ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པ་བསྐོང་ཚོགས་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༢ ཟླ་བ་༠༣ ཚེས་ ༡༩ རེས་གཟའ་སྤེན་པ་ཉིན་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པ་བསྐོང་ཚོགས་གནང་ཡོད།

དེ་ཡང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ལྷན་འགན་འཛིན་ནས་ཕེབས་བསུ་ངོ་སྤྲོད་དང་། དེ་རྗེས་ཤེས་ལྷན་ཚོགས་གཙོས་ལྷན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།

ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་གལ་གནད་དང་འབྲེལ་ནས་གསུང་དོན་ལ་རྒྱལ་ཁབ་ཅིག་ཡར་རྒྱས་གོང་འཕེལ་འགྲོ་མིན་ནི་རྒྱལ་ཁབ་དེའི་མི་སེར་ལ་རག་ལུས་ཡོད་ལ། མི་སེར་གྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་བཅོས་བྱ་ཡུལ་སློབ་གྲྭ་ཁག་ཡིན། དེ་བས་ན་མ་འོངས་པར་རྒྱལ་ཁབ་ཀྱི་གནས་སྟངས་ཇི་ཆགས་དེ་སློབ་གྲྭ་ཁག་ལ་རག་ལུས་ཡོད་ཅེས་དང་། དེ་བཞིན་སློབ་གྲྭ་ཁག་ཏུ་ཀློག་དེབ་ཀྱི་ཤེས་བྱ་ཙམ་མ་ཡིན་པར་མི་ཚེའི་ནང་ཁ་ཡོད་ལག་ཡོད་བེད་སྤྱོད་ཡོད་པའི་ལག་ཤེས་སློབ་སྦྱོང་སྤྲད་རྒྱུ་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད་པ་མ་ཟད། དེ་འབྲེལ་སྤྱི་ཚོགས་ནང་དུའང་ལག་ཤེས་སློབ་སྦྱོང་གལ་ཆེན་པོ་ཡིན་པ་ར་སྤྲོད་བྱ་ཐུབ་པ་དགོས་ཞེས་གསུངས།

མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་རྣམས་ལ་དམིགས་བསལ་འབོད་སྐུལ་གྱི་ཚུལ་དུ་གསུང་དོན་ལ། མཐོ་སློབ་ནང་དུ་བོད་རིགས་སློབ་ཕྲུག་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་གྱི་སློབ་ཕྲུག་དང་ལྷན་དུ་མཐུན་འབྲེལ་བྱས་ན་སྐད་ཡིག་དང་བརྡ་སྤྲོད་ཀྱི་རྩལ་ཡར་རྒྱས་འགྲོ་བ་མ་ཟད། རྒྱ་ཆེ་ས་ནས་བོད་ཀྱི་རྩ་དོན་སྐོར་ཕྱི་མིར་འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་ཐོབ་ཅིང་། དེ་ལྟར་བྱས་ན་རང་ཉིད་མཐོ་སློབ་ཏུ་བོད་མིའི་ངོ་ཚབ་ཆགས་ཀྱི་རེད་ཅེས་ལམ་སྟོན་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚམས་འདྲི་དང་སྦྲགས། མ་འོངས་པར་ཤེས་ཡོན་ལྷན་ཚོགས་དེ་ཉིད་ཤེས་རིག་ལས་ཁུངས་ཀྱིས་སྟངས་འཛིན་དང་མཐུན་རྐྱེན་སྦྱར་བའི་ཐོག་ཆབ་སྲིད་ཀྱི་གནོན་ཤུགས་བྲལ་བའི་རང་དབང་ཅན་གྱི་ཚན་པ་ཞིག་ཏུ་བསྒྱུར་ཐུབ་ན་ལེགས་པའི་དགོངས་འཆར་གསུངས་པ་དང་འབྲེལ། ད་ལྟའི་བཀའ་ཤག་གིས་གྲངས་ཐོ་གལ་ཆེར་འཛིན་གི་ཡོད་པ་ལྟར་ཤེས་ཡོན་ལྷན་ཚོགས་ཀྱི་དགོངས་བཞེས་ཀྱི་ཆེད་སློབ་གྲྭ་ཁག་གི་གནས་སྟངས་དང་སློབ་ཕྲུག་གི་གྲངས་འབོར་བསྡུ་རྒྱུ་ཡིན་པ་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པའང་བོད་སློབ་ཁག་ཏུ་གཟིགས་སྐོར་ལ་ཕེབས་ཏེ་གནས་སྟངས་རྒྱུས་ལོན་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།

དེ་བཞིན་མུ་མཐུད་ནས་ཁོང་གིས་ཤེས་ཡོན་ལྷན་ཚོགས་དང་དེའི་འོག་གི་བསླབ་གཞི་ཚན་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན་སློབ་ཕྲུག་གི་ཀླད་པའི་ནང་དུ་གཞུང་གི་སྒྲིག་འཛུགས་དང་ལྡན་པ་གང་ཞིག་བླུགས་དགོས་མིན་དེ་ནས་ཐག་གཅོད་ཀྱི་ཡོད། དེའི་ནང་དོན་ངས་ཞེ་དྲག་ཤེས་ཀྱི་མ་རེད། ནང་དོན་ཐོག་རྣམ་པ་ཚོས་དེ་རིང་ཉིན་གཅིག་གོ་བསྡུར་ཞུ་གི་ཡོད། དེ་རིང་གཞི་རིམ་གྱི་སྒྲོམ་གཞི་ལྟ་བུ་ཞིག་བྱུང་ན། མ་འོངས་པར་ནམ་ཞིག་འཚོག་དགོས་མིན་གཟིགས་ཆོག་གི་རེད། ད་ལྟ་ང་ཚོའི་ཤེས་ཡོན་སྲིད་བྱུས་ལ་གཞི་རིམ་ཤེས་ཡོན་སྲིད་བྱུས་ཞེས་འབོད་ཀྱི་ཡོད། ད་ང་ཚོས་འབྲིང་རིམ་ཤེས་ཡོན་སྲིད་བྱུས་དང་། མཐོ་རིམ་ཤེས་ཡོན་སྲིད་བྱུས་བཟོ་རྒྱུའི་དུས་ལ་འབབ་ཡོད་མེད། དེ་ལྟ་བུ་ཞིག་བཟོས་ན་དགེ་ཚན་ཡོད་མེད། དེ་དག་གང་ཞིག་ལ་དམིགས་དགོས་མིན་དང་། ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ལ་གཞི་བཞག་ནས་ང་ཚོའི་བསླབ་གཞིར་འགྱུར་བ་གང་གཏོང་དགོས་མིན། ལྷག་པར་ལག་ཤེས་དང་སྒྱུ་རྩལ་རིགས་ལ་ཤུགས་གནོན་གང་རྒྱག་དགོས་མིན་སྐོར་གཟིགས་དགོས་ཞེས་ལམ་སྟོན་གནང་།

སཱི་ཤེས་ཡོན་སློབ་གསོའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོ་དང་འབྲེལ་ནས་གསུང་དོན་ལ་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་མཐའ་ཡས་པ་ཡོད་པའི་ནང་ནས་སཱི་ཤེས་ཡོན་སློབ་གསོ་དེ་ཉིད་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་ཐུབ་ས་རེད། དེ་ནང་པ་ཁོ་ན་མ་ཡིན་པར་ཆོས་ལུགས་གཞན་གྱི་རྗེས་འཇུག་དང་ལྷག་པར་ཆོས་ཁས་མ་ལེན་མཁན་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན་ཞེས་དང་། དེ་ཉིད་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་ཕྱོགས་སྐོར་ཀློག་དེབ་ཁོ་ན་བརྒྱུད་དེ་མ་ཡིན་པར་གཙོ་བོ་ཕྲུ་གུའི་བསམ་བློ་གཏོང་སྟངས་ལ་འགྲེལ་བཤད་མང་ཙམ་བརྒྱབ་ཐུབ་ན་དགེ་ཚན་ཆེ། དེ་བཞིན་སློབ་ཁྲིད་གནང་སྐབས་སློབ་སྟོན་པས་སློབ་སྟོན་གནང་སྟངས་ལ་དོ་སྣང་བྱེད་དགོས་པ་དང་། རབ་བྱུང་ན་སློབ་ཁྲིད་པ་རྣམས་པར་སཱི་ཤེས་ཡོན་སློབ་གསོ་སློབ་སྟོན་གནང་ཕྱོགས་སྐོར་ཟབ་སྦྱོང་ཕུལ་དགོས་སྐོར་གསུངས།

དེ་བཞིན་འགུལ་རིགས་ཀྱི་རྣམ་པའི་ཐོག་ནས་བྱིས་པ་རྣམས་ལ་སློབ་གསོ་སྤྲོད་ཐབས་དེ་འཛམ་གླིང་སྤྱི་ཡོངས་སུ་ཕན་འབྲས་ཆེན་པོ་ཡོད་པ་ཡོངས་གྲགས་ལྟར་རང་རིགས་བོད་ཕྲུག་རྣམས་ལའང་སྐད་ཡིག་དང་བཟང་སྤྱོད་ཀྱི་བསླབ་བྱ་སྤེལ་ཐབས་སུ་བྱིས་པའི་སེམས་ཁམས་དང་མཐུན་པའི་འགུལ་རིགས་བཟོ་རྒྱུའི་ཐད་འབད་རྩོལ་སྔར་ལྷག་རྒྱག་དགོས་གལ་སྐོར་དགོངས་འཆར་བཏོན་གནང་སོང་།

བོད་སློབ་ཁག་གི་སློབ་ཕྲུག་བུ་མོ་རྣམས་ཀྱི་བདེ་འཇགས་ལ་ཐུགས་ཁུར་ཆེ་བཞེས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གལ་ཏེ་སློབ་ཕྲུག་བུ་མོར་དགེ་རྒན་ལས་བྱེད་དམ་སློབ་ཕྲུག་ནང་ཁུལ་ཚུལ་མིན་གྱི་བྱ་སྤྱོད་དང་གནོད་འཚེ་སྐྱེལ་བ་རིགས་བྱུང་ན་ནག་ཉེས་ཅན་འཕྲལ་དུ་ཕྱིར་འབུད་བྱ་རྒྱུ་ལས་གུ་ཡངས་གཏང་ས་མེད་པ་དང་། དེ་ལྟར་བྱས་ན་སློབ་གྲྭའི་ནང་བྱ་སྤྱོད་ངན་པའི་རིགས་དེ་དག་སྔོན་འགོག་བྱ་ཐུབ་པ་མ་ཟད་སློབ་ཕྲུག་བུ་མོ་རྣམས་འཇིགས་སྣང་མེད་པར་གནས་ཐུབ་པའི་སྐོར་ལམ་སྟོན་གནང་སྟེ་གསུང་བཤད་མཇུག་བསྡུས་གནང་སོང་།

ཐེངས་འདིའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་སུ་ངོ་བཅར་ཚོགས་མི་རྣམས་ནས་ཁྱོན་གྲོས་གཞི་བརྒྱད་ཐོག་བགྲོ་གླེང་གནང་གི་འདུག་ཅིང་། གྲོས་གཞི་ཁག་ནི། ༡༽སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ། ༢༽སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་ཚོགས་ཆུང་གིས་རགས་ཟིན་གཏན་འབེབས་བྱུང་བར་བསྐྱར་ཞིབ་དང་གཏན་འབེབས་གནང་རྒྱུ། ༣༽གཞི་རིམ་བར་མའི་སློབ་གྲྭ་ཁག་ཏུ་སྤྱི་ཚོགས་ཚན་རིག་དང་ཨང་རྩིས་སློབ་ཚན་གཉིས་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར། ༤༽གཏན་ཉིན་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ། སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར། ༥༽སློབ་སྤྱི་དང་དགེ་ཆེ་འདེམས་བསྐོ་དང་། གནས་སྤར་གནང་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་རྒྱུ། ༦༽བོད་པའི་སློབ་ཕྲུག་ཚོའི་སྐད་ཡིག་གི་རྩལ་ཁག་ཡར་རྒྱས་གོང་སྤེལ་གཏོང་ཕྱོགས་ཀྱི་ཐབས་ལམ་ཇི་དགེའི་སྐོར། ༧༽བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ན་གཞོན་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གོ་རྟོགས་དང་ཤེས་ཚད་གོང་མཐོར་གཏོང་ཕྱོགས་ཇི་དགེའི་སྐོར། ༨༽ཚོགས་གཙོའི་བཀའ་ཁྲོལ་འོག་གནད་དོན་གཞན་གོ་བསྡུར་ཞུ་རྒྱུ་བཅས་རེད་འདུག །
སྔོན་མ།
བསོད་ནམས་བཟང་མོ་ལགས་ལ་གསེར་གྱི་རྟགས་མ་ཐོབ་པ།
ཕྱི་མ།
༢༠༢༢ ལོར་རི་ཅཊ་སོན་ཐེབས་རྩའི་སློབ་ཡོན་གསལ་བསྒྲགས།
Menu