
༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༡༩ ནས་ ༢༢ བར་ཉིན་གྲངས་བཞིའི་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་སློབ་སྤྱི་དང་དགེ་ཆེ་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་ཞིང་། ཟབ་སྦྱོང་དུ་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་སློབ་སྤྱི་དང་དགེ་ཆེ་གྲངས་ ༥ དང་། སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ནས་སློབ་སྤྱི་དང་དགེ་ཆེ་གྲངས་ ༡༡ བཅས་ཀྱིས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ཟབ་སྦྱོང་གི་ཁྱད་སྟོན་པ་ནི་ཨ་ལོ་ཀིཊ་ (Alokit) ཚོགས་པའི་ཆེད་ལས་པ་མོ་ཧོ་མཱད་ཨམ་ཛད་ (Mr. Mohd Amzad) ལགས་དང་ཨ་པུར་ཝ་ནམ་དེབ་ (Ms. Apoorva Namdev) ལགས་བཅས་ཡིན།

དེ་ཡང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་གི་དབུ་འབྱེད་དུ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ཟབ་སྦྱོང་གི་ཁྱད་སྟོན་པ་གཉིས། ཁེ་ན་ཌ་ཨེ་ལི་ནིཡེ་ཚོགས་པའི་ཤེས་ཡོན་འབྲེལ་མཐུད་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། ཤེས་ཡོན་ཚན་པའི་འབྲེལ་ཡོད་ལས་བྱེད། ཟབ་སྦྱོང་གི་མཉམ་ཞུགས་པ་རྣམས་ཚང་འཛོམས་ཀྱིས། ཤེས་ཡོན་ཚན་པའི་འགན་འཛིན་གྱིས་ཕེབས་བསུ་དང་སྦྲགས་འདས་པའི་ལོ་དྲུག་རིང་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཡར་རྒྱས་ཚགས་ཚུད་གཏོང་ཐབས་སུ་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་ཞུས་པའི་ལས་འཆར་དང་བྱེད་སྒོ་གཙོ་བོ་ཁག་དཔེར་ན། སློབ་སྤྱི་དང་དགེ་ཆེ་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་དང་། མཇུག་གནོན་རོགས་སྐྱོར་དང་ཟབ་སྦྱོང་། སློབ་གྲྭ་ཡར་རྒྱས་འཆར་གཞི་ལག་བསྟར་ཆེད་རོགས་དངུལ་མཐུན་འགྱུར། སློབ་སྤྱི་དང་དགེ་ཆེ་རྣམས་ཀྱི་ལས་ཀའི་ཁོར་ཡུག་ཡར་རྒྱས་གཏོང་ཐབས་སུ་འཛིན་ཆས་དང་འཕྲུལ་ཆས་མཐུན་འགྱུར་སོགས་ངོ་སྤྲོད་དང་། ཁོང་གིས་ཕན་ནུས་ལྡན་པའི་སློབ་གྲྭའི་འགོ་ཁྲིད་ནི་སློབ་ཕྲུག་གི་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུའི་ཐད་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ལས་གཅིག་ཡིན་པ་ནན་བཤད་གནང་ཡོད།

གཞན་ཡང་ཁོང་གིས་ལོ་ལྟར་ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་ཐོག་དངུལ་འབོར་ཕོན་ཆེན་པོ་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་ཁག་གིས་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ཚང་མས་སྔར་ལས་ལྷག་པའི་འབད་བརྩོན་བྱེད་དགོས་པ་དང་། ལྷག་པར་སློབ་གྲྭར་ཕྱིར་ལོག་རྗེས་ཟབ་སྦྱོང་འདི་ནས་ཐོབ་པའི་ཤེས་བྱ་གསར་པ་རྣམས་ལག་བསྟར་བྱེད་དགོས་པའི་སྐུལ་མ་གནང་ཡོད།
ཟབ་སྦྱོང་དུ་སློབ་གྲྭའི་འགོ་ཁྲིད་ཀྱི་གལ་ཆེའི་འགན་འཁྲི་ཁག་སྟེ། སློབ་གྲྭ་ཡར་རྒྱས་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱེད་ཕྱོགས། དུས་ཚོད་ཕན་ནུས་ལྡན་པའི་སྒོ་ནས་སྟངས་འཛིན་བྱེད་རྒྱུ། ལས་བྱེད་པའི་ཚོགས་འདུ་འཆར་འགོད་དང་བསྐོང་ཚོགས་བྱེད་རྒྱུ། འཛིན་གྲྭའི་སློབ་ཁྲིད་རྟོག་ཞིབ་བྱེད་རྒྱུ། ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་རྒྱུ། སློབ་གྲྭའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ། དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་སོགས་ཀྱི་སྐོར་སྡེ་ཚན་གྱི་བྱེད་སྒོ་དང་། གྲོས་བསྡུར། དྲི་བ་དྲིས་ལན། སྒེར་གྱི་བསམ་གཞིག་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་སྦྱང་རྒྱུ་ཡིན་པ་རེད།

ཟབ་སྦྱོང་གི་ཆ་ཤས་སུ་ཉིན་དང་པོའི་ཉིན་རྒྱབ་ཏུ་མཉམ་ཞུགས་པ་རྣམས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཆེད་བཅར་གྱིས་འཛིན་གྲྭའི་སློབ་ཁྲིད་དང་སློབ་གྲྭའི་སྡེ་ཚན་ཁག་བཅས་ལ་གཟིགས་ཞིབ་གནང་སྟེ་ཐོ་འགོད་གནང་སྟངས་སྦྱོང་བརྡར་གནང་།
སློབ་གྲྭའི་འགོ་ཁྲིད་ཀྱི་ཟབ་སྦྱོང་འདི་བཞིན་ཁེ་ན་ཌ་རོགས་ཚོགས་ Global Affairs Canada ཡིས་རོགས་དངུལ་མཐུན་འགྱུར་གནང་བ་ཞིག་ཡིན། །


