ཟླ་རེའི་གསར་འགྱུར།

སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་གཉེར་བའི་ཟབ་སྦྱོང་མཇུག་སྒྲིལ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་གཉེར་བའི་མཇུག་གནོན་གྱི་ཟབ་སྦྱོང་མཇུག་སྒྲིལ་གནང་ཡོད།
    དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། སྒྲིག་ཞུགས་མ་ཡིན་པའི་ཟབ་སྦྱོང་བ་རྣམ་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཉམས་ཞིབ་པའི་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་སོ་སོའི་ཉིན་རེའི་ལས་ཀའི་ཞོར་དུ་༸གོང་ས་མཆོག་དང་ཤེས་རིག་ལས་ཁུངས་ཀྱི་དགོངས་གཞི་ལྟར་དོན་གནད་བྱེ་བྲག་ཐོག་ཉམས་ཞིབ་ཀྱི་ལས་དོན་ནང་ཞུགས་པར་རྗེས་སུ་ཡི་རང་དང་། མི་རིགས་ཤིག་གི་རིག་གཞུང་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེ་ཡིན་སྐོར། དེ་བཞིན་ཉམས་ཞིབ་མཐའ་འཁྱོངས་གནང་སྟེ་འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ལག་རྗེས་བཟང་པོ་ཞིག་འཇོག་ཐུབ་པའི་རེ་བ་ཡོད་སྐོར་གྱི་གསུང་བཤད་གནང་ཡོད།
    དེ་ནས་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་སྟེ་མཇུག་བསྡོམས་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ངོས་ནས་མཁས་དབང་དང་ཆེད་མཁས་པ་གདན་ཞུས་ཐོག་གནད་དོན་གང་གི་ཐད་ཉམས་ཞིབ་གནང་གི་ཡོད་པ་དེར་ལམ་སྟོན་གནང་བ་རྣམས་ཐུགས་ལ་ཡག་པོ་འཇགས་རོགས་བརྗོད་རྒྱུ་ཡིན། ཟེར་སྒྲོས་ཙམ་མིན་པར་དཔྱད་པ་གང་ལེགས་ཐོག་ཉམས་ཞིབ་པའི་བརྒྱུད་རིམ་ནང་ཁུངས་ལྡན་གནས་ཚུལ་གང་མང་གཟིགས་ཐུབ་པ་གནང་ནས་རང་ཉིད་ཀྱིས་གང་བྲིས་པ་དེ་མི་རབས་རྗེས་མ་ཚོས་གཞི་འཛིན་ས་ཞིག་ཏུ་འགྱུར་ན་ཕན་ཐོགས་ཆེན་པོ་ཡོད། སྤྱིར་བཏང་ཉམས་ཞིབ་བྱ་རྒྱུའི་ཐོག་སོ་སོར་ཤེས་ཡོན་གྱི་གནས་ཚད་དང་དོ་དབྱིངས། ཐབས་ཤེས། ཕྱོགས་སུ་མི་ལྷུང་བའི་དཔྱད་པ་བྱེད་རྒྱུ་སོགས་ལ་དཀའ་ངལ་མི་ཉུང་ཙམ་ཡོད། འོན་ཀྱང་སོ་སོ་རང་ཉིད་ནས་དང་དུ་བླངས་ཏེ་ལས་དོན་འགོ་བཙུགས་ཟིན་སྟབས། མཐའ་འཁྱོལ་བ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད།
    ད་ཐེངས་ཉིན་གཉིས་ཀྱི་མཇུག་གནོན་ཟབ་སྦྱོང་འདིར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉམས་ཞིབ་པ་སོ་སོའི་བརྗོད་གཞི་བྱེ་བྲག་ཐོག་ལམ་སྟོན་ཟབ་མོ་གནང་ཡོད་པ་མ་ཟད། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་། སློབ་དགེ་བློ་གྲོས་དཔལ་བཟང་ལགས། མཁས་དབང་བཀྲ་ཤིས་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་བཅས་ཀྱིས་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་རྣམས་ལ་བརྗོད་གཞི་བྱེ་བྲག་དང་སྤྱི་ཡོངས་ཐོག་ཉམས་ཞིབ་བྱེད་ཕྱོགས་ཐད་ཟབ་འཁྲིད་གནང་ཡོད་འདུག་པ་བཅས། །
 

སྔོན་མ།
བྱང་ཤར་དང་ལྷོ་ཁུལ་སློབ་ཁག་གི་ཆོས་དགེ་དང་ལ་དྭགས་སློབ་དགེའི་བོད་ཡིག་སློབ་ཁྲིད་ཐབས་ལམ་ཟབ་སྦྱོང་གཉིས་མཇུག་བསྒྲིལ་བ།
ཕྱི་མ།
སྦེང་ལོར་ཝེ་ལི་སློབ་གྲྭར་ཤེས་ཡོན་ཉམས་གསོག་ལས་འཆར་ཐེངས་གཉིས་པ་སྤེལ།
Menu