ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་ཤེས་རིག་བཀའ་བློན་མཆོག་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་སྐབས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་དང་། སློབ་གྲྭའི་སློབ་སྤྱི་ངག་དབང་ལྷ་མོ་ལགས། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། སྤྱི་ཁྱབ་དྲུང་ཆེ་ཆོས་ཉིད་དོན་གྲུབ་ལགས། ཤེས་ཡོན་འགན་འཛིན་བསྟན་འཛིན་ཚེ་ལེགས་ལགས་གཙོས་པའི་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་མཚམས། དྷ་སྟེང་བོད་ཁྱིམ་གྱི་ཤེས་རིག་བསྟི་གནས་ཁང་དུ་གཟིགས་སྐོར་ཕེབས་ཡོད། དེ་ནས་སྔོན་འགྲོ་དང་བུ་མོའི་སྡོང་ཁང་། དེ་བཞིན་འཛིན་རིམ་འོག་མའི་འཛིན་ཁང་དུ་ཕེབས་ནས་སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་ཡོད། སྐབས་དེར་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱང་ཕེབས་ཡོད།

དེ་རྗེས་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་དུ་སློབ་གྲྭ་སྤྱི་ཡོངས་ནས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སྐོར་སློབ་གྲྭའི་ངེས་སྟོན་པ་དང་། སློབ་སྤྱི། འགན་འཛིན་བཅས་དང་ལྷན་བཀའ་མོལ་གནང་རྗེས་འཛིན་རིམ་གོང་མའི་འཛིན་ཁང་དུ་གཟིགས་སྐོར་ཕེབས། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་རྣམས་ནས་སློབ་ཕྲུག་ལ་བོད་ཡིག་སློབ་ཚན་དང་ལྷན་དུ་གཏོང་ཡིག་དང་སྙན་ཞུ་འབྲི་སྟངས་སོགས་སློབ་དགོས་གལ་སྐུལ་མ་གནང་སོང་།

དེ་ནས་ཆུ་ཚོད་ ༡༢།༣༠ ཐོག་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་སྟངས་དྲན་སྐུལ་དང་སྦྲགས། སློབ་སྦྱོང་ཧུར་ལེན་གནང་དགོས་གལ་སྐོར་དང་། བོད་ཀྱི་སྐད་ཡིག་གི་གལ་གནད་དང་། སློབ་ཕྲུག་རྣམས་ནས་རང་ཉིད་ཀྱི་རྩལ་ཡར་རྒྱས་གཏོང་ཐབས། དེ་བཞིན་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་ཚུལ་སྐོར་སོགས་གསུངས་སོང་། མཐར་ཁོང་མོས་སློབ་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་དུས་སློབ་སྦྱོང་དང་ལྷན་དུ་རང་ཉིད་ཀྱིས་འཕྲོད་བསྟེན་ལ་དོ་སྣང་གནང་དགོས་གལ་ཐོག་ནན་བརྗོད་གནང་ཡོད་པ་རེད།

ཉིན་རྒྱབ་་ཆུ་ཚོད་ ༢།༣༠ ཐོག་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམས་ལ་གསུང་བཤད་གནང་ཡོད། སྐབས་དེར་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་ནི་སློབ་ཕྲུག་ཞིག་གི་མི་ཚིའི་ནང་རྩ་ཆེན་པོ་དང་འགན་ཆེན་པོ་ཡོད་པས་སློབ་གྲྭའི་དགེ་ལས་རྣམས་ནས་ད་བར་ཕྱག་ལས་གནང་བར་ཡི་རང་བསྔགས་བརྗོད་ཞུས་པ་དང་། ཁོང་མོས་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་ལ་གཞིར་བཞག་པའི་ཐོག་ནས་ལམ་སྟོན་གནང་ཡོད། དེ་དང་འབྲེལ་ཏེ་སློབ་གྲྭའི་ཁོར་ཡུག་ཡག་པོ་བསྐྲུན་དགོས་པ་དེ་དགེ་རྒན་ཞིག་ལ་རག་ལས་པས་དགེ་ལས་རྣམས་ནས་དྲང་པོ་བྱེད་དགོས་པའི་ལམ་སྟོན་གནང་རྗེས་མཐར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་ངག་དབང་ལྷ་མོ་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད་པ་བཅས།།

སྔོན་མ།
མཐོ་རིམ་སློབ་ཕྲུག་གི་རྩོམ་འབྲིའི་གསལ་བསྒྲགས།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།
Menu