༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༩ ནས་ཟླ་ ༡༠ ཚེས་ ༤ བར་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་བཅུ་དགུའི་རིགས་ལམ་འདུ་འཛོམས་རྒྱས་པ་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིགས་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། གཏན་ཉིན་སློབ་གྲྭ་ཁག་གི་འགན་འཛིན་དང་ཆོས་དགེ སློབ་ཕྲུག་བཅས་ཚང་འཛོམས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་ངོ་སྤྲོད་གནང་གྲུབ་བསྟུན། དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་གསུང་བཤད་གནང་།
དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཤེས་རིག་དྲུང་ཆེས་དབུས་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། དྷ་ས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གྱིས་གཙོས་འགན་འཛིན་རྣམ་པ་དང་དགེ་རྒན་ལས་བྱེད་རྣམ་པ། སློབ་གྲྭ་ཁག་ནས་སློབ་ཕྲུག་དང་མཉམ་དུ་ཕེབས་པའི་ཆོས་དགེ་རྣམ་པ། དེ་བཞིན་སམ་བྷོ་ཊའི་འགན་འཛིན་དང་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། གཙོ་བོ་ད་རེས་སློབ་གྲྭ་ཁག་བཅུ་དགུ་ནས་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ ༡༣༦ དང་། གཞན་ཡང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྒན་པ་རྣམས་འདིར་འདུ་འཛོམས་ལ་ཕེབས་ཡོད་པ་འདྲ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྲན་ལ་ཤེས་རིག་བཀའ་བློན་དུ་དམིགས་འཛུགས་གནང་སྟེ་ལས་འཁུར་ཞུས་ནས་བདུན་ཕྲག་གཅིག་ཙམ་ལས་ཕྱིན་མེད་ཀྱང་དེ་རིང་འདིར་འཛོམས་ནས་རྣམ་པ་ཚོ་ཐུག་སྟེ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་སེམས་འཁོལ་བའི་ངང་རྣམ་པ་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་རིགས་ལམ་འདུ་འཛོམས་སྐོར་མཛད་སྒོ་ཚོགས་ཀྱི་ཡོད། དེ་རིང་ནས་འགོ་བཙུགས་ཏེ་ཉིན་གྲངས་དྲུག་རིང་རིགས་ལམ་ཐོག་སྦྱང་བཤད་དང་། ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འདུ་འཛོམས་འདིའི་དམིགས་ཡུལ་ཁག་བཞི་ཡོད། དམིགས་ཡུལ་ཁག་བཞི་པོ་དེ་དག་བསྒྲུབ་ཐབས་ཐོག་ལས་འགུལ་ཡོང་གི་ཡོད། གོང་དུ་ཤེས་རིག་ཤེས་ཡོན་འགན་འཛིན་གྱིས་གསུངས་པ་ལྟར། འདུ་འཛོམས་ཐེངས་ལྔ་པ་ཆགས་ཀྱི་ཡོད། འདུ་འཛོམས་ཐེངས་ལྔ་པ་འདི་དེ་སྔའི་འདུ་འཛོམས་ཐེངས་བཞིའི་ནང་ནས་ཆེ་ཤོས་ཆགས་ཀྱི་ཡོད། དེར་བརྟེན་རིགས་ལམ་འདུ་འཛོམས་ཆེན་པོ་འདི་ལྟ་བུ་ཚོགས་ཐུབ་པ་ནི། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་ཤེས་རིག་ལས་ཁུངས་ནས་དེའི་ཐོག་ཐུགས་འཁུར་བཞེས་པ་དང་། སློབ་གྲྭ་ཁག་གིས་འགན་འཁུར་གནང་བ། ལྷག་པར་ཆོས་དགེ་རྣམ་པས་ཐུགས་འཁུར་བཞེས་པའི་དབང་གིས་ད་ལྟའི་ཆར་སློབ་གྲྭ་ཁག་ནང་རིགས་ལམ་ཐོག་དོ་དབྱིངས་དང་། རྩོད་པ་རྒྱག་རྒྱུས་མཚོན་སློབ་སྦྱོང་བྱ་རྒྱུ་སོགས་ཀྱི་ཐོག་གང་ཙམ་ཡག་པོ་ཆགས་ཡོད་པར་བརྟེན། དེ་རིང་ང་ཚོ་འཛོམས་ཐུབ་པར་དགའ་སྤོབས་སྐྱེ་འོས་པའི་གནས་ཚུལ་ཆགས་ཀྱི་འདུག
སྤྱིར་རིགས་ལམ་ཐོག་ངས་དེ་ཙམ་ཞུས་ཐུབ་ཀྱི་མེད། ལྷག་པར་ཆོས་དགེ་རྣམ་པ་ཚོ་འདིར་ཡོད་པར་བརྟེན་ཁོང་རྣམ་པའི་མདུན་དུ་ཞུས་ན་རན་པོ་མི་འདུག འོན་ཀྱང་རིགས་ལམ་བརྗོད་སྐབས་རིག་པ་སྒོ་ཕྱེ་ཡོང་གི་ཡོད། དང་པོ་རིགས་ལམ་ཁ་དང་ལུས་ཡིད་ལ་རིམ་བཞིན་ཆགས་ཏེ་རིགས་ལམ་གྱི་ཁྱད་ཆོས་འགྲོ་སྟངས་འདི་ལྟར་འགྲོ་གི་འདུག རིགས་ལམ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་༸གོང་ས་མཆོག་གིས་ཕལ་ཆེར་ཐེངས་ཁ་ཤས་ཚོགས་འདུའི་ནང་བཀའ་སློབ་སྩལ་ཡོད།
ཕྱོགས་གཅིག་ནས་ང་རང་ཚོའི་ཕྲུ་གུ་རང་གི་ཐོག་ལ་ཤེས་ཡོན་དེ་མགྱོགས་པོ་ཤེས་ཐུབ་ཐབས་ཡིན། ཤེས་རབ་ཆེ་རུ་དང་ཟབ་ཏུ་ཕྱིན་ཏེ་ཤེས་རྟོགས་དང་སློབ་སྦྱོང་མྱུར་པོ་ཡོང་བའི་ཁྱད་ཆོས་ཡོད། དེའི་ཐོག་ལ་རྒན་ལགས་རྣམ་པས་སློབ་ཁྲིད་གནང་ཡོང་སྐབས་ལས་སླ་པོའི་ཐོག་ནས་སོ་སོའི་རྒྱུད་ལ་ཡོད་པ་དེ་དག་ཕྲུ་གུར་ཤེས་པར་བཟོ་ཐུབ་རྒྱུའི་ཐབས་ལམ་ཞིག་ཆགས་ཀྱི་འདུག རིགས་ལམ་རང་གི་ཐོག་དོ་དབྱིངས་བསླེབས་ཐུབ་པ་ཡིན་ན།
དེའི་སློབ་གཉེར་བ་སོ་སོའི་རིག་པའི་སྒོ་ཕྱེ་སྟེ་སློབ་ཚན་ཁག་ཙམ་མིན་པར་མི་ཚེའི་ནང་གང་འདྲ་ཞིག་གི་ཐོག་སྐད་ཆ་དང་བསམ་བློ་གཏོང་དགོས་བྱུང་བ་ཡིན་ནའང་། དེའི་གང་ཙམ་ཆ་ཚང་བ་ཞིག་བསམ་བློ་གཏོང་ཐུབ་པའི་གནས་སྟངས་ཆགས་ཀྱི་འདུག དེར་བརྟེན་རིགས་ལམ་ཐོག་ཐུགས་སྣང་གནང་བ་ཡིན་ན། མ་འོངས་པར་སོ་སོའི་མི་ཚེ་ནང་ཉིན་རེ་བཞིན་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་གསུང་བཤད་གནང་རྗེས་གཏན་ཉིན་སློབ་ཁག་གསུམ་གྱི་སློབ་མ་གཉིས་རེ་ནས་དེང་རབས་ཤེས་ཡོན་ཐོག་ལ་རྟགས་གསལ་བཏང་རྗེས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། ཕྱི་ཚེས་ ༣ ཉིན་གཙུག་ལག་ཁང་གི་ཚོགས་རའི་ནང་ཚན་ཉིད་གྲྭ་ཚང་དང་སྒྲོལ་མ་གླིང་གི་བཙུན་མ་ཚོ་དང་མཉམ་དུ་རྟགས་གསལ་གཏོང་རྒྱུ་ཡིན་འདུག་པ་བཅས།།