༄༅ ། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༡ ཉིན་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་ (Himalaya Pariwar) ཞེས་པའི་ཚོགས་པས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་བོད་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་འགྲན་བསྡུར་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་མ་ (K.C.Sharma) ལགས་དང་། མཛད་སྒོ་གཙོ་སྐྱོང་བ་ཕྱི་དྲིལ་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་། འཛིན་གྲྭ་དྲུག་པ་ཡན་གྱི་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་ཕྱེ་གནང་། དེ་རྗེས་སློབ་མ་བུ་མོ་ཁག་ཅིག་གིས་དབྱངས་ཅན་མའི་བསྟོད་གླུ་དབྱངས་སུ་གྱེར་ཏེ་ཤིས་བརྗོད་བཏོན། དེ་ནས་དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱིས་འཚམས་འདྲིའི་གསུང་བཤད་གནང་རྗེས། ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོས་འགྲན་བསྡུར་དང་འབྲེལ་བའི་ཁྲིམས་སྒྲིག་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་ནས་གྷོ་པལ་པུར་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ། བུ་མོའི་སློབ་གྲྭ། རྡ་ཡ་ནནྡཱ་སློབ་གྲྭ། ཨེས་ཌི་སློབ་གྲྭ། བྷ་རཏ་ཧི་མཱ་ལ་ཡ་སློབ་གྲྭ་(Bharat Himalayan Public School) བཅས་སློབ་ཁག་བདུན་གྱི་སློབ་ཕྲུག་ ༢༡ ནས་འཕགས་བོད་འབྲེལ་ལམ་སྐོར་དང་། བོད་ཀྱི་ཁོར་ཡུག་རྩ་མེད་བཟོ་བཞིན་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ། བོད་ཀྱི་རིག་གཞུང་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ། གངས་རིན་པོ་ཆེའི་སྐོར། བོད་ཀྱི་སྐད་དང་རིག་གཞུང་སོགས་ཀྱི་སྐོར་གཏམ་བཤད་སྐར་མ་ལྔ་རེར་གནང།
འགྲན་བསྡུར་གནང་གྲུབ་མཚམས་མཛད་སྒོའི་གཙོ་སྐྱོང་བས་ཧི་མཱ་ལ་ཡ་ཁྱིམ་ཚང་གིས་བོད་སྐོར་གཏམ་བཤད་གོ་སྒྲིག་གནང་བར་བསྔགས་བརྗོད་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར། གོ་སྒྲིག་ཚོགས་ཆུང་ནས་འདི་ལྟ་བུའི་ལས་རིགས་གང་མང་རྒྱ་གར་ནང་གི་མཐོ་སློབ་ཁག་ཏུའང་སྤེལ་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་འཕགས་བོད་གཉིས་ཆོས་དང་རིག་གཞུང་སོགས་གཅིག་མཚུངས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང། འགྲན་བསྡུར་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་སྐུ་མགྲོན་གཙོ་བོ་དང་། མཛད་སྒོའི་གཙོ་སྐྱོང་བས་བྱ་དགའ་དང་ལག་འཁྱེར་གནང་བ་མ་ཟད། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཡོངས་ལའང་ཕྱག་འཁྱེར་གནང་སྟེ་འགྲན་བསྡུར་གྲོལ།
འགྲན་བསྡུར་སྐབས་ཕྱི་དྲིལ་འགྲེམས་སྤེལ་ཚན་པས་༸གོང་ས་མཆོག་གི་བཀའ་སློབ་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་བྱུང་རིམ་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་སོགས་ཀྱི་དཔེ་དེབ་ཁག་གཅིག་འགྲེམས་སྤེལ་ཞུས་ཡོད།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།