ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༡༩ ནས་ ༢༡ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་ཡོད།

དེ་ཡང་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་སློབ་སྟོན་འོག་གོང་གསལ་སློབ་གྲྭ་གཉིས་ཀྱི་སློབ་ཐོན་པ་རྣམས་ལ་སློབ་གྲྭ་ཐོན་རྗེས་སློབ་ཕྲུག་གི་སེམས་ཁམས་ལ་འཕོ་འགྱུར་འགྲོ་སྟངས་དང་དེར་གདོང་ལེན་བྱེད་ཕྱོགས། དཀའ་སྡུག་འཕྲད་སྐབས་སུ་ལ་འབྲེལ་བ་ཞུ་དགོས་སྐོར། མཐོ་སློབ་ཁག་ཏུ་སློབ་འཇུག་བྱེད་སྟངས། སློབ་ཚན་འདེམས་ཕྱོགས། མཐོ་སློབ་འདེམས་སྐབས་ཆ་རྐྱེན་ཚང་དགོས་རིགས། སློབ་ཡོན་གྱི་སྒྲོམ་གཞི་སོགས་ཀྱི་སྐོར་གོ་རྟོགས་སྤེལ་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་སློབ་ཕྲུག་དང་ཕ་མ་གཉིས་ནས་སློབ་ཕྲུག་གི་མཐོ་རིམ་སློབ་སྦྱོང་ཐད་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།

དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན་དང་། མཐོ་སློབ་ཀྱི་སློབ་ཚན་ངོ་སྤྲོད། སློབ་ཟུར་རྣམས་ཀྱི་གདམས་ངག འཛུལ་རྒྱུགས་ཆེ་གྲས་ (NEET/JEE (Main), CLAT, CUET (UG) ལྟ་བུའི་ངོ་སྤྲོད། མཐོ་སློབ་རྩེ་ཕུད་ཁག་གི་ཐོ་གཞུང་། བོད་ཀྱི་རིག་གནས་མཐོ་སློབ་དང་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཐོ་གཞུང་། རྒྱ་གར་གཙུག་ལག་སློབ་གཉེར་ཁང་ལྷན་ཚོགས་ནས་བཏོན་པའི་གཙུག་ལག་སློབ་ཁང་རྫུན་མའི་ཐོ་གཞུང་། བརྙས་བཅོས་བཀག་སྡོམ་སྲིད་བྱུས། མཐོ་སློབ་སློབ་འཇུག་འགེངས་ཤོག་གི་དཔེ་མཚོན་ལ་སོགས་འཁོད་པའི་རྒྱུས་མངའ་ལམ་སྟོན་གྱི་དེབ་ཆུང་ཞིག་གནང་གི་ཡོད།

ཉེ་ལམ་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་པའི་གོང་གསལ་སློབ་གྲྭ་གཉིས་སུ་དེ་ལྟ་བུའི་རྒྱུས་སྟོན་ཟབ་སྦྱོང་གོ་སྒྲིག་བྱ་དགོས་དོན་ནི་དེ་སྔ་སློབ་གྲྭ་དེ་དག་ཏུ་གཏན་འཇགས་མདུན་ལམ་སློབ་སྟོན་པ་ཞིག་མེད་པས་ཡིན་ཞིང་། ད་ཆ་སློབ་གྲྭ་དེ་གཉིས་སུ་མདུན་ལམ་སློབ་སྟོན་པ་གསར་འདེམས་ཀྱི་རྒྱུད་རིམ་འགྲོ་བཞིན་ཡོད་པ་རེད།

ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ནས་རྡ་ས་བོད་ཁྱིམ་དང་། མ་སུ་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་དགོས་པའི་བཀོད་མངགས་གནང་བ་ཟད། ཤེས་རིག་ལས་ཁུངས་ནས་དཔར་སྐྲུན་ཞུས་པའི་༼ཕྱི་ལོ་༢༠༢༢ལོའི་འཛིན་རིན་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཆེད་རྒྱུས་མངའ་སློབ་སྟོན་གྱི་དེབ་ཆུང་།༽ཞེས་པ་དེ་སློབ་ཕྲུག་རྣམས་ལ་ཟབ་སྦྱོང་སྐབས་བཀྲམ་དགོས་པའི་ལམ་སྟོན་ཡང་གནང་ཡོད།

ད་བར་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་ཟབ་སྦྱོང་ཐེངས་བཅུ་དྲུག་གོ་སྒྲིག་གནང་ཡོད་པ་དང་། ལས་གཞི་དེ་ཉིད་ཁེ་ན་ཊའི་རོགས་ཚོགས་( Global Affairs Canada)ཞེས་པའི་མཐུན་འགྱུར་འོག་གོ་སྒྲིག་གནང་བ་ཞིག་ཡིན།།

སྔོན་མ།
ཤེས་རིག་བརྡ་ཆད་ཚན་པས་ནུབ་བངྒཱལ་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ། མཐོ་སློབ། དགོན་སྡེ་གྲྭ་ཚང་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།
ཕྱི་མ།
སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་གནང་བ།
Menu