སེང་གེས་གླང་ཆེན་ཁུར་བ།
བླུན་པོ་ཐབས་ལ་མི་མཁས་པས། །ཆུང་ངུ་རྣམས་ཀྱིའང་བྲན་དུ་འགྱུར། །
ཝ་ཡིས་ཁུར་པོ་བསྐུར་བ་ཡིས། །སེང་གེ་རྒྱགས་པའི་སྤྱོད་ཚུལ་ལྟོས། །
སྔོན་ཝ་ཞིག་སེང་གེའི་རྗེས་སུ་བསྙེགས་ཏེ། སེང་གེས་རི་དྭགས་བསད་པའི་ཤའི་ལྷག་མ་ཡུན་རིང་དུ་ཟོས་པ་ན། ལན་ཅིག་སེང་གེས་གླང་པོ་ཆེ་ཞིག་བསད་ནས་ཝ་སྐྱེས་ལ་འདི་ཁུར་ཅིག གལ་ཏེ་མ་ཁུར་ན་ཕྱིན་ཆད་ཤ་ཟ་བར་མ་རེ་ཞིག་ཅེས་སྨྲས་པས། ཝས་བསམས་པ། གླང་པོ་ཆེའི་རོ་ནི་ངས་མི་ཐེག1 ཤ་ནི་ཟ་དགོས་པར་འདུག་སྙམ་སྟེ་སྨྲས་པ། ཇོ་བོ་ལགས། བདག་གིས་ཁུར་མོད་ཀྱི་བྱ་བ་གཉིས་མི་འགྲུབ་པས་གཅིག་ཇོ་བོས་མཛད་པར་ཞུ་ཟེར་བས། སེང་གེ་ན་རེ། བྱ་བ་གཉིས་གང་ཡིན་བྱས་པས། ཝས་འཇིག་རྟེན་གྱི་ལུགས་སྲོལ་ལ་སེམས་ཅན་ཆེན་པོ་ཁུར་ནས་འགྲོ་བའི་ཚེ། དེའི་རྟིང་2ལ་འཁུན་པ་ཞིག་དགོས་པས་ན། གླང་པོ་ཆེ་ཁུར་བ་དང་འཁུན་པའོ། །དེར་སེང་གེས་བསམས་པ། ང་ནི་རི་དྭགས་ཀྱི་རྒྱལ་པོ་ཡིན་པས། སེམས་ཅན་ཐ་ཆད་འདི་ལྟ་བུའི་རྗེས་ལ་ཅི་སྟེ་འཁུན་སྙམ་ནས། གླང་པོ་ཆེ་རང་གི་ཁུར་ཏེ་སོང་བའི་རྟིང་ལ། ཝ་སྐྱེས་དགའ་ཞིང་དགོད་བྲོ་བའི་དབྱངས་འཁུན་སྒྲ་3ལྟར་བྱས་ཏེ་སོང་བའོ། །
མཆན་འགྲེལ།
- མི་ཐེག་ནི། འདེགས་མི་ནུས་པའི་དོན།
- རྟིང་ནི། མཇུག་གམ་རྗེས་ལ་འཇུག
- འཁུན་སྒྲ་ནི། ན་ཟུག་སོགས་ལངས་པའི་སྐབས་སུ་འབྱིན་པའི་སྒྲ་ཞིག
སྤྲེའུ་དང་མི་ཁྲེལ་མེད།
བླུན་པོ་དྲིན་དུ་མི་གཟོ་བས། །ཕན་བཏགས་ལན་དུ་གནོད་པ་བྱེད། །
སྤྲེའུས་གཡང་ལས་བསྒྲལ་པ་ཡི། །མི་ངན་གྱི་ནི་སྤྱོད་ཚུལ་ལྟོས། །
སྔོན་བྱང་ཆུབ་སེམས་དཔའ་གངས་རི་དང་ཉེ་བའི་ནགས་ཚལ་མཐིལ་སྡིངས་1དང༌། ཤང་ཤོང་2གཅོང་རོང་ཟབ་མོ་3སོགས་སྣ་ཚོགས་པའི་དགོན་པའི་གནས་ཤིག་ན་བསམ་བཞིན་དུ་སྤྲེའུ་ཆེན་པོ་ཞིག་ཏུ་སྐྱེས་པར་གྱུར་ཏོ། །དེ་ནི་སྙིང་རྗེའི་རང་བཞིན་ཅན། ཤིང་ལོ་དང་འབྲས་བུ་ཙམ་གྱིས་འཚོ་ཞིང༌། སྲོག་ཆགས་ལ་ནམ་ཡང་འཚེ་བར་མི་བྱེད་དོ། །
དེའི་ཚེ་མི་ཞིག་བ་སྟོར་ནས། འཚོལ་ཞིང་སོང་བ་མགོ་འཁོར་ཏེ་འཁྱམས་ནས་ཕྱོགས་དེར་སོང་ངོ༌། །དེར་ལུས་ངལ་ཞིང་བཀྲེས་སྐོམ་གྱིས་ཉམ་ཐག་པས། ཤིང་ཏིན་ཏུ་ཀའི་4འབྲས་བུ་སྨིན་པ་ཞིག་རྙེད་དེ་ཟོས་པས་རབ་ཏུ་ཞིམ་པར་གྱུར་ནས། དེ་ལྟ་བུ་བཙལ་བའི་ཕྱིར་ཕྱོགས་ཀུན་ཏུ་བལྟས་པས། གཡང་ས་ཟབ་མོ་ཞིག་གི་ཁ་ན་ཤིང་དེ་ཡོད་པ་མཐོང་ངོ༌། །དེ་ནས་འབྲས་བུ་ཟ་འདོད་དེ། ཤིང་དེའི་ཡལ་ག་གཡང་ས་ཕྱོགས་སུ་དུད་པ་ཞིག་གི་ཁར་འཛེགས་པས། ཡལ་ག་དེ་སྟ་རེས་བཅད་པ་བཞིན་དུ་ཆག་ནས། ཡལ་ག་དེ་དང་བཅས་གཅོང་རིང་ཟབ་མོ་ཁོར་ཡུག་ཐམས་ཅད་བྲག་གིས་བསྐོར་བའི་ཁྲོན་པ་འདྲ་བ་ཞིག་ཏུ་ལྷུང་བར་གྱུར་ཏོ། །ཤིང་ལོ་སྟུག་པོ་དང༌། གཡང་ས་དེའི་ནང་དུ། ཆུ་ཟབ་མོ་ཞིག་ཀྱང་ཡོད་པས། ལུས་བསྣད་པ་དང་ཡན་ལག་ཆག་གྲུམ་སོགས་མ་བྱུང་ངོ༌། །དེ་ནས་བལྟས་པས། ཕྱོགས་གང་ནས་ཀྱང་ཐར་བའི་ལམ་མེད་པར་མཐོང་ནས། གསོན་པའི་རེ་ཐག་ཆད་དེ། མྱ་ངན་གྱིས་མིག་མཆི་མས་གང་བཞིན་སྨྲེ་སྔགས་འདོན་ཅིང་རེ་ཞིག་གནས་པ་ན། སྤྲེའུ་བདག་ཉིད་ཆེན་པོ་5དེ་ཟས་འཚོལ་ཞིང་ཕྱོགས་དེར་འོངས་ནས། གད་པའི་ཁ་ནས་མར་བལྟས་པས། ཉམ་ཐག་པའི་མི་དེ་མཐོང་ནས་སྙིང་རྗེ་སྐྱེས་ཏེ་མིའི་སྐད་དུ་སྨྲས་པ།
མི་ཡིས་ཐར་བ་མ་ཡིན་པའི། །གཡང་ས་དེ་ན་འདུག་པ་ཁྱོད། །
ཅི་ཕྱིར་འདིར་འོངས་སུ་ཞིག་ཡིན། །དེ་ནི་ལེགས་པར་སྨྲ་བར་རིགས། །
མི་དེས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ།
ལྷ་དཔལ་བདག་ནི་མི་ཞིག་ལགས། །འཁྱམས་ནས་ནགས་ན་རྒྱུ་བ་ལས། །
ཤིང་འདིའི་འབྲས་བུ་འཚོལ་འཚོལ་ནས། །འདི་ལྟ་བུ་ཡི་ཉམ་ཉེས་བྱུང༌། །
དེ་བས་གཉེན་བཤེས་དང་ཡང་བྲལ། །ཉམ་ཉེས་ཆེན་པོ་བྱུང་བ་ལ། །
སྤྲེའུ་ཚོགས་མང་པོའི་མགོན་པོ་ཁྱོད། །བདག་གི་སྐྱབས་ཀྱང་མཛད་དུ་གསོལ། །
ཞེས་ཟེར་བ་ཐོས་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཁྱོད་མྱ་ངན་དང་འཇིགས་པར་མ་བྱེད་ཅིག ཁྱོད་ལ་གཉེན་གྱི་བྱ་བ་གང་ཡིན་ཐམས་ཅད་ངས་བྱའོ། །ཞེས་དབུགས་ཕྱུང་6ནས། རྡོ་མིའི་ལྕིད་ཚད་ཅིག་ལ་གོམས་པར་བྱས་ཏེ། མཐུ་སྟོབས་སད་པས། མི་དེ་དབྱུང་ནུས་པར་མཐོང་ནས། གཡང་དེའི་ནང་དུ་བབ་སྟེ་མི་དེ་རྒྱབ་ཏུ་ཁུར་བས། རབ་ཏུ་ལྕི་བས་ནོན་ཏེ་ཤིན་ཏུ་དཀའ་སེ་བ་ལ་སྙིང་སྟོབས་ཆེན་པོ་དང༌། བཟོད་བསྲན་བསྐྱེད་དེ། སྡུག་བསྔལ་ཆེན་པོས་སྟེང་དུ་ཐོན་ནོ། །དེར་ཤིན་ཏུ་ངལ་ཞིང་ཆད་ནས། མི་དེ་ལ་ནགས་ཚལ་འདིར་འཇིགས་པ་མང་ཕྱིར། ཁྱེད་ཀྱིས་བདག་ཅག་གཉིས་ཅུང་ཟད་སྲུངས་ཤིག་ཅེས་བསྒོ་བས། མི་དེས་ཁྱོད་ནི་བདེ་བར་ཉོལ་ཞིག་བདག་གིས་བསྲུང་བར་བྱའོ། །ཞེས་ཟེར་བས་རྡོ་ལེབ་གཅིག་གི་སྟེང་དུ་ཉལ་ལོ། །
དེ་ནས་ངོ་ཚ་དང་ཁྲེལ་ཡོད་རྒྱང་རིང་དུ་སྤངས་པའི་མི་ངན་དེས་དྲིན་གང་ཡང་བསམ་རྒྱུ་མེད་པར། འདི་བསད་ནས་ཤ་ཟོས་ན་བདག་གི་ལུས་བརྟས་7ཤིང༌། དགོན་པའི་གནས་འདི་ལས་ཐར་བ་མི་དཀའོ་སྙམ་ནས། རྡོ་ཆེན་པོ་ཞིག་བཏེག་སྟེ་སྤྲེའུ་བདག་ཉིད་ཆེན་པོ་དེའི་མགོ་བོའི་སྟེང་དུ་འཕངས་པ་ཐད་ཀར་མ་ཕོག་པར་ཟུར་ཞིག་ཕོག་སྟེ་མགོ་ལ་རྨ་བྱུང་བ་དང༌། དངངས་ཤིང་རྟབ་རྟབ་པོར་མྱུར་བར་ལངས་ཏེ་བལྟས་པས། མི་ངན་དེ་སྐྱེངས་བཞིན་དུ་མགོ་སྨད་དེ་འདུག་པ་མཐོང་ནས། མི་དེས་དེ་ལྟར་བྱས་པར་ངེས་ནས་ཡི་ཆད་ཅིང༌། ལྷག་པར་སྙིང་རྗེ་བའི་སེམས་སྐྱེས་ནས་མིག་མཆི་མས་གང་བཞིན་དུ་སྨྲས་པ།
བཞིན་བཟང་ཁྱོད་ནི་མིར་གྱུར་ཕྱིར། །རིགས་དང་མི་རིགས་འབྱེད་པས་ན། །
བདག་ལ་གནོད་པ་གཞན་བྱུང་ནའང༌། །ཁྱོད་ཀྱིས་བཟློག་པར་རིགས་པ་ལ། །
མི་བཟང་ངན་འགྲོར་ལྷུང་བྱེད་པའི། །སྤྱོད་ངན་འདི་འདྲ་ཅི་ཕྱིར་བྱས། །
བདག་གིས་གྲོང་འདབས་བསྐྱལ་བར་བྱ། །ཕྱིན་ཆད་སྡིག་ལས་སྤང་བར་གྱིས། །
ཞེས་སྙིང་བརྩེ་བས་གདམས་ནས། མི་ངན་དེ་གྲོང་འདབས་སུ་བསྐྱལ་ནས། སླར་ནགས་ཀྱི་ནང་དུ་སོང་ངོ༌། །དེ་ནས་མི་དེ་མཐོང་ཆོས་ལ་དེ་མ་ཐག་མཛེ་ནད་དྲག་པོས་ཐེབས་ཏེ། ལུས་མི་སྡུུག་ཅིང་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ནས། མི་མཐོང་ཚད་ཀྱིས། འདི་ནི་སྡིག་པ་མངོན་སུམ་མོ་སྙམ་ནས། རྡོ་འཕེན་ཞིང་དབྱུག་པས་སྐྲོད་པར་བྱས་ཏེ། མི་མེད་དགོན་པར་ཡི་དྭགས་བཞིན་དུ་འཁྱམས་སོ། །
མཆན་འགྲེལ།
- མཐིལ་སྡིངས་ནི། དམའ་ས་དང་སྒང་ཤོང་ལ་འཇུག
- ཤང་ཤོང་ནི། ས་འབར་འབུར་གྱི་མིང༌།
- གཅོང་རོང་ཟབ་མོ་ནི། གཡང་ས་དང་གྲོག་རོང་གི་མིང༌།
- ཤིང་ཏིན་ཏུ་ཀ་ནི། རྒྱ་གར་དུ་ཡོད་པའི་སྟར་ཁ་ནག་པོའི་མིང་ཡིན་པར་གྲགས།
- དབྱུགས་ཕྱུང་ནི། སྡུག་བསྔལ་ལས་གྲོལ་བར་བྱེད་པ།
- བདག་ཉིད་ཆེན་པོ་ནི། བདག་པོ་ཆེན་པོ་སྟེ། དཔེར་ན་མཁྱེན་པའི་བདག་ཉིད་ལྟ་བུ།
- ལུས་བརྟས་པ་ནི། ལུས་སྟོབས་རྒྱས་པའི་དོན།
ཚོང་དཔོན་སིང་ག་ལ།
མཁས་པ་བཟང་པོའི་ལས་བྱེད་པས། །ལས་འབྲས་བཟང་པོ་འཕྲལ་དུ་མྱོང། །
སིང་ག་ལ་ཞེས་བྱ་བ་ཡིས། །འཕྲལ་དུ་རྒྱལ་སྲིད་ཐོབ་ལ་ལྟོས། །
སྔོན་ཕོ་བྲང་སེང་གེ་ལྟ་བུ་ན་རྒྱལ་པོ་སེང་གེ་རལ་པ་ཅན་རྒྱལ་སྲིད་བྱེད་པ་ན། དེད་དཔོན་སེང་གེ་ཞེས་བྱ་བ་ལ་བུ་ཞིག་བཙས་ནས་མིང་སིང་ག་ལ་ཞེས་བཏགས་སོ། །དེ་ཆེར་སྐྱེས་ནས་འཁོར་ལྔ་བརྒྱ་དང་ལྷན་ཅིག་རྒྱ་མཚོར་ནོར་བུ་ལེན་དུ་སོང་ངོ༌། །དེར་ཆུ་སྲིན་ཉའི་རིགས་ཅན་གྱི་གྲུ་བཅག་ནས་ཁ་ཅིག་སྤང་ལེབ་དང༌། འགའ་སྔས་ཤིང་བལ་ཅན་དང༌། ཀུ་བའི་གཟིངས་1དང༌། ར་རྐྱལ་2ལ་ཞོན་པ་དང་ལས་དབང་གིས་རླུང་ལངས་ཏེ་ལྷོ་ཕྱོགས་ཀྱི་འགྲམ་དུ་བདས་ནས། ཟངས་གླིང་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་འཁོད་ནས། ཚོང་པ་གྲུ་ཆག་པ་རྣམས་སླུ་བར་བྱེད་པ་དེར་ཕྱིན་ཏོ། །སྲིན་མོ་དག་གཟུགས་བཟང་མོར་སྤྲུལ་ཏེ་རྒྱན་གྱིས་བརྒྱན་ནས། ཇོ་བོ་དག ཟས་ནོར་འདི་དག་བཞེས་ལ་བདག་ཅག་གི་ཁྱིམ་ཐབ་མཛོད་ཅིག་ཟེར་ནས། ལྷན་ཅིག་དགའ་མགུར་སྤྱད་དེ། བུ་དང་བུ་མོ་དག་བྱུང་སྟེ་གནས་པ་ན། ཁྱེད་ཅག་ལས་སུ་ཡང་ལྷོ་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའོ། །དེད་དཔོན་སིང་ག་ལས། འདི་དག་ལྷོ་ལམ་ཅིའི་ཕྱིར་སྲུང་སྙམ་ནས། བུད་མེད་རྣམས་གཉིད་ལོག་པ་དང༌། རལ་གྲི་མཆན་དུ་བཅུག་ནས་ལྷོ་ལམ་དུ་སོང་བ་ན། དེ་ན་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་མཐོང་ནས་ཁོར་ཡུག་ཏུ་ཉུལ་བས་བྱི་ལ་3འཛུལ་བ་ཙམ་གྱི་སྒོའང་མ་རྙེད་དེ། དེའི་བྱང་ངོས་ནས་ཤིང་ཤི་རི་ཤ་4འཕང་མཐོ་བ་དག་ཡོད་པ་ལ་འཛེགས་ཏེ་བལྟས་པ་ན། དེའི་ནང་ན་སྐྱེ་བོའི་ཚོགས་སྨྲེ་སྔགས་འདོན་པ་མཐོང་ནས་དྲིས་པས། བདག་ཅག་གྲུ་ཆག་པའི་ཚོང་པ་སྟེ། བུད་མེད་དེ་དག་ནི་སྲིན་མོ་ཡིན་པས། བདག་ཅག་བྲིད་ནས་ཚོང་པ་གཞན་དག་འོངས་པ་དང་ཟོས་པའི་ལྷག་མ་ཁོ་བོ་ཅག་ཡིན་ཟེར། དེད་དཔོན་གྱིས། བྲོས་པའི་ཐབས་མེད་དམ་ཟེར་བར། བདག་ཅག་བྲོས་པའི་ཐབས་མེད་དོ། །ཁྱེད་རྣམས་ཚེས་བཅོ་ལྔ་ལ་བྱང་ལམ་དུ་སོང་དང༌། དེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་བྱ་བ་ཡོད། དེ་ལ་འཇུས་ན་ཐར་བར་འགྱུར་རོ་ཞེས་ལྷ་དག་གིས་སྨྲས་པ་ཐོས་སོ་ཟེར།
དེད་དཔོན་གྱིས་ནང་བར་སྐྱེད་ཚལ་དབེན་པ་ཞིག་ཏུ། ཚོང་པ་རྣམས་བསྡུས་ནས་དོན་དེ་སྨྲས་པས། ཐམས་ཅད་འཇིགས་ཤིང་སྐྲག་སྟེ། ཚེས་བཅོ་ལྔ་ལ་བྱང་ལམ་དུ་ཕྱིན་པས། རྟའི་རྒྱལ་པོས་སྨྲས་པ། ཁྱེད་ཅག་ལས་གང་བདག་གི་ཆུང་མའམ་བུའམ་བུ་མོའི་སྙམ་དུ་སེམས་པ་ངའི་རྒྱབ་ཏུ་བཞོན་ཀྱང་ཤིང་ཐོག་སྨིན་པ་བྲུལ་བ་ལྟར་ལྷུང་བར་འགྱུར་རོ། །དེ་ལྟར་མི་སེམས་པ་དག་ངའི་སྤུ་ཙམ་ལ་འཇུས་ཀྱང་འཛམ་བུའི་གླིང་དུ་བདེ་བར་ཕྱིན་པར་འགྱུར་རོ་ཟེར། དེར་ཚོང་དཔོན་རྣམས་བཞོན། ལ་ལ་སྤུ་དག་ལ་འཇུས་ནས་ནམ་མཁའ་ལ་འཕགས་ཏེ་སོང་བ་དང༌། སྲིན་མོ་རྣམས་སྔར་ལས་ཆེས་གཟུགས་བཟང་བར་སྤྲུལ་ནས། བུ་དང་བུ་མོ་དག་ཐོགས་ཏེ་འོངས་ནས། བདག་ཅག་གི་ཁྱིམ་ཐབ་མཛོད་ཅིག གལ་ཏེ་མི་བྱེད་ན་བུ་དང་བུ་མོ་དག་སྣོམས་ཤིག་ཟེར་དུ་འོངས་པ་ན། བདག་གི་ཆུང་མ་ལ་སོགས་པའོ་སྙམ་དུ་ཆགས་ཤིང་སེམས་པ་རྣམས་ལྷུང་སྟེ་བུད་མེད་དེ་དག་གིས་ཟོས་སོ། །དེད་དཔོན་སིང་ག་ལ་འབའ་ཞིག་ཐར་རོ། །
དེ་ནས་སིང་ག་ལའི་ཆུང་མ་སྲིན་མོ་དེས་བུ་ཐོགས་ཏེ་སིང་ག་ལའི་སྒོ་དྲུང་དུ་འོངས་ནས། བདག་ཟངས་གླིང་གི་རྒྱལ་པོའི་བུ་མོ་སིང་ག་ལའི་ཆུང་མར་བྱིན་པས་རྒྱ་མཚོར་གྲུ་ཆག་ནས། བདག་བཀྲ་མི་ཤིས་སོ་ཞེས་བོར་བས་བཟོད་པར་གསོལ་དུ་རིགས་སོ་ཟེར་བས། སྐྱེ་བོའི་ཚོགས་དང༌། ཕ་མས་ཀྱང་བུ་བཟོད་པར་གྱིས་ཤིག་ཟེར་བ་ན། འདི་སྲིན་མོ་ལགས་སོ་ཞེས་བསྐྲད་དོ། །
དེ་ནས་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་གམ་དུ་བློན་པོ་རྣམས་ཀྱིས་འཁྲིད་དེ་འོངས་ནས། རྒྱལ་པོས་ཆགས་ནས་བཙུན་མོར་བླངས་སོ། །དུས་གཅིག་ན་རྒྱལ་པོ་བཙུན་མོ་དང་བཅས་པ་གཉིད་ལོག་པ་ན། སྲིན་མོ་རྣམས་ཁྲིད་དེ་འོངས་ནས། རྒྱལ་པོ་འཁོར་བཅས་ཟོས་སོ། །ནམ་ལངས་པ་དང་ཕོ་བྲང་གི་སྒོ་མ་ཕྱེ་བས། སིང་ག་ལས་རལ་གྲི་ཐོགས་ཏེ། སྐས་འཛེགས་ནས་བལྟས་པས། སྲིན་མོ་དག་མིའི་རྐང་ལག་དང་མགོ་དག་ཁྱེར་ཏེ་བྲོས་སོ། །
དེ་ནས་མི་ཐམས་ཅད་ཚོགས་ཏེ། རྒྱལ་པོ་མེད་པས་དེད་དཔོན་སིང་ག་ལ་རྒྱལ་པོར་དབང་བསྐུར་བས། རྒྱལ་པོ་སིང་ག་ལས་རིག་སྔགས་མཁན་དང་དམག་དྲངས་ཏེ། ཟངས་གླིང་གི་སྲིན་པོ་རྣམས་བསད། འགའ་ཞིག་ཡུལ་གཞན་དུ་བྲོས་སོ། །སིང་ག་ལས་དེར་གྲོང་ཁྱེར་བརྩིགས་པས་སིང་ག་ལའི་གླིང་ཞེས་གྲགས་སོ། །
མཆན་འགྲེལ།
- ཀུ་བའི་གཟིངས་ནི། ཀྭ་ཀྭ་ཟེར་པའི་འབྲས་ནུས་བཟོས་པའི་གྲུ་གཟིངས་ཀྱི་མིང༌།
- ར་རྐྱལ་ནི། ར་ལྤགས་ལས་བཟོས་པའི་རྐྱལ་སྣོད་ཅིག
- བྱི་ལ་ནི། ཙི་གུའི་གཉེན་པོ་སྲོག་ཆགས་ཞི་མིའམ་ཞུམ་བུའི་མིང༌།
- ཤིང་ཤི་རི་ཤ་ནི། རྒྱ་གར་གྱི་ཤིང་གི་བྱེ་བྲག་ཅིག
སྤྲེའུ་དང་གྲོགས་པོ་ཀ་ལན་ཏ་ཀ
ངན་པ་རྣམས་ལ་གྲོས་བཏབ་ན། །ལེགས་པར་སྨྲས་ཀྱང་ཉེས་པར་འགྲོ། །
སྤྲེའུས་ཀ་ལན་ཏ་ཀ་ཡི། །ཚང་བཤིག་པ་ཡི་ཚུལ་ལ་ལྟོས། །
སྤྲེའུ་དང་བྱ་ཀ་ལན་ཏ་ཀ་1གཉིས་གྲོགས་པོ་བྱས་ཏེ། ཤིང་སྡོང་གཅིག་གི་སྐེད་པ་ན། ཀ་ལན་ཏ་ཀའི་ཚང་བྱས། རྩེ་མོ་ན་སྤྲེའུ་དེ་འདུག་པ་ལས། དབྱར་གྱི་དུས་སུ་ཆར་བྱུང་ནས། རྩེ་མོ་ན་སྤྲེའུ་དེ་འདུག་པ་ལས། དབྱར་གྱི་དུས་སུ་ཆར་བྱུང་ནས། སྤྲེའུ་གཤེར་ཏེ་ལུས་སྤྲུགས་ཙ་ན། བྱ་ལན་ཏ་ཀ་ཚང་ན་གནས་པ་ཡང་དཀྲོགས་ཏེ་སྐྱིད་པོ་མ་བྱུང་བས། ཀ་ལན་ཏ་ཀས་སྤྲེའུ་དེ་ལ་གྲོས་བཏབ་པ། གྲོགས་པོ་ཁྱེད་རང་ལག་པ་ནི་བཟོ། ཡང་རྩལ་ནི་ཆེ། རིག་པ་ནི་གྲུང༌། འདི་རུ་མ་སྡོད་པར་སྐྱིད་པོ་ང་ཡི་ཚང་འདི་ལྟ་བུ་ཞིག ཤིང་སྡོང་གཞན་ཞིག་ཏུ་བགྱིས་ལ་སྡོད། ཁྱོད་རང་ཡང་སྐྱིད་ལ། ང་ལ་ཡང་མི་སྡང་བས་སྐྱིད་པར་འདུག་བྱས་པས། སྤྲེའུ་དེའི་བསམ་པར། ཀ་ལན་ཏ་ཀས་ཚང་ངོམས་པར་གོ་ནས་སྤྲེའུ་ཁྲོས་ཏེ། ངན་པ་ཁྱེད་ལྟ་བུ་བདག་ལ་མི་རིགས་པ་ལབ་སྟེ། དེ་ལྟར་གཏོང་ན་ཁྱེད་ཀྱི་ཚང་སྐྱིད་པོ་དེ་འདི་ཁྱེར་ཅིག་ཟེར་ནས་ཚང་བཤིག་སྟེ་གཏོར་རོ། །
མཆན་འགྲེལ།
- ཀ་ལན་ཏ་ཀ་ནི། བྱ་མཆིལ་བ་སྟེ་ཡུལ་སྐད་དུ་ཁང་བྱིའུ་ཟེར།
ནེ་ཙོའི་རྫུན་ཚིག
དགོས་པ་མེད་པའི་རྫུན་ཚིག་ནི། །ནམ་ཡང་བརྗོད་པར་མི་བྱའོ། །
བདག་ལ་མི་ཕན་པར་གཞན་གནོད་པ། །དཔེར་ན་ནེ་ཙོའི་རྫུན་ཚིག་བཞིན། །
སྔོན་གྱི་དུས་སུ་རྒྱལ་པོ་བུ་རམ་ཤིང་པ་1ནགས་ཁྲོད་དུ་བྱ་གཤོར་དུ་ཕྱིན་ནས། ནེ་ཙོ་གཏམ་ཤེས་པ་ཞིག་ཟིན་པའི་ཚེ། ནེ་ཙོས་སྨྲས་པ་ཁྱོད་ཀྱིས་བྱ་གཤོར་གྱིན་འདུག་སྟེ། ཤུལ་དུ་བུད་མེད་རྣམས་མ་ལ་ཡའི་རྒྱལ་པོའི་དམག་གིས་བསྐོར་ནས་ཐམས་ཅད་བསད་བྱས་པས། རྒྱལ་པོ་ཚིག་པ་ཟོས་ནས་ཐོག་མར་ནེ་ཙོ་བསད།
དེ་ནས་སྔ་སོར་རང་ཡུལ་དུ་མ་ཕྱིན་པར། མ་ལ་ཡའི་ཡུལ་དུ་སོང་སྟེ། ཁྱེད་ཅག་གིས་ངའི་བུད་མེད་རྣམས་ཅིའི་ཕྱིར་བསད་ཅེས་སྨྲས་པས། དེ་དག་གིས་ཁྱོད་ཀྱི་བུད་མེད་རྣམས་ལ་བདག་ཅག་གིས་གནོད་པ་ཅི་ཡང་མ་བྱས་སོ། །རྒྱལ་པོ་རང་ལྟོས་ཤིག་བྱས་པས། མ་ཉན་པར་མ་ལ་ཡའི་མི་མང་པོ་བསད་ནས་རང་ཡུལ་དུ་ཕྱིན་ཙ་ན། བུད་མེད་རྣམས་ལ་གནོད་འཚེའི་རིགས་མ་བྱུང་འདུག་པས། ད་གཟོད་ནེ་ཙོའི་རྫུན་ཚིག་ཏུ་རིག་ནས་རྒྱལ་པོ་དེ་འགྱོད་པ་ཆེན་པོ་སྐྱེས་སོ། །
མཆན་འགྲེལ།
- བུ་རམ་ཤིང་པ་ནི། སྔར་རྒྱ་གར་གྱི་རྒྱལ་རིགས་ཤིག་གི་མིང།