ཟླ་རེའི་གསར་འགྱུར།

སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་སློབ་སྡེའི་སྤྱི་ཁྱབ་འགན་འཛིན་གྱི་ཚོགས་འདུ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་ཐོག་སློབ་སྡེའི་སྤྱི་ཁྱབ་འགན་འཛིན་གྱི་ཚོགས་འདུ་སྐོང་ཚོགས་གནང་སོང་།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། རྡ་སྟེང་བོད་ཁྱིམ་གྱི་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྒྲོལ་དཀར་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ངེས་སྟོན་པ་ཚེ་རིང་སྟོབས་རྒྱལ་ལགས། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་དང་ཤེས་ཡོན་ངེས་སྟོན་པ་གཅིག་ལྕོགས་པ་སངས་དོན་གྲུབ་ལགས། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ། མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་རྣམ་པ་སོགས་ལྷན་འཛོམས་ཐོག ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཚོགས་འདུ་འདི་བཞིན་ཚོགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་མདུན་ལམ་སློབ་སྟོན་ཚན་པས་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་གནད་དོན་འདི་གལ་ཆེར་བརྩིས་ཏེ་ཚོགས་འདུ་གོ་སྒྲིག་ཞུས་པ་ཞིག་རེད། ཤེས་རིག་ལས་ཁུངས་ནང་ལའང་གནད་དོན་འདི་དང་འབྲེལ་བའི་ཐོག་བཀའ་བསྡུར་བྱུང་ཡོད་པ་མ་ཟད། བཀའ་ཤག་ནང་ལའང་གཞི་རྩའི་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་དང་འབྲེལ་བའི་ཐོག་ནས་བཀའ་བསྡུར་ཐེངས་འགའ་ཤས་བྱུང་ཡོད།
    ད་ལྟ་ཤེས་རིག་དྲུང་ཆེས་གསུངས་པ་བཞིན། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནང་གོ་པལ་པུར་སློབ་གྲྭར་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་ཡོད། དེ་སྔོན་མོན་གྷོ་གཞིས་ཆགས་སུའང་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱེད་ཐབས་བྱས་པའི་གནས་ཚུལ་ཐོན་ཡོད། དེ་བཞིན་བསྟན་འཛིན་སྒང་ལའང་བུད་མེད་གཅིག་ལ་དྲག་པོའི་སྒོ་ནས་ངོ་ཚ་བཟོས་པ་སོགས་བུད་མེད་དང་འབྲེལ་བའི་གནས་ཚུལ་བྱུང་ཡོད། དམིགས་བསལ་སློབ་གྲྭ་ཁག་གི་ནང་གནས་ཚུལ་འདིའི་རིགས་བྱུང་བ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། བུད་མེད་ལོ་ཆུང་ལ་བཙན་གཡེམ་བྱས་པ་དེ་དོ་བདག་སུ་ཡིན་རུང་ཞེད་སྣང་མེད་ནའང་མཚེར་སྣང་བྱེད་དགོས། གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་མི་རྣམས་མ་འདྲ་བ་ཞིག་ཡིན་དགོས་རྒྱུ་དེ་ཡ་རབས་བཟང་སྤྱོད་དང་ཞི་བདེར་བརྩི་འཇོག་བྱེད་མཁན་ཡིན་ཞེས་བཀའ་སློབ་སྩལ་དང་སྩོལ་བཞིན་པ་ལྟར། འཛམ་གླིང་སྤྱི་ཡོངས་ནས་ཀྱང་བོད་མིར་རྒྱབ་སྐྱོར་གནང་དགོས་དོན་དེ་ཡང་བོད་པའི་ཡ་རབས་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད། མོན་གྷོ་དང་གོ་པལ་པུར་གྱི་གནས་ཚུལ་འདི་རིགས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད། གནས་ཚུལ་འདི་རིགས་བརྒྱུད་ལམ་ཁག་ནང་ཐོན་དགོས་ཀྱི་རེད་བསམས་ཀྱི་འདུག ང་ཚོས་གནས་ཚུལ་འདི་རིགས་བྱུང་ཚེ་སྦ་གསང་མ་བྱས་པར་འཕྲལ་དུ་རྒྱ་གར་ཁྲིམས་ཐོག་ལ་གཏུག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། རྒྱ་གར་གྱི་ཁྲིམས་ལ་གཏུག་རྒྱུ་དེ་ནི་ང་ཚོའི་ལས་འགན་ཡང་ཡིན། ད་ལྟ་གནང་བ་བཞིན་མ་འོངས་པར་གནས་ཚུལ་འདི་རིགས་བྱུང་ཚེ་རྒྱ་གར་གྱི་ཁྲིམས་ཐོག་གཏུག་རྒྱུ་གལ་ཆེན་པོ་རེད།

    ད་ཐེངས་ང་ཚོས་སློབ་ཕྲུག་ཚོའི་བདེ་འཇགས་དང་འབྲེལ་བའི་ཚོགས་འདུ་འཚོགས་རྒྱུ་དང་མཐུན་རྐྱེན་སྦྱར་རྒྱུ་དེ་དག་ང་ཚོས་གནང་གི་ཡིན། སློབ་གྲྭ་ཁག་གི་ངོས་ནས་སློབ་ཕྲུག་ཚོར་གནད་དོན་འདི་དང་འབྲེལ་བའི་ཐོག་གོ་རྟོགས་སྤེལ་གྱི་རེད་ལ་སྤེལ་རོགས་གནང་ཞུ་རྒྱུ་ཡིན། ད་ལན་བཀའ་ཤག་ནས་(Zero Tolerance) བསམ་ཤེས་རྩ་བ་ནས་བྱེད་རྒྱུ་མིན་པའི་ཐག་གཅོད་གནང་ཡོད། གནས་ཚུལ་འདི་རིགས་བྱུང་ཚེ་འཕྲལ་དུ་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ཁྲིམས་ཐོག་གཏུག་རྒྱུ་དང་། ང་ཚོའི་ངོས་ནས་མི་དེ་ཕྱིར་འབུད་གཏོང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
    སྤྱིར་དེ་རིང་གི་ཚོགས་འདུ་འདིའི་ཐོག་སློབ་ཕྲུག་བུ་མོའི་བདེ་འཇགས་དང་འགན་འཁྱེར་ཕྱོགས་ཇི་དགེའི་སྐོར་དང་། མྱོས་རྫས་ལངས་ཤོར་སྔོན་འགོག བཀའ་ཤག་གིས་གཏན་འབེབས་གནང་བའི་ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་ལ་དམིགས་བསལ་ལྟ་སྐྱོང་གི་སྲིད་བྱུས་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
རྒྱ་གར་སློབ་གྲྭ་ཁག་གི་སློབ་མ་རྣམས་ནས་བོད་སྐོར་གཏམ་བཤད་འགྲན་བསྡུར་ནང་མཉམ་ཞུགས་གནང་བ།
ཕྱི་མ།
ཡིག་གཟུགས་འགྲན་སྡུར།