ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་ནས་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་སཾ་བྷོ་ཊ་བོད་སློབ་ཚོགས་པ་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཁག་ཏུ་གཟིགས་སྐོར་སྣེ་འཁྲིད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བཞུགས་སྒར་དུ་ཕེབས་པའི་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོ་ཞེས་པའི་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་ལྕམ་ཨཱན་ཇེ་ལི་ཀ་  (Angelika) ལགས་ཀྱིས་སྣེ་ཁྲིད་འོག་ཁོང་གི་བཟའ་ཟླ་ཨ་ལི་བུ་ལ་ཨེ་ལེག་ཛན་ཌར་ར་ཧིམ་ (Alibulla Alexander Rahim) ལགས་དང་། བུ་སི་ཊེ་ཕན་ཨེ་ལེག་ཛན་ཌར་ར་ཧིམ་ (Stefan Alexander Rahim) ལགས། ངེས་སྟོན་པ་ཉི་མ་རྡོ་རྗེ་ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཅིག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་། སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད།

དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་སྐུ་ཚབ་ཚོགས་ཆུང་རྣམས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དུ་ཕེབས་འབྱོར་སྐབས་སཾ་བྷོ་ཊའི་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། འགན་འཛིན་གཞོན་པ་བསྟན་འཛིན་ངག་སྒྲོན་ལགས། དེ་བཞིན་སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་སཾ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་དུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་གཞི་ཁག་དང་མ་འོངས་པའི་ལས་འཆར་སྐོར་གོ་བསྡུར་གནང་ཡོད།

གོང་ཚེས་ཉིན་གྱི་སྔ་དྲོར་ཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་འཚམས་གཟིགས་གནང་སྐབས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས། དེ་བཞིན་ལྷོ་ཕྱོགས་ཀྱི་སྡེ་ཚན་དང་ལས་བྱེད་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། མཇལ་འཛོམས་སྐབས་མོན་གྷོ་འདོད་རྒུ་གླིང་ཡར་རྒྱས་ཀྱི་ལས་གཞི་དང་མ་འོངས་པའི་ལས་འཆར་བཅས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་། 

ཕྱི་ཚེས་ ༢༠ ཉིན་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོའི་སྐུ་ཚབ་ཚོགས་ཆུང་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་གཟིགས་སྐོར་གནང་སྐབས་མོན་གྷོ་འདོད་རྒུ་གླིང་ཡར་རྒྱས་ཀྱི་ལས་གཞི་ཁག་ལ་བགྲོ་གླེང་གནང་བ་དང་། བྱེ་བྲག་ཏུ་མོན་གྷོ་འདོད་རྒུ་གླིང་འཕྲོད་བསྟེན་སྨན་ཁང་གི་ཡར་རྒྱས་ལས་གཞི་ཐོག་གྲོས་བསྡུར་གནང་རྗེས་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་སྐུ་ཚབ་ཚོགས་ཆུང་རྣམས་ལ་ཡུན་རིང་བོད་མིའི་བདེ་དོན་ཆེད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། 

ཉིན་རྒྱབ་ཏུ་ཤེས་རིག་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ནས་ཟུང་སྦྲེལ་གྱིས་ཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམས་ལ་དགོང་ཚིགས་འདེགས་འབུལ་ཞུས་ཡོད། འཚམས་གཟིགས་འདི་ནི་བོད་མིའི་སྒྲིག་འཛུགས་དང་ཇར་མན་རོགས་ཚོགས་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོའི་བར་མཉམ་ལས་བྱེད་བཞིན་པ་གསལ་སྟོན་དང་། ལྷག་པར་བོད་པའི་གཞིས་ཆགས་ཁག་གི་འཛུགས་སྐྲུན་གྱི་ལས་གཞི་དང་ཤེས་ཡོན་གྱི་གོ་སྐབས་སྲ་བརྟན་གཏོང་བར་རྒྱབ་སྐྱོར་བྱེད་བཞིན་པ་ཡང་སྟོན་གྱི་ཡོད། 

གཞི་རྩའི་སྐྱབས་བཅོལ་བོད་མིའི་ཆེད་མི་ཏྟན་ཝལ་གྱིས་རོགས་སྐྱོབ་ལས་འགོ་ཞེས་པའི་ཇར་མན་རོགས་ཚོགས་འདི་བཞིན་ཕྱི་ལོ་ ༡༩༩༨ ལོར་ལྕམ་ཨཱན་ཇེ་ལི་ཀ་ (Angelika) ལགས་ཀྱི་ཡུམ་དམ་པས་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། རོགས་ཚོགས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་གྱི་ཁྱབ་ཁོངས་གཞིས་ཆགས་དང་། དགོན་སྡེ་གྲྭ་ཚང་། ས་གནས་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་སོགས་ལ་རོགས་སྐྱོར་གནང་གི་ཡོད་པ་རེད།། 


སྔོན་མ།
སློབ་སྤྱི་དང་དགེ་ཆེ་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཟབ་སྦྱོང་འགོ་འཛུགས་ཞུས་པ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་།