༄༅། །སྐྱབས་བཅོལ་བོད་མི་ཉམ་ཐག་གི་བྱིས་པ་རྣམས་དང་རྒན་འཁོགས་སོགས་ཤེས་ཡོན་དང་བདེ་དོན་ཆེད་སྐུ་ཚེ་ཧྲིལ་པོའི་རིང་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་འཇར་མན་ཡུལ་གྱི་ལྕམ་སྐུ་ཝེ་གར་ Mrs Irmtraut Wäger ལགས་སུ་བོད་མི་ཚོས་མཛའ་བརྩེ་ཆེན་པོས་ཨ་མ་ཝེ་གར་ཞེས་འབོད་སྲོལ་ཡོད་པ་ཁོང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་འཇར་མན་གྲོང་ཁྱེར་མུ་ནིཀ་ཏུ་དགུང་གྲངས་ ༩༥ ཐོག་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་མ་ཝེ་གར་དམ་པ་ཁོང་གིས་དབུ་ཁྲིད་པའི་ཇར་མན་བོད་དོན་རོགས་རམ་ཚོགས་པར་ Deutsche Tibethilfe e.V.( German Aid to Tibetans) སེམས་གསོའི་འཕྲིན་ཡིག་ཅིག་ཕུལ། དེའི་ནང་འཁོད་དོན།
ཨ་མ་ཝེ་གར་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་མཚན་དཀྱིལ་ཙམ་ལ་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། ང་ཚོས་བོད་ཕྲུག་ཚོའི་ཚབ་བྱས་ནས་སྙིང་ཐག་པ་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཨ་མ་ཝེ་གར་དམ་པ་ཁོང་གིས་ཕྱི་ལོ་ ༡༩༨༣ ལོ་ནས་འཇར་མན་བོད་དོན་རོགས་རམ་ཚོགས་པའི་དབུ་ཁྲིད་གནང་ནས་སྐུ་ཚེ་ཧྲིལ་པོའི་རིང་བོད་མི་སྐྱབས་བཅོལ་བའི་ཤེས་ཡོན་དང་བདེ་དོན་ཆེད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པའི་བཀའ་དྲིན་ནི་འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་ནམ་ཡང་བརྗེད་ཐབས་མེད། ང་ཚོས་ཨ་མ་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
དེ་ཡང་ཨ་མ་ཝེ་གར་དམ་པ་ཁོང་ནི། ཕྱི་ལོ་ ༡༩༡༩ ལོར་ཤར་པུ་རུ་ཤི་ཡ་ (East Prussia) ཟེར་བའི་ས་གནས་སུ་འཁྲུངས་ཤིང་འཛམ་གླིང་དམག་ཆེན་གཉིས་པའི་སྐྱབས་བཅོལ་བ་ཆགས་ཡོད། སྤྱིར་ཨ་མ་ཝེ་གར་དམ་པ་ཁོང་ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་དུ་ཐོག་མར་ཕེབས་སྐབས། བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་གཟིགས་ཤིང་། རོགས་རམ་གནང་རྒྱུའི་ཐག་གཅོད་གནང་ནས་ཕྱིར་རང་ཡུལ་དུ་ཕེབས་མཚམས་འཇར་མན་བོད་དོན་རོགས་རམ་ཚོགས་པ་ Deutsche Tibethilfe (German Aid to Tibetans) ཞེས་པ་གསར་འཛུགས་གནང་། ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་དུ་ཆིབས་སྒྱུར་བསྐྱངས་སྐབས་ཨ་མ་ཝེ་གར་ལགས་ལ་ཆེད་མངགས་མཇལ་འཕྲད་མཛད་ཡོད།
དེ་ཡང་འཇར་མན་གསར་འགོད་པ་དང་རྩོམ་པ་པོ་སྐུ་ཞབས་ཕེ་རེངྐ་བྷིན་ཌར་ Franz Binder ལགས་ཀྱིས་ཨ་མ་ཝེ་གར་ལགས་དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ཕྱོགས་སྒྲིག་གནང་བ་མཚན་བྱང་དུ། བོད་དོན་ཆེད་ངའི་མི་ཚེ། ཨ་མ་ལགས། “Amala: My Life for Tibet” ཞེས་པ་དེའི་ནང་༸གོང་ས་མཆོག་གིས་བཀའ་སྩལ་དོན། ངོས་ཀྱིས་མཛའ་བརྩེའི་ཐོག་ནས་ཨ་མ་ཝེ་གར་ཞེས་འབོད་ཀྱི་ཡོད་པ་དམ་པ་ཁོང་གིས་ཆོད་སེམས་ཡོད་ན་མི་སྒེར་པ་གཅིག་གིས་སྤྱི་ཚོགས་ཡར་རྒྱས་གཏོང་ཐུབ་རྒྱུ་ཡིན་པའི་ར་སྤྲོད་གསལ་པོ་གནང་ཡོད། ཁོ་མོས་འབད་བརྩོན་གནང་བ་དེས་ངོས་ལ་དུས་རྟག་ཏུ་སེམས་འགུལ་ཆེན་པོ་ཐེབས་བཞིན་པ་མ་ཟད། ཁོ་མོ་དང་གླེང་སློང་བྱེད་སྐབས་བློ་སྐྱེད་ཧ་ཅང་ཐོབ་བཞིན་འདུག ཅེས་བཀའ་སློབ་སྩལ་ཡོད།
ཕྱི་ལོ་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་འོད་སྣང་། ཞེས་པའི་གཟེངས་རྟགས་དམ་པ་ཁོང་ལ་གསོལ་རས་སྩལ། ཁོ་མོར་གཟེངས་རྟགས་ཕུལ་དགོས་པའི་རྒྱུ་མཚན་ནི་ཁོ་མོས་སྐུ་ཚེ་ཧྲིལ་པོའི་རིང་འཛམ་གླིང་མི་མང་ཚོས་བོད་ཀྱི་གནས་སྟངས་ལ་དོ་སྣང་སླེབས་ཐུབ་པ་ཞིག་དང་བོད་མིའི་དཀའ་ངལ་རྣམས་གསལ་སྟོན་གནང་བའི་ཐོག་ནས་ཁ་ཞེ་གཉིས་མེད་ཐོག་རོགས་རམ་གནང་བ་དེར་ངོས་འཛིན་ཞུ་ཆེད་ཡིན་འདུག ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༣༡ ཉིན་ལྕམ་སྐུ་དམ་པ་ཨ་མ་ཝེ་གར་ལགས་ཀྱི་ལས་ཁུངས་དང་ཁྱིམ་ཚང་བཅས་ལ་ཆིབས་སྒྱུར་བསྐྱངས་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གནང་མཛད་ཡོད།།