ཟླ་རེའི་གསར་འགྱུར།

བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་ཚོགས་འདུ་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་ཚོགས་འདུ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཀརྨ་སེངྒེ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་བསོད་ནམས་བཟང་པོ་ལགས། བྷུན་ཏར་མཐོ་སློབ་ཀྱི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། ཝར་ཎ་མཐོ་སློབ་ཀྱི་ཉེ་བའི་སློབ་དཔོན་བཀྲ་ཤིས་ཚེ་རིང་ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་སྤྱི་ཟུར་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས། སྒྲོལ་མ་གླིང་བཙུན་དགོན་གྱི་སློབ་སྤྱི་དགེ་བཤེས་ངག་དབང་བསྟན་འཛིན་ལགས། དབུས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་སྨན་པ་བློ་བཟང་ཡེ་ཤེས་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་ཕྱོགས་གླང་ལགས་དང་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་འཕེལ་ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལྟ་གྲུབ་དགེ་རྒན་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ལགས། ལྡི་ལི་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་ཚེ་རིང་སྒྲོལ་མ་ལགས། རྡ་ས་བོད་ཁྱིམ་གྱི་སློབ་ཡོན་འགན་འཛིན་ཚེ་བརྟན་རྡོ་རྗེ་ལགས་དང་མདུན་ལམ་སློབ་སྟོན་པ་ཆོས་འཛོམས་ཚེ་རིང་ལགས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་དབུ་འབྱེད་གསུང་བཤད་གནང་དོན། བཀའ་ཤག་ནས་ཤེས་ཡོན་གལ་ཆེ་ཤོས་རྩི་གི་ཡོད་ཅེས་ཞུས་བཞིན་ཡོད་ལ་༧གོང་ས་མཆོག་གིས་ཀྱང་ཤེས་ཡོན་གལ་ཆེན་པོ་རེད། གལ་ཆེན་པོར་བརྩི་དགོས་རེད་ཅེས་དུས་རྟག་ཏུ་བཀའ་སློབ་ཕེབས་བཞིན་ཡོད།
ད་ལན་ཚོགས་འདུ་འདི་ཚོགས་དགོས་དོན་གཙོ་བོ་ནི། ཚང་མས་མཁྱེན་གསལ་རེད། ༧གོང་ས་མཆོག་གི་བཀའ་སློབ་ནང་ལ་དེང་སྐབས་གཞོན་སྐྱེས་སློབ་གྲྭ་ཐོན་ནས་མཐོ་སློབ་ཏུ་འགྲོ་རྒྱུ་ཡིན་ནའང་རེད། སློབ་གྲྭ་ཐོན་རྗེས་དམིགས་ཡུལ་མེད་པ་ལྟ་བུ་དང་གང་བྱེད་དང་མི་བྱེད་མ་ཤེས་པའི་བཟོ་འདྲ་བོ་བྱེད་སྟངས་དང་སྡོད་སྟངས་མ་ཤེས་པར་བརྟེན། འགའ་ཤས་ཀྱིས་ང་ཚོར་བོད་ལ་ལོག་ན་དགའ་ས་རེད། ཅེས་ཞུས་མཁན་བྱུང་ཡོད་སྟབས་འདི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་གཞོན་སྐྱེས་ཚོར་དམའ་རིམ་ནས་སློབ་སྦྱོང་ཆ་ཚང་གནང་གི་ཡོད་པ་མ་ཟད་སློབ་ཡོན་ཡང་ཆ་ཚང་གནང་གི་ཡོད། དགེ་རྒན་ལས་བྱེད་ཡོངས་ནས་སྐུ་ལས་སྐྱོན་གྱི་ཡོད་ནའང་མཐའ་མའི་གྲུབ་འབྲས་ཕྲུ་གུའི་བསམ་ཚུལ་ལ་ང་འགྲོ་ས་སྡོད་ས་མི་འདུག གང་བྱེད་དགོས་ཤེས་ཀྱི་མི་འདུག བོད་ལ་ལོག་འགྲོ་ན་དགའ་ས་རེད་ཅེས་ལོག་མཁན་དེ་འདྲ་ཡོད་ས་རེད། དེར་བརྟེན་ང་ཚོའི་ངོས་ནས་མ་འགྲིག་པ་དང་མ་འདང་བ། མ་ཚང་བ་གང་འདུག གཞི་རྩའི་ཤེས་ཡོན་ཐོག་ཡར་རྒྱས་ཧ་ཅང་འགྲོ་བཞིན་ཡོད་སྟབས་ང་ཚོ་སྤོབས་པ་སྐྱེ་དགོས་རྒྱུ་ཞིག་རེད། ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལའང་ཞུས་པ་ཡིན། གཞི་རྩའི་ང་ཚོ་བཙན་བྱོལ་གྱི་གནས་སྟངས་ཤིག་ཆགས་ཡོད་ནའང་ཕྱི་ལོ་ ༡༩༥༩ རྗེས་བཙན་བྱོལ་ལ་འབྱོར་བའི་གཞོན་སྐྱེས་བྲིས་ཀློག་ཤེས་མཁན་གྱི་གྲངས་ཚད་བརྒྱ་ཆ་ ༩༤ ཙམ་ཡིན་པ་དེ་སྔོན་ངས་དེ་འདྲ་ཞིག་མཐོང་མྱོང་། འབར་མ་དང་ཤྲི་ལངྐ་། བལ་ཡུལ། པ་ཀི་སི་ཐན་བཅས་དང་བསྡུར་བ་ཡིན་ན་ང་ཚོ་ཡག་ཤོས་ཆགས་ཡོད།
གཞི་རྩའི་དམའ་རིམ་སློབ་གྲྭ་བར་དུ་སློབ་སྦྱོང་གི་གནས་ཚད་ཡག་པོ་ཆགས་ཀྱི་ཡོད་པའི་བཟོ་འདྲ་འདུག གང་ལ་ཞེ་ན་ང་ཚོའི་དགེ་རྒན་གྱི་གནས་ཚད་དང་། སློབ་ཚན། དེ་བཞིན་བོད་ཡིག་ཐོག་ཨང་རྩིས་དང་ཚན་རིག་སློབ་ཚན་སློབ་ཁྲིད་གནང་རྒྱུར་བསམ་ཚུལ་ཏོག་ཙམ་ཡོད་ནའང་ཡག་པོ་ཆགས་ཀྱི་ཡོད་པའི་བཟོ་འདྲ་འདུག འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་བསྐྱོད་མཁན་སློབ་ཕྲུག་ ༦༠༠ ཙམ་ལ་ཤེས་རིག་ལས་ཁུངས་དང་། དེ་བཞིན་བོད་ཁྱིམ་ནས་སློབ་ཕྲུག་ ༦༠༠ ཙམ་ལ་སློབ་ཡོན་གནང་གི་ཡོད། སློབ་སྦྱོང་གནང་འདོོད་ཡོད་ན་སློབ་ཡོན་ཕལ་ཆེར་བརྒྱ་ཆ་བརྒྱ་མིན་ནའང་བརྒྱ་ཆ་ ༩༠ ཙམ་སྙོབ་ཐུབ་དུས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་བ་ཡིན་ནའང་གཞུང་གིས་སློབ་ཡོན་བརྒྱ་ཆ་ ༩༠ གནང་མཁན་དེ་འདྲ་མེད། མཐུན་རྐྱེན་ཐོག་ནས་འདང་གི་ཡོད་པའི་བཟོ་འདྲ་ཡོད། འོན་ཀྱང་ད་ལྟའི་སློབ་ཕྲུག་གི་བསམ་ཚུལ་ལ་སློབ་ཡོན་ཡོད་བཞིན་དུ་ངས་སློབ་སྦྱོང་གང་བྱེད་དགོས་ཤེས་ཀྱི་མི་འདུག ངའི་མི་ཚེ་གང་འདྲ་བྱས་ནས་སྐྱེལ་དགོས་མིན་ཤེས་ཀྱི་མི་འདུག ང་བོད་ལ་ལོག་འགྲོ་དགོས་མིན་ནམ་ཞེས་བརྗོད་ཡོང་དུས་ཕྱོགས་གཅིག་ནས་འདི་རང་བཞིན་གྱིས་ཉུང་ཤས་ཡིན་པའི་བཟོ་འདྲ་རེད། ང་ཚོའི་མདུན་ལམ་སློབ་སྟོན་པ་བོད་ཁྱིམ་ལ་ཡོད། ཤེས་རིག་ལའང་ཡོད། ཁོང་ཚོ་སློབ་གྲྭ་རེ་རེ་ལ་བཅར་ནས་ལམ་སྟོན་གནང་མུས་རེད། རྒྱ་གར་ལྷོ་ཕྱོགས་སུ་མདུན་ལམ་སློབ་སྟོན་པ་ཡོད། འདི་ག་དབུས་ནས་ལམ་སྟོན་གནང་དང་གནང་མུས་རེད། འོན་ཀྱང་ལམ་སྟོན་སློབ་གྲྭའི་ནང་གནང་གི་ཡོད་ནའང་མཐོ་སློབ་ལ་སླེབ་སྐབས་ལྡི་ལི་བོད་ཁྱིམ་སྡོད་ཁང་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་ནས་དུས་རྟག་ཏུ་ཕ་མས་སློབ་སྟོན་གནང་བ་བཞིན་བརྩེ་བའི་ཐོག་ནས་ལམ་སྟོན་གནང་གི་ཡོད་ན་མ་གཏོགས་གཞན་ཁོང་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་རེད་བསམས་ཀྱི་འདུག ཤེས་ཚད་ཐོག་ནས་ཡིན་ན་འཛིན་རིམ་བཅུ་གཉིས་བར་དུ་ཡག་པོ་འགྲོ་གི་ཡོད་ནའང་རྒྱ་གར་མཐོ་སློབ་ཁག་ལ་སླེབ་དུས་རང་བཞིན་གྱིས་གནས་ཚད་སྐྱོ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་འདུག
ངའི་བསམ་པར་སློབ་ཕྲུག་ཚོར་དམིགས་བསལ་གྱི་སྐད་ཡིག་དང་། རོལ་ཆ། འགོ་ཁྲིད་ཀྱི་ནུས་པ། ལུས་རྩལ་ལ་སོགས་སློབ་ཕྲུག་སོ་སོའི་དོ་དབྱིངས་གཞིར་བཞག་ཐོག་སློབ་གྲྭ་ལོགས་སུ་འཛུགས་ཐུབ་ཚེ། འབྱུང་འགྱུར་ང་ཚོའི་སྤྱི་ཚོགས་ཁྲོད་ཆེད་ལས་པ་དང་མཁས་དབང་མང་པོ་ཐོན་ཐུབ་ངེས་ཡིན།
བོད་ཁྱིམ་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟེ་འགྱུར་བ་མང་པོ་གཏོང་བཞིན་ཡོད། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཀྱང་འགྱུར་བ་མང་པོ་བཏང་ཡོད། ཤེས་ཡོན་སྲིད་བྱུས་གསར་པ་ཡིན་ནའང་སྒྲོམ་གཞི་རྙིང་པ་རེད་འདུག སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ཉིན་རྒྱབ་ཆུ་ཚོད་ ༤ བར་འཛིན་གྲྭ་ཚོགས་ཀྱི་ཡོད་སྟབས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལྟ་བུ་ཡིན་ན། མཐུན་རྐྱེན་མ་འདང་བ་ལྟ་བུ་དང་སློབ་གྲྭ་ཁག་གཅིག་ལ་མཐུན་རྐྱེན་འདང་ངེས་ཡོད་སྟབས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་རྣམས་སློབ་འཇུག་བྱེད་ཀྱི་ཡོད་པར་བརྟེན། ཧར་པ་པུར་ལ་སློབ་ཕྲུག་བཞི་བརྒྱ་ལྔ་ཡོད་པའི་ནང་ནས་བོད་པའི་སློབ་ཕྲུག་ཉི་ཤུ་རྩ་བརྒྱད་ལས་མི་འདུག དེ་བཞིན་བོད་ཁྱིམ་དུ་བརྒྱ་ཆ་ ༣༥།༣༧ ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་རེད་འདུག གལ་ཏེ་ཧི་མ་ལ་ཡ་རི་རྒྱུད་ཀྱི་སློབ་ཕྲུག་མང་དྲགས་ན་བོད་ཡིག་རྒན་ལགས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སྐབས་བརྒྱ་ཆ་བཞི་བཅུ་བོད་ཡིག་གི་གནས་ཚད་སྐྱོ་བོ་ཡོད་ན། བོད་ཡིག་སྐྱོ་བོ་ཡོད་པ་དེ་དག་ཕན་ཐོགས་ཡོང་བར་གཙོ་བོར་འཛིན་པའི་ཐོག་ནས་སློབ་ཁྲིད་བྱ་དགོས་སྟབས། དགེ་རྒན་གྱི་གནས་ཚད་མཐོ་བོ་ཡོད་ནའང་སློབ་ཁྲིད་གནང་རྒྱུར་དཀའ་ངལ་འཕྲད་ངེས་རེད། སློབ་ཕྲུག་རྣམས་ལ་ཆུང་དུས་སྐབས་ནས་ཡ་རབས་བཟང་སྤྱོད་སྐོར་སློབ་ཁྲིད་གནང་གི་ཡོད་ནའང་སེམས་ནང་ངེས་པ་རྙེད་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཚན་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཚན་ཁྲིད་ཐབས་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བར་ལམ་ནས་ཕར་ཚུར་འགྲོ་བའི་སྐབས་མཐོ་རིམ་སློབ་གྲྭ་ཁག་ཅིག་གིས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞི་རིམ་སློབ་གྲྭ་ཁག་གི་དགེ་རྒན་དང་འགན་འཛིན་རྣམ་པ་དང་ལྷན་ཚོགས་འདུ་མང་པོ་ཞིག་ཚོགས་བཞིན་འདུག་པར་ཧ་ཅང་ཡག་པོ་རེད། འོན་ཀྱང་མཐོ་རིམ་སློབ་གྲྭའི་ཚོགས་འདུ་རིགས་རྩ་བ་ཉིད་ནས་གནང་གི་མི་འདུག ཅེས་གསུང་མཁན་འདུག
གཉིས་ནི། ང་རང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཕྱིན་པའི་སྐབས་དེར་མེ་སོར་མཐོ་རིམ་སློབ་གྲྭའི་ནང་བོད་པའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སློབ་མ་ཞིག་གིས། མཐོ་རིམ་སློབ་གྲྭ་དེའི་ནང་བོད་རིགས་སློབ་མ་ཉིས་བརྒྱ་སུམ་བརྒྱ་ཙམ་ཡོད་པའི་ནང་ཁུལ་ཚོགས་འདུ་འཛོམས་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་དང་། སློབ་གྲྭའི་སློབ་སྤྱི་ལས་ལྷག་སློབ་ཕྲུག་ཕན་ཚུན་ཐུག་འཕྲད་བྱེད་རྒྱུ་ཁག་པོ་ཡོད་པའི་གནས་ཚུལ་དེ་འདྲ་བཤད་བྱུང་། དེ་བཞིན་སློབ་སྤྱི་མཆོག་གིས་སྔོན་མ་སློབ་ཕྲུག་ཚོས་འཛིན་གྲྭ་རྟག་བཅར་བྱེད་ཀྱི་ཡོད་པ་དང་གྱོན་ཆས་ཡང་ཚུལ་བཞིན་གྱོན་གྱི་ཡོད། དེང་སང་ཉམས་རྒུད་ཕྱིན་པའི་གནས་སྟངས་དེ་འདྲ་གསུངས་ཀྱི་འདུག ཚོགས་གཙོས་སློབ་མ་ཚོ་ལ་འཛིན་གྲྭ་དུས་ཐོག་འགྲོ་དགོས་པ་དང་དེ་བཞིན་ཐ་མག་འཐེན་རྒྱུ་མེད་པའི་སློབ་སྟོན་ཡང་ཡང་བྱེད་ཀྱི་ཡོད་པ་དེ་འདྲའི་གནས་ཚུལ་འདུག ད་ལྟ་མཐོ་རིམ་སློབ་གྲྭའི་ནང་ཉན་མཁན་མེད་སྟབས་ཁོ་རང་གི་དཀའ་ལས་སྐྱོན་པ་འདི་ཆུད་ཟོས་སུ་ཕྱིན་པའི་རྣམ་པ་འདྲ་ཞིག་མཐོང་གི་འདུག་ཅེས་སེམས་ཚོར་ཆེན་པོས་གསུང་གི་འདུག སྐབས་རེར་སློབ་ཡོན་ལེན་མཁན་སློབ་མ་འགའ་ཤས་སློབ་ཡོན་མ་རག་པའི་སྐབས་སུ་ངའི་སྦག་སྦག་གི་སྣུམ་རིན་འབྱོར་མ་སོང་ཞེས་དེ་འདྲ་བརྗོད་མཁན་ཡང་ཡོད་འདུག དེར་བརྟེན་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་བཅས་ནས་ལྟ་རྟོག་དང་གཟིགས་ཞིབ་གནང་ཆེད་ཕེབས་ཐུབ་ན་ཡག་པོ་ཡོད་སྐོར་གསུང་གི་འདུག འདིའི་སྐོར་ང་ཚོས་གོ་བསྡུར་བྱེད་ཀྱི་ཡིན་ཞེས་བརྗོད་པ་ཡིན། ཕྱིས་སུ་ཚོགས་འདུ་ཁ་ཤས་ནང་བརྗོད་རྒྱུ་བྱུང་།
དེ་བཞིན་གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་པ་བཞིན་མཐོ་རིམ་སློབ་གྲྭ་ཁག་གི་ནང་བོད་ཕྲུག་ཚོ་མ་འོངས་མདུན་ལམ་དང་ཕུགས་བསམ་མེད་མཁན་མང་པོ་ཡོད་པ་དེ་དག་དང་གོ་བསྡུར་དགོས་པའི་ལམ་སྟོན་ཕེབས་ཡོད། དེ་དག་ཚང་མ་ཕྱོགས་བསྡོམས་བྱས་ནས་དེའི་ཐོག་ང་ཚོས་འབྲེལ་ཡོད་རྣམས་དང་བསམ་ཚུལ་བསྡུ་ལེན་དང་། དེ་བཞིན་དཀའ་ངལ་དང་རྐྱེན་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་དངོས་སུ་གོ་བསྡུར་གྱིས་ལག་ལེན་ཁུར་རྒྱུའི་དེ་རིང་གི་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་སྤུས་ཚད་དང་། བཟང་སྤྱོད། ཕུགས་བསམ་བཅས་གྲོས་གཞི་གསུམ་ཐོག་དགོངས་པ་བཞེས་ཏེ་བཀའ་བསྡུར་གནང་དགོས་རྒྱུ་གལ་ཆེན་པོ་རེད་འདུག རྩ་བའི་རྗེས་ལུས་ཐེབས་པའི་རྒྱལ་ཁབ་བཤད་མི་དགོས་པར་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ནང་དུའང་ཤེས་ཡོན་སློབ་གསོ་ནི་གལ་ཆེ་ཤོས་རྩི་བཞིན་འདུག་པ་མ་ཟད། དེའི་ཐོག་ཡར་རྒྱས་གང་གཏང་དགོས་འདུག་ལྟ་བཞིན་ཡོད། ལྷག་པར་ང་ཚོ་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་ཤེས་ཡོན་ནི་མེད་དུ་མི་རུང་ལྟ་བུ་གྱུར་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྔར་ནས་ཤེས་ཡོན་ཐོག་ཐུགས་འཁུར་ཆེན་པོ་བཞེས་པའི་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་ནས་ད་ལྟ་ང་ཚོའི་འཐབ་རྩོད་འདི་ཡང་ཡག་ཐག་གཅོད་འགྲོ་ཐུབ་ཀྱི་ཡོད་པ་དང་རིག་གཞུང་གཅེས་སྐྱོང་ཐོག་ལ་འདོད་པ་ཁེངས་པ་ཞིག་མེད་ཀྱང་གང་ལ་གང་ཙམ་ཞིག་འགྲོ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱང་ཚགས་ཚུད་ཐག་གཅོད་འགྲོ་བཞིན་ཡོད། དེ་བཞིན་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་གང་ཅིའི་ཐོག་ལྟ་ན་སྔོན་མ་ཤེས་ཡོན་ཐོག་ཐུགས་ཁུར་བཞེས་པའི་བཀའ་དྲིན་གྱིས་ད་ལྟ་ཡག་པོ་ཆགས་འདུག་བསམས་པ་ཏན་ཏན་དྲན་གྱི་འདུག
ལྔ་དང་ལྔ་བཅུའི་འཆར་གཞི་ལྟར་གལ་ཏེ་ད་དུང་ལོ་ལྔ་བཅུ་བསྡད་དགོས་བྱུང་ན་ཤེས་ཡོན་ལས་ལྷག་གལ་ཆེ་ཞིག་མེད་པ་ངས་དེ་ལྟར་མཐོང་གི་ཡོད། དེ་འདྲ་ཡིན་དུས་ཤེས་ཡོན་སློབ་གསོའི་ནང་གཞི་རིམ་གྱི་ཤེས་ཡོན་དང་། ད་ལྟའི་ཆར་མཐོ་རིམ་སློབ་ཡོན་སྡེ་ཚན་ཞེས་ལྔ་ཙམ་བྱུང་ཡོད་པ་ནི་སྤོབས་པ་སྐྱེད་འོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ་དངོས་གནས་ཤེས་ཡོན་སྤྱིའི་ཐོག་ལ་གང་ཙམ་ཞིག་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཞིག་གསལ་པོ་མཐོང་གི་འདུག གཞི་རིམ་དང་མཐོ་སློབ་གཉིས་ནི་མི་བཟོ་མཁན་གྱི་བཟོ་གྲྭ་ལྟ་བུ་མིའི་སྤུས་ཚད་འདོན་གྱི་ཡོད། དེ་འདྲ་ཡིན་དུས་གཞི་རིམ་ནང་སྤུས་ཚད་ཡག་པོ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ཤེས་དགོས། སྔོན་མ་ནས་ཤེས་རིག་ལས་ཁུངས་ནས་དེའི་ཐོག་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད་ཀྱང་གཞི་རིམ་སྤུས་དག་ཅིག་མེད་དུས་མཐོ་རིམ་རང་བཞིན་གྱི་སྤུས་ཀ་སྐྱོ་བོ་རྐྱེན་པས་སྤྱི་ཚོགས་ནང་ལས་པའི་སྐབས་ཧྲ་ཏག་ཏག་ཅིག་ཡོང་གི་མི་འདུག
དེ་སྔ་རྒྱ་གར་མཐོ་སློབ་ནང་བོད་པའི་སློབ་ཕྲུག་ཆེད་དུ་དམིགས་ནས་ས་མིག་ཡོད་ནའང་དེང་གི་ཆར་མཐོ་སློབ་དེ་དག་གི་ནང་བོད་པའི་སློབ་ཕྲུག་ལེན་རྒྱུ་མིན་པའི་སྐོར་ཡང་གོ་ཐོས་བྱུང་། འདི་ནི་བོད་པའི་སློབ་ཕྲུག་ཤེས་ཡོན་གཅིག་པུ་མིན་པར་བཟང་སྤྱོད་ཐོག་ལའང་མ་འགྲིག་པའི་རྣམ་པ་གསལ་པོ་ཞིག་མཚོན་གྱི་ཡོད། དེ་འདྲའི་སློབ་ཕྲུག་རྣམས་ལ་དམིགས་བསལ་གྱི་ཐུགས་འཁུར་ཆེན་པོ་བཞེས་ནས་དཀའ་ངལ་སེལ་ཐབས་གནང་དགོས་རྒྱུ་གལ་ཆེན་པོ་རེད། དེ་ཡང་ཉེ་ཆར་སྦེང་ལོར་ཁུལ་གྱི་མཐོ་སློབ་ཁག་ནང་བོད་པའི་སློབ་ཕྲུག་སློབ་ཡོན་གྱོང་ཆེན་པོ་རག་པའི་རྙོག་དྲའི་གནས་ཚུལ་ཞུ་གཏུག་ཐད་ང་ཚོས་འབྲེལ་བ་བྱེད་མུས་རེད། གང་ལྟར་དངུལ་སྤྲོད་དགོས་བྱུང་ནའང་ཡིན་ལུགས་ཚུལ་ལྡན་ཐོག་ནས་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང།
སྤྱིར་ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་ཚོགས་འདུ་སྐབས། མཐོ་སློབ་ཁག་གི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་སྔར་ལྷག་ཚགས་ཚུད་གཏོང་ཕྱོགས་ཇི་དགེའི་སྐོར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཞི་རིམ་དང་མཐོ་སློབ་ཁག་གི་ནང་སློབ་སྤེལ་གནང་ཕྱོགས་ཇི་དགེའི་སྐོར། མཐོ་སློབ་ཕན་ཚུན་ཤེས་ཡོན་བརྗེ་རེས་སོགས་ཉམས་མྱོང་སྤེལ་རེ་གནང་ཕྱོགས་ཇི་དགེའི་སྐོར། ཁྱད་ལས་པ་གསོ་སྐྱོང་གནང་ཕྱོགས་ཇི་དགེའི་སྐོར། རྒྱ་གར་མཐོ་སློབ་ཁག་ལ་སློབ་སྡེ་སོ་སོ་ནས་འབྲེལ་ཡོད་ལས་བྱེད་ཕྱོགས་བསྐྱོད་ཀྱིས་ལམ་སྟོན་གནང་ཕྱོགས་ཇི་དགེའི་སྐོར། མཐོ་སློབ་སློབ་མཇུག་གནང་ཕྱོགས་ཚགས་ཚུད་གཏོང་ཐབས་ཇི་དགེའི་སྐོར། དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་བོད་རིགས་མཐོ་རིམ་སློབ་མ་དང་འབྲེལ་བའི་དགོངས་འཆར་གནང་རྒྱུ། མཐོ་སློབ་འགྲིམ་བཞིན་པའི་སློབ་མ་རྣམས་ལ་ཕུགས་འཕེར་དམིགས་ཡུལ་འདེམས་ཕྱོགས་ལམ་སྟོན་གནང་ཕྱོགས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
གཞི་རིམ་བར་མའི་ཚན་རིག་སློབ་དེབ་ཀྱི་ནང་དོན་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཕྱི་ལོ་ ༢༠༡༨-༢༠༡༩ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་གཏན་འབེབས་བྱུང་བའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།
Menu