ཟླ་རེའི་གསར་འགྱུར།

འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༠༢ ནས་ ༠༦ བར་ཉིན་ལྔའི་རིང་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་འབེབས་བྱུང་བའི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ལྟར་རྩོམ་སྒྱུར་ཞུས་པའི་གཞི་རིམ་གོང་མའི་འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་གཏན་འབེབས་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་ཚོགས་འདུའི་དབུ་འཛུགས་ལ་ཤེས་ལྷན་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་སློབ་དེབ་རྩོམ་སྒྱུར་གྱི་དགོས་དམིགས་དང་། མ་འོངས་པར་ལག་བསྟར་གནང་ཕྱོགས་སྐོར་གསུང་བཤད་གནང་རྗེས། གཏན་འབེབས་ཚོགས་ཆུང་གི་ཚོགས་མི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཨང་རྩིས་རྒྱུས་སྟོན་པ་ཚེ་རིང་མཚམས་གཅོད་ལགས། བོད་ཁྱིམ་ཨང་རྩིས་རྒྱུས་སྟོན་པ་བསོད་ནམས་རྒྱལ་པོ་ལགས། སིམ་ལ་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ལས་ཚབ་བམ་གཞི་རིམ་གོང་མའི་རྩིས་དགེ་ཟུར་པ་པདྨ་རྒྱལ་མཚན་ལགས། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་རྩིས་དགེ་ཟླ་བ་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་ཟུར་པ་བློ་བཟང་བསྟན་འཛིན་ལགས་བཅས་ལྷན་འཛོམས་ཀྱིས་གཞི་རིམ་གོང་མའི་འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་རགས་ཟིན་ལ་གོ་བསྡུར་སྦྱངས་བཤད་བྱས་ཏེ།  སྣོན་འཕྲི་ཅི་དགོས་ཀྱིས་སློབ་ཚན་དགུ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པ་དང་། ལྷག་འཕྲོས་རྣམས་རིང་མིན་གཏན་འབེབས་གནང་འཆར་ཡོད།ཕྱི་ལོ་ ༢༠༡༤ ནས་བཟུང་གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་རྣམས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་འབེབས་བྱུང་བའི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་རྩོམ་སྒྲིག་ཟིན་པ་དང་། འཛིན་རིམ་དགུ་པའི་སློབ་དེབ་གཏན་འབེབས་ཟིན་མཚམས་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན།

ཐེངས་འདིའི་ཚོགས་འདུ་ལ་ཌེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །

སྔོན་མ།
དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
ཤེས་རིག་བརྡ་ཆད་ཚན་པས་ནུབ་བངྒཱལ་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ། མཐོ་སློབ། དགོན་སྡེ་གྲྭ་ཚང་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།