཚོ་ཆེན་ཐུགས་ལ་དེ་ལྟར་ཞོག །
ཅེས་གསུངས་ཤིང་གླུ་དེ་ལྟར་བླངས་པས་དཔའ་རྟུལ་རྣམས་རྒྱལ་པོ་སྔོན་དུ་ཕེབས་དགོས་པའི་འོ་བརྒྱལ་རུང༌། ལྷའི་ལུང་བསྟན་ཡིན་པས་ཕུ་རེ་མེད་པ་ཐམས་ཅད་བློ་མཐུན། རྒྱལ་པོའི་གསུང་ལ་མངོན་པར་བསྟོད་པའི་བར་དེར་ཁྲོ་ཐུང་གིས་སྨྲས་པ། འོ་ན་ཚ་བོ་སེང་ཆེན་སྔོན་ལ་ཕེབས་དགོས་ལུང་བསྟན་ཡིན་རུང་ངེད་རྣམས་ཀྱི་ལམ་དུ་དམག་མགོ་ཐོན་པ་བྱུང་ན་རབ་སྟེ། མ་བྱུང་རིགས་ཤར་ན་འགྱོད་ལས་ཆེ་བས་འདི་གར་བཞིན་དུ་ཕེབས་ན་མི་ལེགས་སམ། རྒྱལ་པོ་ཡང་གཅིག་པུར་ཕེབས་ན་དགྲ་འདུལ་བའི་ལམ་དུ་དཔའ་རོགས་དང་དཔུང་རོགས་འཐབ་རོགས་མེད་ན་ཐུགས་འོ་བརྒྱལ་ཟེར། དེར་རྒྱ་གར་མ་ཎི་ཕ་ལ་དེས་སྨྲས་པ། གླིང་དཔའ་རྟུལ་རྣམས་གཟུགས་མེད་ཀྱི་དགྲ་འདྲེ་ལ་ཅུང་ཟད་འཚེར་དགོས། གཟུགས་ཅན་གྱི་བདུད་ཕྲུག་ཁྲི་འབུམ་གྲངས་མང་ཡང་འཇིགས་པ་སྐྱེ་མི་དགོས། གཟུགས་མེད་ཀྱི་འདྲེ་སྲིན་སྔོན་དུ་སྐྱེས་མཆོག་ནོར་བུ་ཆེན་པོས་འདུལ་བར་མཛད་ན་ལེགས་ཟེར། དེར་ག་ནེ་གོམས་པས་གསུངས་པ། ལྷ་ཡི་ལུང་བསྟན་དང་རྒྱལ་པོ་སྔོན་ལ་ཕེབས་དགོས་ཐུགས་བསུན་པ་ཙམ་ཡིན་རུང་འོས་མེད། ལམ་བར་དུ་དམག་འགོ་ཐོན་པ་ཡོང་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་མཁྱེན་པའི་གཟིགས་དང་སྤྲུལ་པའི་སྐུ། །ལམ་སྣ་དྲོངས་དང་ཐུགས་རྗེ་ཅན། །བར་ཆད་སེལ་དང་མཁའ་འགྲོ་མ། །སྟོང་དབྱེར་ཁ་ལོ་ཆོས་ལ་བསྒྱུར། །ཆོས་འབྱུང་དཀར་པོས་ལམ་སྣ་དྲོངས། །མི་རྒན་ཅི་བསམ་འགྲུབ་པར་ཤོག །ཚོ་ཆེན་ལྷ་སྡེ་དཀར་པོ་དང༌། །ཡང་སྒོས་འཛམ་གླིང་ཆོས་ཀྱི་རྒྱལ། །གསོན་དང་ཞུ་རྒྱུ་ཚིག་གསུམ་ཡོད། །རྒྱལ་པོ་སྔོན་ལ་ཕེབས་རྩིས་ལ། །གེ་སར་རང་གི་ཐུགས་འདོད་དང༌། །ཚངས་པ་ལྷ་ཡི་ལུང་བསྟན་གཉིས། །ཨ་ཁུའི་མོ་ལུང་རྩིས་དང་གསུམ། །མི་མང་བློ་ཁ་མཐུན་དང་བཞི། །ལ་ཁ་གཅིག་ཏུ་འཛོམ་ལེ་རེད། །དེ་བསམ་རྒྱལ་པོ་སྔོན་ལ་ཕེབས། །གླིང་དམར༌སྒར་ཆེན་ཁྲ་མོ་ལ། །བར་ཆད་སེལ་བའི་ཆ་རྒྱན་དུ། །བགེགས་སེལ་ལྟ་བུའི་རབ་གནས་དང༌། །བྱིན་རླབས་དངོས་གྲུབ་ཆར་རྒྱུན་དེ། །ད་ལྟ་ཉིད་དུ་ཞུ་རྒྱུ་གྱིས། །ས་ཐམ་འཇང་དུ་འགྲོ་ཉིན་མོ། །ས་རྒྱུས་ལམ་རྒྱུས་ང་ལ་ཡོད། །ཆུ་ཆེན་རབ་རྒྱུས་ང་ལ་ཡོད། །རྒྱ་གར་རྒྱ་ནག་བལ་མོན་སོགས། །རྐང་པས་མ་བཅག་གཅིག་ཀྱང་མེད། །སྤྱི་དཔོན་ན་སོ་རྒས་གྱུར་ཀྱང༌། །ཁྲབ་སྔོན་མོའི་ཁ་རྒྱན་རྒྱུན་བུ་འདྲ། །མཚོན་ལེབ་ཆེན་དབྱུགས་པའི་དཔའ་ལུང་འདྲ། །རྒད་པོ་གླིང་ལ་མེད་ཐབས་མེད། །དམག་དཔོན་ཆེ་གསུམ་སྡོང་པོའི་ཚུལ། །དཔའ་རྟུལ་དེ་རྒོད་ལོ་འདབ་ཚུལ། །ཁ་འཛིན་ཨ་ཁུ་འབྲས་བུའི་ཚུལ། །རྒྱལ་པོ་རྩ་བའི་ས་བོན་ཚུལ། །འཇིགས་སམ་མི་དགོས་བདེན་གཏམ་ཡིན། །མ་བཞིའི་དཔོན་པོ་ཁྲོ་ཐུང་ལ། །ནམ་མཁའི་གོ་འབྱེད་གེ་སར་གྱིས། །ཉི་མའི་ཚུལ་དུ་འཛིན་ལེ་རེད། །མུན་པའི་རང་དམངས་མ་འཐིབ་ཅིག །དམག་དཔོན་ཆེ་གསུམ་དབུ་མཉམ་གྱི། །རྩོད་མེད་ནོམ་ཕུད་བཞག་པ་རེད། །སྟག་རོང་དཔོན་པོ་ཁྲོ་རྒྱལ་རེད། །དེ་ལ་ཁྲོ་ཐུང་བསམ་བློ་སྐོར། །སྙིང་ལ་རུས་པ་ཨེན་ཙམ་དགོས། །ཨེ་རེད་གླིང་དཀར་རྒྱལ་བློན་རྣམས། །
ཞེས་གླུ་དེ་ལྟར་བླངས། དཔའ་རྟུལ་རྣམས་ཀྱི་རྒྱལ་པོ་དང་ཨ་ཁུས་གསུངས་པ་ལྟར་ལེགས་སོ་མགྲིན་གཅིག་ཏུ་བརྗོད། དེར་བློན་པོ་རྣམས་དང་དམག་མང་བཅས་རང་རང་གི་རྟ་ལ་གཡབ་ཅིང༌། རྒྱལ་པོས་གསུངས་པ་ལྟར་ལྷ་གུར་མཐོང་བ་ཀུན་སྨོན་གྱི་སྒོ་ནས་ཚུར་ཤར། རྒྱལ་པོ་ཉིད་ཀྱི་བགེགས་སེལ་དང་རབ་གནས་མཛད་པའི་མེ་ཏོག་གི་ཆར་དང༌། ཙནྡན་གྱི་དྲི་རོལ་མོའི་སྒྲ་སོགས་སྙན་པའི་བར་དེར། དམག་མི་རྣམས་འོད་ལམ་ཁྱུག་ཁྱུག། མི་བཀྲག་རྟ་བཀྲག་མདངས་ཡས་ལ་བྱིན་ཐེབ་ཐེབ། རྒྱལ་ཆེན་ཉིད་འདན་མས་ཆིབས་ཁ་ཞུས་ཏེ་འཇའ་དང་འོད་ཁྱིལ་ལེ། ས་གཞི་རྣམས་འདར་ཤིག་ཤིག་ཆིབས་ཀྱི་ཁ་ལོ་འཇང་ཕྱོགས་སུ་བསྒྱུར་ཅིང་ཤུགས་བསྐྱེད་དོ། །དེའི་ནུབ་མོ་ཚངས་པས་ལུང་བསྟན་པའི་ས་དེ་གར་བཞུགས། གླིང་དམག་རྣམས་སྒར་བཏེགས་ཏེ་འགྲོ་མུས་ལ། དེ་ནུབ་འབྲོང་ལུང་སེར་མོའི་མར་ཞབས་སུ་སྒར་བཏབ་ནས་བསྡད། འབྲོ་ལུང་སེར་མའི་ནང་སྒར་བཏབ་ནས་གླིང་དམག་ཕལ་ཆེ་བ་འབྲོང་བཤོལ་དུ་སོང་བའི་སྐབས་རྒོད་པོ་དཔའ་ལས་འཇང་བཀྲ་ཤིས་བསོད་ནམས་གླིང་གི་དམག་དང་ཉེ་བར་སླེབས་དུས། འཇང་བཀྲ་ཤིས་བསོད་ནམས་ཀྱི་གདོང་བཀཀ་ཅིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །རེ་རེ་མི་ལེན་དཀའ་མེད་རེད། །སྐྱིད་ན་ཇ་ཆང་མཚར་གླུ་རེད། །སྡུག་ན་རང་སེམས་གསོ་གླུ་རེད། །འགྲོ་དྲུག་ཚིག་གི་འབྱོར་ཚུལ་རེད། །བསམ་དོན་རང་གི་ཤུགས་འབྱུང་རེད། །དེ་ནས་ཉོན་དང་ཁམ་པ་གཡབ། །ས་འདི་ས་ངོ་མ་ཤེས་ན། །ཉི་མ་ཞུད་ཀྱི་མར་ཞབས་རེད། །ཕར་འགྲོ་བརྒྱ་བརྒྱའི་འགྲིམ་ལམ་རེད། །ཚུར་འོང་སྟོང་སྟོང་གཤར་ས་རེད། །ཆུ་ཆེན་ཉག་མ་ཉག་ས་རེད། །ང་དང་ང་ངོ་མ་ཤེས་ན། །རང་ཡུལ་སྟོད་ཀྱི་ས་ཆ་རུ། །ཆེན་པོ་ཧོར་གྱི་ཁྲི་རྒོད་ཡིན། །མ་བྲེལ་མ་བྲེལ་ཕ་ཡི་བུ། །ཚིག་གསུམ་གྲབ་ལེན་མ་བྱས་ན། །དགྲ་གཉེན་ཤན་དེ་ཕྱེ་མདོག་མེད། །སྣ་གཏད་ག་ན་འགྲོ་རྒྱུ་ཡིན། །སེམས་གཏད་ག་འདྲ་ཡོད་ལེ་ཡིན། །མི་བདུན་རྟ་བདུན་གོ་བདུན་གསུམ། །བདུན་གསུམ་གང་དུ་གཏད་ལེ་ཡིན། །མི་རྒྱབ་རྟ་རྒྱབ་གོ་རྒྱབ་གསུམ། །རྒྱབ་གསུམ་གང་དུ་བཞག་ལེ་ཡིན། །རྐུན་མ་ཡིན་ན་ཧམ་རེ་ཆེ། །ཇག་པ་ཡིན་ན་དཔུང་རེ་ཉུང༌། །རྒོད་བསམ་ཁེར་འབུད་མང་བ་འདི། །རིན་ཆེན་སྲོག་ལ་མི་གཟན་ནམ། །ཟ་བསམ་ཧམ་པ་ཆེ་བ་དེ། །འགྱོད་པ་གཏིང་ནས་མི་སྐྱེའམ། །ངར་བསམ་གྲི་མགོ་ཕུར་བ་དེ། །གྱོད་ཀྱི་གཞི་མ་མི་འདིང་ངམ། །དེ་ནས་འདི་རུ་སྐད་ཆ་ཡོད། ། འདི་ནས་འཇང་ལ་ག་ཙམ་དགོས། །ཁྱོད་ལ་ས་རྒྱུས་ཨེ་ཡོད་ལགས། །རྒྱལ་པོ་ས་ཐམ་སྐད་པ་དེ། ། ཞལ་བཟང་ཁྱོད་ཀྱིས་ཨེ་མཇལ་ལགས། །ཡུལ་ལ་བདེ་སྐྱིད་ཅི་འདྲ་ཡོད། །དེ་ནས་ག་ལེར་རིམ་གྱིས་གྱིས། །རྒོད་རྒོད་ངར་ངར་མ་བྱེད་ཅིག །ཕོ་རབ་མར་དཀར་ཐུག་འདྲ་གྱིས། །ཨེ་རེད་མ་རེད་ཁམ་པ་གཡབ། །
ཅེས་གང་ཟེར་ལྟ་བའི་གླུ་དེ་ལྟར་བླངས། ཁོ་ཡི་བསམ་པར་མི་བདེན་རྫུན་གཏམ་མགོ་སྐོར་ཚད་མེད་པའི་ལས་རེད། འཇང་ས་ཐམ་དམག་རོགས་ཧོར་ནས་ཡོང་དོན་མེད་བསམ་ནས་སྨྲས་པ། ཁོ་རེ་གྲོ་དཀར་གཡབ། ཕོ་འཕྱོར་ཤ་མོ་འདྲ་ལེ་བ། མཚོན་འཕྱོར་ཐག་མཁན་ལུ་ལུ་འདྲ། ངས་མདའ་གཅིག་མགོ་ལ་མི་ལེན་རེ་ཟེར་ཞིང་མདའ་མགོ་ཕུར་ནས་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དེ་ནས་ཉོན་དང་གྲོ་དཀར་གཡབ། །ང་དང་ང་ངོ་མ་ཤེས་ན། །འཇང་ཕྲུག་བཀྲ་ཤིས་བསོད་ནམས་ཡིན། །འཇང་ཡུལ་མཚལ་ར་སྨུག་པོ་ནས། །ས་ཐམ་རྒྱལ་པོས་མངགས་པའི་མི། །ཁྱོད་ཡོང་དོན་མེད་པའི་དམག་སྒར་འདི། །ཧོར་ནག་རྒྱལ་ཆེན་ཆེ་གསུམ་གྱི། །མངག་ཟེར་རྫུན་གཏམ་སྨྲས་པ་འདི། །ང་ཙམ་རྣ་བར་མི་འགྲོ་འདུག །ཡིན་ཐག་ཆོད་ཨ་བུའི་ནོར་སྐལ་རེད། །ཅི་ཡོད་གང་ཡོད་ལྟ་མི་རེད། །ཁྲ་ཆུང་མིག་གིས་མ་མཐོང་ན། །གཞན་ལ་འདྲི་བ་བཅོལ་རེ་ཆུང༌། །དེ་ནས་ཉོན་དང་གྲོ་དཀར་གཡབ། །རྒོད་བསམ་ཁེར་རྒྱུག་མི་བྱེད་རྒྱུ། །དགྲ་ནག་ཁྱོད་ཀྱི་ཐོག་བརྫིས་བྱུང༌། །ངར་བསམ་གྲི་མགོ་མི་འཕུར་རྒྱུ། །སྔོན་སོང་དམག་གི་མི་ཤ་བགོས། །ཧམ་བསམ་བློ་རྒྱ་མི་སྐྱེ་རྒྱུ། །རྟ་ཁྲག་གཉིས་ཀྱི་ཙ་ར་ཡིན། །ད་རུང་ཧམ་ཆེན་ཚོད་རང་མེད། །ཕུག་སོ་མེད་པའི་རྫུན་གོ་གཏམ། །ཅ་ཅོ་ཁ་ནས་འཆད་ཅིང་འདུག །ང་ཙམ་དེ་ལ་ཉན་དོགས་མེད། །སྟག་དོང་ནང་ནས་མདའ་ཞིག་འདོན། །གཟིག་ཤུབས་ནང་ནས་གཞུ་ཞིག་འདོན། །དོན་སྣོད་བཅུ་གཉིས་ཧོ་མ་ཡ། །འཆི་བའི་ལམ་དུ་ཨེ་མ་ཧོ། །
ཞེས་ཟེར་ཞིང་སྐད་ཅིག་ལ་མདའ་དེ་འཕངས་བྱུང་བས། དཔའ་ལའི་ལུས་ལ་ཕོག་ནས་ཁྲབ་རྨོག་སོ་སོར་འཐོར་རུང་ནང་དུ་དགྲ་ལྷའི་ཚེ་གོས་ཀྱིས་མཐུས་མདའ་རྨས་མ་བྱུང༌། དཔའ་ལ་ནི་ངར་ལངས་ཤིང་གཡའ་ཁོ་རེ། མདའ་ནུས་མེད་རྩྭ་འཇག་རླུང་ཁྱེར་དེ། ང་དཔའ་ལའི་གདོང་ལ་ངོ་མི་ཚའམ། ད་ཁྱོད་རང་གོ་གཟུར་ལ་སྡོད་དང་ཚད་གཅིག་གྱིས་ཟེར་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །མ་ཅིག་གཡུ་ཡི་སྒྲོལ་མ་མཆོད། །དེ་རིང་དཔའ་ལའི་སྡོང་གྲོགས་མཛོད། །དེ་ནས་ཉོན་དང་ཁམ་པ་གཡབ། །ཁྱོད་རང་ཟེར་ཟེར་དེ་རང་ཡིན། །ཡིན་རྒྱུ་ཅན་གྱི་དམག་སྒར་འདི། །གཏད་རྒྱུ་ཁྱོད་ལ་གཏོད་ལེ་ཡིན། །དགྲ་ལན་ནུས་ཡོད་ན་འཇལ་རན་ཡིན། །རྩ་བ་ཁུང་ནས་མ་ཕུད་ན། །རྩེ་མོ་ལོ་འདབ་རྒྱས་དོན་མེད། །ཚུར་བརྙས་འཇང་གིས་དྲན་ལེ་ཡིན། །ཕར་བརྙས་གླིང་པས་འགྲུས་ལེ་ཡིན། །ད་རུང་དེས་ཀྱང་མ་ཚད་པའི། །ལས་དམག་ཕྱི་ནས་ཅི་ཡོད་རྣམས། །སྔོན་མ་ཇི་བཞིན་བཟོ་རྒྱུ་ཡིན། །གཙོ་བཞུགས་འཛམ་གླིང་ཆོས་ཀྱི་རྒྱལ། །མུ་པའི་ལྷ་སྲས་དགྲ་ལྷ་ཡོད། །གཡས་བཞུགས་གསེར་བའི་ཉི་འབུམ་ཡོད། །གཡོན་བཞུགས་འོམ་བུ་དཔའ་སེང་ཡོད། །མུ་སྤྱང་རིན་ཆེན་དར་ལུ་ཡོད། །གྲོས་བྱེད་དཔའ་བོའི་ཁ་འཛིན་ལ། །ཨ་ཁུ་རི་རྒྱལ་ལྷུན་པོ་ཡོད། །དགྲ་མགོ་བརྡུང་བའི་ཐོ་བ་ལ། །བཀའ་བློན་འདན་མ་བྱང་ཁྲ་ཡོད། །དགའ་སྡེ་མི་ཆེན་སེར་པོ་ཡོད། །སྟག་རོང་དཔོན་པོ་ཁྲོ་རྒྱལ་ཡོད། །ཡ་ཟི་ཧོར་གྱི་ཤན་པ་ཡོད། །དཔའ་བོ་ངར་རྒོད་དེ་ཚོ་ཡོད། །མི་དེ་ཚོ་ཐུག་ན་ག་འདྲ་ཡོད། །ང་རང་གླིང་གི་རྒོད་པོ་མིན། །དེ་རིང་སྟང་མའི་འོག་མ་ལ། །མི་ཁྱོད་ཙམ་གདོང་ལེན་བྱེད་དགོས་བྱུང༌། །དཔའ་ཨེ་འདུག་ཚད་ཅིག་བཞག་མི་ཡིན། །དཔའ་སྙིང་འབྲོང་ལ་མ་ཤེས་དེ། །གླང་ཆུང་ཉ་ཡུ་ཨེ་འདར་བལྟ། །འཕུར་རྩལ་གླག་ལ་མི་ཤེས་ཏེ། །རི་བོང་གཟུགས་གཞི་ཨེ་འཐོར་བསམ། །སྟག་དོང་ནང་གི་མདའ་མོ་འདི། །དེ་རིང་མི་འདོན་བཞག་ལ་གཏོང༌། །གཟིག་ཤུབས་ནང་གི་གཞུ་མོ་འདི། །དེ་རིང་མི་འདོན་བཞག་ལ་གཏོང༌། །རལ་གྲི་ལེབ་ཆེན་ལོག་ན་ཀྲབ། །དེ་རིང་མི་འདོན་བཞག་ལ་གཏོང༌། །
ཞེས་ཟེར་ཞིང་རྟ་སྟོང་རི་དར་དཀར་ལ་ཡོབ་བརྡབ་ཁ་སྤྲུག་བྱས་ནས་རྒྱུག་པས། ཁོས་ཀྱང་གོ་ཟུར་ནས་བསྡད། དཔའ་ལས་སྐད་ཅིག་ལ་ཁྱེར་ནས་ཡར་ནམ་མཁའ་ལ་དབྱུག མར་ས་གཞི་ལ་བརྡབས་ནས་བསད་དོ། །དམག་མི་བྱིངས་རྣམས་ཕན་ཚུན་དུ་ཨ་ལོང་ལྟར་ཐུག་པས་རྩྭ་འཇག་རླུང་གིས་སྟོར་བ་ལྟར་ཉིལ་གྱིས་བསད། དེ་དག་གི་ནང་ནས་སྐད་ཆ་ཤོད་མི་གཉིས་སྐེ་ལ་ཐག་པ་བརྒྱབ་ནས་ལྷ་གུར་གྱི་མདུན་དུ་ཕུར་པ་རེ་ལ་ཁྱི་ལྟར་བཏགས་སོ། །
གླེང་བརྗོད།
འཇང་གླིང་གཡུལ་འགྱེད། (ཚན་པ་དང་པོ)
འཇང་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)