༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༩ ནས་ ༡༡ བར་སེར་བྱེས་ཡིད་དགའ་ཆོས་གླིང་དུ་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༡ ཉིན་ལེགས་པར་མཇུག་སྒྲིལ་ཡོད།
ཟབ་སྦྱོང་དུ་སྦེལ་ཀོབ་དང་། ཧོན་སུར། ཀོ་ལེ་གྷལ་བཅས་སུ་རྟེན་གཞིས་བྱས་པའི་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་བདུན་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། དགོན་སྡེ་ཁག་གསུམ་གྱི་སློབ་གྲྭ་བཅས་ནས་ཁྱོན་བསྡོམས་དགེ་རྒན་ ༣༦ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་ཁྱད་སྟོན་པ་རྣམས་ནི་ཤེས་ཡོན་གྱི་ཆེད་ལས་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན།
དེའང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཟབ་སྦྱོང་གི་ཐོག་མར་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་དུ་མཉམ་ཞུགས་པ་རྣམས་ལ་ཕེབས་བསུ་དང་སྦྲགས་ཟབ་སྦྱོང་གི་ནང་དོན་དང་དམིགས་ཡུལ་བཅས་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་། ཟབ་སྦྱོང་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་གཉིས་དང་འབྲེལ་བའི་ཤེས་ཡོན་གྱི་ངོ་བོ་དང་། དགོས་པ། དམིགས་ཡུལ་བཅས་དང་། དགེ་རྒན་དང་འཛིན་གྲྭའི་ནང་སློབ་ཁྲིད་གནང་ཕྱོགས། དཔྱད་ཞིབ། སྐད་ཡིག་སློབ་ཁྲིད། ན་ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་སོགས་གལ་ཆེའི་བརྗོད་གཞི་ཁག་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་ངོ་སྤྲོད་དང་གོ་བསྡུར་སྦྱང་བཤད་བཅས་གནང་།
ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་ཟབ་སྦྱོང་གི་མཇུག་བསྡོམས་སུ་མཉམ་ཞུགས་པ་རྣམས་ལ་ལག་ཁྱེར་བགོ་འགྲེམས་དང་། ཟབ་སྦྱོང་གི་དུས་ཡིན་རིང་ཕྱག་རོགས་གནང་མཁན་སཾ་བྷོ་ཊའི་རྩིས་པ་པདྨ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་བ། མཉམ་ཞུགས་པ་དགེ་རྒན་ཁག་ཅིག་གིས་ཟབ་སྦྱོང་གི་མྱོང་ཚོར་བཤད་པ། མཐར་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ།
ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཌེན་མག་རོགས་ཚོགས་ (DANIDA) ཡིས་མཐུན་འགྱུར་གནང་བཞིན་ཡོད། །