ཟླ་རེའི་གསར་འགྱུར།

སྔོན་འགྲོ་དང་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལྟར་སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་རིམ་དང་པོའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།དེ་ཡང་ཚོགས་འདུའི་ཐོག་མར་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་སྔོན་འགྲོ་དང་གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། བསྐྱར་ཞིབ་སྐབས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་མ་འགལ་བ་དང་། བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་དང་མཐུན་པ། ལོ་མང་གི་ཉམས་མྱོང་གཞི་ལ་བཞག་སྟེ། སྔ་མའི་སློབ་དེབ་ལས་སློབ་ཕྲུག་ལ་མི་འཚམས་པ་དང་མི་འོས་པའི་རིགས་འདོར་དགོས་པ་དང་། ནང་དོན་གྱི་ཆ་ནས་ཀྱང་བཟང་སྤྱོད་གོང་སྤེལ་དུ་གཏོང་བ་དང་། པར་རིས་དང་དཔེར་བརྗོད་སོགས་ལ་ཕོ་མོ་གཉིས་ཀའི་ངོ་ཚབ་མཚོན་པ། ལྷག་པར་དུ་རང་གི་སྐད་ཡིག་ལ་དུང་ཞེན་སླེབས་དགོས་པར་དགོངས་པ་བཞེས་ཏེ་བསྐྱར་ཞིབ་བྱེད་དགོས་ཚུལ་གྱི་ལམ་སྟོན་གནང་།

ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུ་ལ་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་།  སམ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ་པ་སངས་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བཟང་པོ་ལགས། སུ་ཇཱ་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་འཇམ་མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས། དྷ་སྟེང་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བག་གྲོ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་ཆོས་མཚོ་ལགས། དྷ་སྟེང་བོད་ཁྱིམ་གྱི་སྔོན་དགེ་བྱམས་པ་དཔལ་མོ་ལགས།  གངས་སྐྱིད་དཔེ་སྟོན་སློབ་གྲྭའི་སྔོན་དགེ་པ་སངས་ལགས།   བདེ་སྐྱིད་གླིང་བོད་ཁྱིམ་གྱི་སྔོན་འགྲོའི་དགེ་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ལྷན་འཛོམས་ཀྱིས་སྔོན་འགྲོའི་སློབ་དེབ་དང་། གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་གྲུབ་ཡོད་པ་དང་། བསྐྱར་ཞིབ་ཀྱིས་ཐག་གཅོད་བྱུང་བ་ལྟར་སློབ་དེབ་རྩོམ་སྒྲིག་པས་སྔོན་འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་རགས་ཟིན་རྩོམ་སྒྲིག་གནང་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །

སྔོན་མ།
ཤེས་རིག་ལས་ཁུངས་ནས་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་པ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ཅོན་ཏ་ར་བོད་ཁྱིམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
Menu