༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༧ ཉིན་དྷ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་། གཉའ་ཁྲི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲོལ་རྒྱུན་ཚན་པས་གོ་སྒྲིག་ཐོག་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་བསྐོངས་ཚོགས་གནང་།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་རྣམ་གཉིས་དང་། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད། སམ་བྷོ་ཊའི་འགན་འཛིན། དྷ་ས་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན། ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་དང་། ལ་དྭགས་ཧན་ལེ་བོད་ཁྱིམ་གྱི་དགེ་ཆེ། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། ཨ་རིའི་ཐེབས་རྩའི་སྦོབ་ལགས་བཅས་ཁྱོན་མི་གྲངས་ ༤༠ ཙམ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་འབྱེད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས། དེ་ནས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན།
དེ་རིང་འདིར་ཕེབས་པའི་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ། དེ་བཞིན་ལ་དྭགས་བོད་ཁྱིམ་ནས་ཕེབས་པའི་དགེ་ཆེ་རྣམ་པ། རྡ་ས་བོད་ཁྱིམ་གྱི་ཤེས་ཡོན་སྤྱི་ཁྱབ་འགན་འཛིན། སམ་བྷོ་ཊའི་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན། ཤེས་རིག་དྲུང་ཆེས་གཙོས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ལྷན་རྒྱས་དང་། གཞན་ཡང་སྐུ་མགྲོན་དུ་གདན་ཞུ་གནང་བ་དང་། གསར་འགོད་པ་རྣམ་པ་བཅས་ད་རེས་ཤེས་རིག་ལས་ཁུངས་ཀྱིས་དམིགས་བསལ་ཚོགས་འདུ་འདིའི་ཐོག་ཕེབས་པར་ངས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེས་དམིགས་བསལ་ཚོགས་འདུ་ཚོགས་དགོས་པའི་རྒྱུ་མཚན་དང་ངོ་སྤྲོད་ཞིབ་ཕྲ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་འགྲེལ་བཤད་ཞུ་གི་རེད། དེར་བརྟེན་ངས་རྒྱས་བཤད་བྱེད་ཀྱི་མིན། ད་རེས་ང་ཚོས་ཚོགས་འདུ་འདི་སྐོང་ཚོགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་ནས་ལོ་བཅུ་གྲངས་འགྲོ་གི་ཡོད། བརྒྱུད་རིམ་འདིའི་ནང་དེ་སྔའི་ལམ་སྲོལ་གཅིག་གི་ཐོག་ནས་ལམ་སྲོལ་གསར་པ་ཞིག་གི་ཐོག་ལ་འགྲོ་དགོས་པའི་གནས་བབ་ཐོག་ནས་ཐུབ་ མ་ཐུབ་དང་འཚམ་མ་འཚམ་པའི་གནས་སྟངས་ཆ་ནས་རྩ་བའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་ནང་ལག་ལེན་བསྟར་དགོས་པ་ཞིག་རེད།
འོན་ཀྱང་ད་བར་ཕྱི་ནང་གི་འགལ་རྐྱེན་མང་པོའི་ཐོག་ནས་ཆ་ཚང་བ་ཞིག་ལག་བསྟར་ཐུབ་མེད་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། ཐོག་མར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་རྒྱུའི་བཀའ་མོལ་བྱུང་སྐབས། དང་ཐོག་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱས་ནས་མ་འོངས་པར་བོད་པའི་ན་གཞོན་ཚོའི་ཤེས་ཡོན་མདུན་ལམ་དང་། དེ་བཞིན་ཤེས་ཡོན་གྱི་ཁ་ཕྱོགས་ཐོག་ཕན་འབྲས་གང་འདྲ་ཡོད་མེད་ལྟ་ཞིབ་བྱེད་སླད་དཔེ་སྟོན་སློབ་གྲྭ་ཆེད་བཙུགས་གནང་སྟེ། རིམ་བཞིན་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་བཞིན་ཡོད།
དེ་བཞིན་ཉེ་བའི་ཆར་ལ་དྭགས་ཁུལ་གྱི་གཞི་རིམ་འོག་མའི་འཛིན་གྲྭའི་ནང་དབུ་འཛུགས་ཞུས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་དེ་དང་འབྲེལ་བའི་ཟབ་སྦྱོང་སོགས་མང་པོ་ཞིག་ཕུལ་ཡོད། སྒྲིག་འཛུགས་ངོས་ནས་དེའི་ཐོག་ནུས་པ་དང་སྒྲུབ་འབྲས་ཐོན་པ་བྱུང་ཡོད་མེད་ད་རེས་ཀྱི་ཚོགས་འདུའི་ནང་རྒྱུན་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞི་བཟུང་ལག་ལེན་བསྟར་མཁན་གྱི་ལས་འགན་གཙོ་བོ་བཞེས་མཁན་རྣམ་པ་ཕེབས་ཡོད་པར་བརྟེན། སློབ་གྲྭ་སོ་སོའི་ནང་དེའི་ཐོག་ལ་ད་བར་ལག་ལེན་བསྟར་བའི་སྒྲུབ་འབྲས་གང་ཐོན་ཡོད་པ་དང་། ལག་བསྟར་གནང་སྐབས་དཀའ་ངལ་གང་འཕྲད་ཀྱི་འདུག་པའི་ཐོག་ཕན་ཚུན་གོ་བསྡུར་སྦྱང་བཤད་དང་། མ་འོངས་པར་ལེགས་སྤེལ་ཉེན་འགོག་གི་འགྲོ་ལམ་ག་རེ་བཟུང་དགོས་ཀྱི་འདུག དེ་ལྟ་བུར་ཕན་ཐོགས་ཡོང་ཆེད་ད་རེས་དམིགས་བསལ་ཚོགས་འདུ་སྐོང་ཚོགས་གནང་ཡོད། ཅེས་ཞུ་རྒྱུ་ཡིན། ཉིན་གཉིས་རིང་གི་ཚོགས་འདུའི་སྐབས་རྣམ་པ་ལྷན་རྒྱས་ཚང་མས་ཆ་ཤས་ཡག་པོ་ལེན་རྒྱུ་དང་། ཚོགས་འདུ་འདི་ཚོགས་པའི་གྲུབ་དོན་ལ་མ་འོངས་པར་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་ཕྱོགས་སྐོར་ལ་ནུས་པ་ཐོན་པའི་གོམ་འགྲོས་གང་འདྲ་རྒྱག་དགོས་ཀྱི་འདུག་དེའི་ཐོག་ལ་གོ་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་།
དེ་རྗེས་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། ང་ཚོས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ནས་ལོ་བཅུ་འཁོར་གྱི་ཡོད། ད་བར་ལས་དོན་བྱས་པ་དེའི་ཐོག་དགེ་སྐྱོན་གྱིས་མཚོན་དཀའ་ངལ་ཁག་སེལ་ཐབས་དང་། མ་འོངས་པར་བྱེད་ཕྱོགས་གང་བྱེད་རྒྱུ་འདུག དེ་དག་ལ་བསྐྱར་ཞིབ་གནང་རྒྱུ་དང་། འབྲེལ་ཡོད་སོ་སོར་དངོས་སུ་ལག་ལེན་བསྟར་བར་བརྟེན། དེ་དག་དངོས་སུ་ཚོགས་འདུ་ཞིག་གནང་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་དགོངས་འཆར་བྱུང་བ་རེད། ད་རེས་དམིགས་བསལ་ཚོགས་འདུ་དངོས་སུ་ཚོགས་ཐུབ་པར་སོ་སོ་ངོས་ནས་ཧ་ཅང་དགའ་པོ་བྱུང་།
རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་འདི་ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༩ ནང་གྲོས་ཚོགས་ཚོགས་ཐེངས་བརྒྱད་པའི་ནང་གཏན་ལ་འབེབས་གནང་སྟེ། ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡༠ ནང་དཔེ་སྟོན་སློབ་གྲྭ་གསར་དུ་འགོ་བཙུགས་གནང་འདུག གཞུང་འབྲེལ་ཤེས་ཡོན་སྲིད་བྱུས་བཀའ་ཤག་གི་ཟིན་བྲིས་བཀོད། གྲོས་ཚོགས་ནས་གཏན་འབེབས་གནང་བ་དེ་རླབས་ཆེན་གྱི་བྱ་གཞག་ཅིག་རེད་བསམ་པ་དྲན་གྱི་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་འདིའི་མ་འོངས་པར་ང་ཚོས་ཤེས་ཡོན་ཐོག་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གསལ་པོ་ཞིག་ཕེབས་ཡོད།
མང་ཚོགས་སོགས་ཀྱི་བསམ་བློའི་ནང་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་དང་ལངས་ཕྱོགས་ཐོག་གང་འདྲ་ཞིག་ཆགས་ཀྱི་ཡོད་ན་བསམ་པའི་དོགས་པ་རྣམ་རྟོག་ཡོང་སྲིད་པ་རེད། བཀའ་ཤག་སྐབས་ ༡༤ ངོས་ནས་ཤེས་ཡོན་སྲིད་བྱུས་འདི་རང་ལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་སྲིད་སྐྱོང་མཆོག་གིས་ཚོགས་འདུ་སྔ་རྗེས་ནང་གསལ་པོ་གསུངས་ཡོད། ཤེས་རིག་ལས་ཁུངས་ཀྱི་ནང་ཁུལ་ཚོགས་འདུ་ནང་དུའང་དེ་ག་རང་བཀའ་གནང་སྟེ་ཐག་གཅོད་བྱུང་ཡོད། ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་ཐེ་ཚོམ་དང་དོགས་པ་གནང་དགོས་པ་གང་ཡང་མེད་ཞུ་རྒྱུ་ཡིན། སྤྱིར་བཏང་ཚང་མས་མཁྱེན་གསལ་ལྟར་ལས་འཆར་གང་འདྲ་ཞིག་ཡིན་རུང་། འགོ་འཛུགས་དང་། ལག་ལེན། དེ་བཞིན་འབྲས་བུ་བཅས་ཀྱི་གནས་སྐབས་གསུམ་ཡོད། བཞི་པ་རྩིས་ན། འཇིག་པའི་གནས་སྐབས་ཆགས་ཀྱི་འདུག ང་ཚོས་གནས་སྐབས་གསུམ་དེ་རྩིས་པའི་དབང་དུ་བཏང་ན། ཕྱི་ལོ་ ༢༠༠༤ ལོར་འགོ་བཙུགས་ནས་ཕྱི་ལོ་ ༢༠༠༥ ལོར་སློབ་གྲྭ་དངོས་སུ་བཙུགས་པའི་སྐབས་དེར་ལས་ཀ་མང་པོ་ཞིག་དངོས་སུ་ཐོན་ཡོང་གི་ཡོད། མང་ཚོགས་དང་ཕྱིར་ལོག ཁོར་ཡུག་སོགས་དང་འབྲེལ་བ་ཡོད་པ་མང་པོ་ཞིག་ཐོན་ཡོང་བའི་སྐབས་སུ་ཤེས་ཡོན་སྲིད་བྱུས་ཐོག་གོ་རྟོགས་སྤེལ་རྒྱུ་དང་། སློབ་གྲྭ་འཛུགས་རྒྱུ། སློབ་ཕྲུག་དང་དགེ་རྒན་གྲ་སྒྲིག་བྱ་རྒྱུ། གོ་རྟོགས་སྤེལ་བའི་སྐབས་སུ་ཕ་མ་ལ་འགྲེལ་བཤད་དང་། དགེ་རྒན་ལ་ཟབ་སྦྱོང་། ཕྲུ་གུར་ངོ་སྤྲོད་སོགས་ལོ་ལྔའི་རིང་ཕྱིར་ལོག་དང་འབྲེལ་བ་ཡོད་པའི་ལས་འགུལ་ཤུགས་ཆེ་མང་པོ་ཞིག་ཆགས་ཀྱི་ཡོད། དེ་ནས་ལག་ལེན་གྱི་གནས་སྐབས་ཆགས་ཡོད།
ད་ལྟའི་ཆར་ང་ཚོ་ལག་ལེན་གྱི་གནས་སྐབས་ཐོག་འགྲོ་གི་ཡོད་བསམ་གྱི་འདུག ལག་ལེན་དངོས་སུ་བསྟར་བའི་སྐབས་སུ་ཕྱིར་ལོག་ལ་སྦིར་གྲགས་དེ་ཙམ་བསླེབས་ཀྱི་མེད། ནང་དུ་སློབ་གྲྭ་དང་དགེ་རྒན། འཛིན་སྐྱོང་བཅས་ལ་ནང་ཁུལ་གྱི་ལས་ཀ་མང་པོ་བསླེབས་ཀྱི་ཡོད་པར་བརྟེན། སྔོན་མ་ནང་བཞིན་སྦིར་གྲགས་མེད་པར་བརྟེན། ཤེས་ཡོན་སྲིད་བྱུས་དེ་ཏག་ཏག་ལག་ལེན་འགྲོ་གི་ཡོད་ན་བསམ་པ་དེ་འདྲ་ཡོང་གི་ཡོད་པ་ཡིན་ན། དེ་ལྟར་མིན་པའི་ངས་གཅིག་ཞུས་ན་བསམ་བྱུང་། བཀའ་ཤག་སྐབས་ ༡༤ པའི་ངོས་ནས་ཤེས་ཡོན་སྲིད་བྱུས་མུ་མཐུས་ལག་བསྟར་བྱེད་རྒྱུ་ཡིན་པ་ལྟར་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འགན་འཁུར་མཁན་ཚང་མས་དེའི་ཐོག་ལ་ལངས་ཕྱོགས་དང་འགྲོ་སྟངས་དེ་ལྟར་ཡིན་པའི་གཏན་འཁེལ་བ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།
དེ་ནས་ལོ་ལྔ་ནས་བདུན་བར་འབྲས་བུའི་གནས་སྐབས་སུ་ག་འདྲ་ཡོང་གི་འདུག་དེ་དུས་ཐོན་ཡོང་གི་རེད། དཔེར་ན། འདི་ལོའི་མགོ་སྟོད་ཡིན་པ་ཡོད། དཔེ་སྟོན་སློབ་གྲྭ་ནང་ནས་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ཐེངས་དང་པོ་ཐོན་པ་རེད། དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་དེ་དག་བོད་ཡིག་ཡག་པོ་ཡོད་པ་སུས་བལྟས་ཀྱང་ངོས་ལེན་མ་བྱེད་ཀ་མེད་རེད། བོད་ཡིག་ཧ་ཅང་ཡག་པོ་འདུག འཛིན་གྲྭའི་བཅུ་པའི་ཡིག་རྒྱུགས་གཏོང་སྐབས་སྐད་ཡིག་གཞན་པའི་ཐོག་རྩེ་ཕུད་བསླེབས་མེད་པ་ཡིན་ནའང་རྗེས་ལུས་ཐེབས་མེད། དེར་བརྟེན་ལྗིད་ཡང་བཀྱགས་ན། བོད་ཡིག་ཡག་པོ་ཡོད་པ་ཐག་ཆོད་ཡོང་གི་ཡོད་སྟབས།
དབྱིན་སྐད་ཕྲན་བུ་ཞན་པོ་ཡིན་རུང་མ་འགྲིག་པ་མི་འདུག་བསམ་པ་ཞིག་འདུག ཤེས་ཡོན་སྲིད་བྱུས་ནང་འཛིན་གྲྭ་བཅུ་པ་ཐོན་པའི་སྐབས་སུ་སྐད་ཡིག་གཉིས་པ་དེར་བྱང་ཆུབ་པ་ཞིག་དགོས་ཀྱི་ཡོད། ཅེས་གསལ་ཡོད། དེར་ང་ཚོས་ལག་ལེན་བསྟར་བར་འཛིན་གྲྭ་བཞི་པ་ནས་བཅུ་པ་བར་ལོ་དྲུག་གི་ནང་ལ་ཤུགས་རྒྱག་དགོས་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་ཁྱད་ཆོས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཐོག་མ་ནས་ཡོད་པ་བཞིན་འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་བརྗོད་ནས་ཆ་ཚང་འདིའི་ནང་དུ་བསྡུས་འདུག སྐད་ཡིག་གཉིས་པ་དེ་ཐོག་མར་འཛིན་གྲྭ་བཞི་པ་ནས་བསླབ་ཀྱི་ཡོད།
འཛིན་གྲྭ་བཅུ་པར་བསླེབས་པའི་སྐབས་སུ་སྐད་ཡིག་གཉིས་པར་བྱང་ཆུབ་པ་ཞིག་དགོས་ཀྱི་ཡོད་གསུངས་པར་བརྟེན་དེ་ལ་དཔག་པའི་ང་ཚོའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་དངོས་གཞིའི་མཛད་སྒོ་གྲོལ་ཡོད། དེ་ནས་ཆུ་ཚོད་ ༡༠།༤༥ ནས་སློབ་གྲྭ་སོ་སོའི་ནང་ད་བར་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་སྟངས་སྙན་ཐོ་སྒྲོགས་སྦྱང་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་དང་ལག་བསྟར་མདུན་བསྐྱོད་ཚགས་ཚུད་ཡོང་ཐབས་ཇི་དགེའི་སྐོར། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་གཉིས་བརྒྱུད་ནས་ཁྲིད་ཐབས་ཀྱི་ལྟ་གྲུབ་དང་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར་ཚོགས་ཆུང་ནང་ཁུལ་གོ་བསྡུར་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་ཚོགས་ཆུང་གི་སྙན་ཐོ་སྒྲོགས་སྦྱང་དང་གོ་བསྡུར་གནང་རྒྱུ། ཁྱོན་ཡོངས་ཀྱི་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་ཇི་དགེའི་སྐོར་དང་། ཚོགས་འདུའི་གྲོས་ཆོད་གཏན་འབེབས་དང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་རྒྱུ་ཡིན་འདུག་པ་བཅས། །