ཟླ་རེའི་གསར་འགྱུར།

གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་ལྔ་པ།

རུས་སྦལ་དང་སྤྲེའུ།

མཛའ་བཤེས་ངན་པའི་ཚིག་མི་མཉན1། །མཛའ་བཤེས་ངན་པའི་ཚིག་ཉན་པ། །
འདོད་དོན་མེད་པར་བསླུས་པར་འགྱུར། །དཔེར་ན་རུས་སྦལ་སྤྲེའུ་བཞིན། །

སྔོན་གྱི་དུས་སུ་རུས་སྦལ་ཞིག་དང་སྤྲེའུ་ཞིག་གྲོགས་པོ་བྱས་ཏེ། རུས་སྦལ་སྐམ་ས་ལ་ཐོན་ཅིང་སྤྲེའུས་ཤིང་ཐོག་མང་པོ་བྱིན་ནས། གཏམ་མང་པོ་བྱེད་ཅིང་བསྡད་པའི་ཚེ། སྤྲེའུ་རྟོག་པ་2ལ། རུས་སྦལ་འདི་མཚན་མོ་མི་འོངས་པའི་ལུགས་འདི་ལ་བསམས་ན། ཁོ་ལ་གཞན་ན་ཆུང་མ་ཞིག་ཡོད་འདུག་སྙམ་སྐབས། རུས་སྦལ་གྱི་ཡུལ་ན་རུས་སྦལ་མོ་ཞིག་ཡོད་པས། ནད་རྫུ་བཏབ་སྟེ་འཁུན་གྱིན་བསྡད་ཚེ། རུས་སྦལ་བྱུང་སྟེ། ཁྱོད་ལ་ཅི་བྱུང་བ་ཡིན་ཟེར་བ་ལ། ང་ན་བ་ཡིན་བྱས་པས། ཁོས་ཐབས་ཅིས་ཕན་ཟེར་བས། ནད་འདི་ལ་སྤྲེའུའི་སྙིང་གིས་ཕན་བྱས་པས། ཁོའི་བསམ་པ་ལ་དེ་བདེན་སྙམ་ནས། འོ་ན་ངས་བཙལ་འོངས་གིས་ཟེར་ནས་གྲོགས་པོ་སྤྲེའུའི་ཐད་དུ་ཕྱིན་ཏེ། རུས་སྦལ་གྱིས་སྨྲས་པ། ཁྱོད་ཀྱིས་ང་ལ་བཟའ་བཏུང་མང་པོ་བྱིན་པ་ཡིན་པས། ད་ནི་ངས་ཁྱོད་ལ་ཟས་ལན་ཅིག་འཇལ་དགོས་འདུག་པས། བདག་གི་ཁང་པ་རྒྱ་མཚོའི་གཏིང་ན་ཡོད་པ་དེར་ཅིས་ཀྱང་གཤེགས་དགོས་བྱས་པས། སྤྲེའུ་ང་དེར་མི་འགྲོ་ཟེར། རུས་སྦལ་ན་རེ།
གྲོགས་པོ་གྲོགས་བརྒྱ་བཙལ་ནས་ཀྱང༌། །རྒྱ་མཚོའི་དཀྱིལ་འཁོར་མ་མཐོང་ན། །
གྲོགས་པོ་བྱས་ཀྱང་ཁ་ཙམ་ཡིན། ད་ལན་ཅིས་ཀྱང་འགྲོ་བར་གྱིས། །
ཟེར་ནས་ནན་ཆེར་བྱས་པས། སྤྲེའུས་རུས་སྦལ་གྱི་ངོ་མ་ལྡོག་པར་མིག་བཙུམ་ནས་རུས་སྦལ་གྱི་སྒལ་པ་ལ་ཞོན་ཏེ་རྒྱ་མཚོའི་གཏིང་ལ་ཕྱིན་ཏོ། །དེ་ནས་རུས་སྦལ་གྱི་ཁང་པར་སླེབས་པ་དང༌། རུས་སྦལ་ན་རེ། ངའི་ཆུང་མ་འདི་ནད་དྲག་པོས་ན་ཡོད་པས། ནད་དེ་ལ་ཕན་པ་ལ་སྤྲེའུའི་སྙིང་དགོས་ཟེར་བས། ཁྱོད་ལ་ཟེར་མི་ཕོད་ཀྱང། གྲོགས་པོའི་སྙིང་འདི་ང་ལ་སྟེར་དགོས་བྱས་པས། སྤྲེའུས་ན་རེ། ཨེ་མ་གྲོགས་པོ།

གཤེར་ལ་གནས་པའི་བློ་ངན་པོ། །ད་ཅི་3སྐམ་ལ་མི་ཟེར་བར། །
བདག་ཅག་སྤྲེའུ་ཐམས་ཅད་ཀྱི། །སྙིང་ནི་ཐང་ཤིང་རྩེ་ན་ཡོད། །
སླར་ལོག་དེ་ལྟར་ལེན་དུ་འདོང༌། །

ཞེས་སྨྲས་པས། རུས་སྦལ་གྱིས་དེ་བདེན་སྙམ་སྟེ་སྤྲེའུ་ཁུར་ནས་ལེན་དུ་ཕྱིན་ཏེ་ཐང་ཤིང་གི་རྩར་སླེབས་པ་དང༌། སྤྲེའུ་ན་རེ། ཁྱོད་ཐང་ཤིང་གི་རྩ་བ་འདིར་ཁ་གདོངས་ལ་སྡོད་ཅིག ངས་ཐང་ཤིང་གི་རྩེ་ནས་སྙིང་བསྐུར་བ་ཡིན་ནོ་ཟེར་ནས་4ཐང་ཤིང་གི་རྩེ་ལ་སོང་སྟེ་སྤྲེའུས་སྨྲས་པ།

གྲོགས་པོ་ངན་པ་བསྟེན་པས་ཕུང༌། །དོན་མེད་རྒྱ་མཚོའི་གཏིང་དུ་ཁྲིད། །
ཤེས་རབ་བློ་དང་མི་ལྡན་ན། །རིན་ཆེན་སྲོག་དང་དོ་བྲལ་བྱུང༌། །
སྤྲེའུ་སྙིང་འདོད་ན་སྤྲེའུ་སྐྱག་ཁྱེར། །

ཟེར་ནས་བྲུན་གཅིག་བསྐྱུར་པས། རུས་སྦལ་གྱི་ཁར་བྲུན་སོང་བས་རུས་སྦལ་གྱི་སྙིང་ན་ནས་སྔར་གྱི་ཁོ་རང་གཉིས་འཚོགས་པའི་བྲག་ཕུག་དེར་བསྒུགས་ནས་བསྡད། དེར་སྤྲེའུས་རུས་སྦལ་ཡོད་མེད་བརྟག་པའི་ཕྱིར་བྲག་ཕུག་རྒན་མོ་ཞེས་བོས་སོ། །དེ་ནས་ནུབ་གཉིས་པ་དང་གསུམ་པ་ལ་ཡང་དེ་བཞིན་དུ་བྲག་ཕུག་རྒན་མོ་ཞེས་བོས་ཀྱང༌། ལན་མ་བྱུང་བ་དང༌། སྤྲེའུ་དེས་སྐད་ལན་མ་བྱུང་ངོ་ཞེས་ནས་ཕྱིར་ལོག་ཡོང༌། ནུབ་བཞི་པ་ལ་ཡང་ཕྱིན་ནས་དེ་བཞིན་དུ་བོས་པས། རུས་སྦལ་གྱི་བསམ་པ་ལ་སྔར་ཡང་བྲག་ཕུག་འདི་ནས་སྐད་ལན་རེ་གཏོང་བ་ཡིན་པ་འདྲ་སྙམ་ནས། ཨ་བྱས་པས། སྤྲེའུ་ན་རེ།

རྟོག་དཔྱོད་སྔོན་ལ་གཏོང་བ་མཁས་པ་ཡིན། །འགྱོད་པ་རྗེས་སུ་བྱེད་པ་བླུན་པོ་ཡིན། །
ཕུག་སྟོང་སྐད་ལན་སྟེར་བ་ལྟས་ངན་ཡིན། །འདི་རུ་བསྡད་ན་མི་བཟང་ཕྱིན་ན་བཟང༌། །
ཟེར་ནས་སྤྲེའུ་ནགས་གསེབ་ཏུ་བདེ་བར་སོང་ངོ༌། །

མཆན་འགྲེལ།

  1. མཉན་པ་ནི། ཉན་གྱི་འདས་པ་དང་མ་འོངས་པ།
  2. རྟོག་པ་ནི། བསམ་པ་དང་རྣམ་རྟོག་སོགས་ལ་འཇུག་ཀྱང༌། སྐབས་འདིར་བསམ་པའི་དོན།
  3. ད་ཅི་ནི། ཉེ་བའི་དུས་ཀྱི་མིང༌།
  4. “ངས་ཐང་ཤིང་གི་རྩེ་ནས་སྙིང་བསྐུར་བ་ཡིན་ནོ་ཟེར་ནས།”ཞེས་པའི་ཚིག་འདི་ནི་སྐྱེ་བོ་གསོ་ཐིགས་ཀྱི་འགྲེལ་པ་བྲིས་མ་ལྟར་བཀོད་པ་ཡིན།

དཀར་ཆག

སྲེག་པས་ཝ་སྐྱེས་བསད་པ།

གནོད་སེམས་ཅན་གྱི་ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་པ། །
བདག་ལ་ཕན་པ་མི་འབྱུང་སྟེ། །ཝ་ནི་སྲེག་པས་ཕུང་བ་བཞིན1། །

སྔོན་ཝ་ཞིག་དང་སྲེག་པ་ཞིག་གྲོགས་པོ་བྱས་ནས་ཡོད་པའི་ཚེ། སྲེག་པ་དེ་ཟས་འཚོལ་དུ་སོང་བའི་ཤུལ་དུ། ཝ་དེས་སྲེག་པ་ལ་ཕྲུ་གུ་བདུན་ཡོད་པའི་གཅིག་ཟོས་སོ། །སྲེག་པས་ཤེས་རུང་མ་ཚོར་བ་ལྟར་བྱས་ནས་བསྡད་པས། ཝ་ཁ་བརྙོགས་2ནས་ཉིན་རེ་བཞིན་སྲེག་པའི་ཕྲུ་གུ་རེ་རེ་ཟོས་ཏེ་ཕྲུ་གུ་རྣམས་ཟད་ཀྱང༌། སྲེག་པས་ཤེས་རུང་མ་ཚོར་བ་ལྟར་བྱས་ནས་བསྡད་པས། སྲེག་པ་དེས་ཝ་ལ་རྒོལ་མ་ནུས་པར་སྙིང་ཤིན་ཏུ་ན་ནས་ཡོད་ཙ་ན། བྲག་ཕུག་ཅིག་ན་མི་ཞིག་གིས་གལ་3ཞིག་བཙུགས་པའི་སྟེང་ན། ཤ་རྒྱ་མ་གང་ཙམ་བཞག་འདུག་པ་སྲེག་པས་མཐོང་བ་དང༌། ད་ནི་བདག་གིས་ཝ་ལ་ངན་ལན་འཇལ་བའི་དུས་ལ་བབས་སོ་སྙམ་སྟེ། མྱུར་བར་ཝའི་ཐད་དུ་ཕྱིན་ནས་སྨྲས་པ། བྲག་ཕུག་ཕ་གི་ན་ཟན་ཞིག་འདུག ཁྱོད་མེད་པར་བདག་གིས་ཟ་མ་ཕོད་པ་ཡིན་ཞེས་ཝ་ཁྲིད་དེ་ཤ་བསྟན་ནས། ཐོག་མར་ཁྱེད་ཀྱིས་གསོལ་དང་བྱས་པས། ཝ་ན་རེ། དེ་ན་གལ་མེད་དམ་བྱས་པས། སྲེག་པ་ན་རེ། གལ་ཡོད་མེད་ངས་བལྟའོ་ཟེར་ནས། སྲེག་པའི་གཤོག་པ་བཏེགས་ཏེ་རྐང་པ་བསྐུམས་ནས་ཤའི་སྟེང་དུ་ཕྱིན་ཏེ་ཁམ་གཅིག་བཏོགས་ནས། ཨ་ཆེ་ཝ་མོ་གལ་མི་འདུག་གོ་ཞེས་སྨྲས་པས། ཝས་ཀྱང་དེ་བཞིན་དུ་འཐེན་པས། གལ་བརྡིབས་ནས་ཝ་མོའི་མགོ་ཆུད་དེ། མཇུག་མ་གཡོབ་གཡོབ་4བྱེད་ཅིང་གྲོགས་པོ་གྲོགས་པོ་ཞེས་འབོད་ཀྱིན་འདུག་པ་ལ། སྲེག་པས་སྨྲས་པ།

བྱམས་ལ་སྙིང་རྗེ་མེད་པ་དང༌། །གྲོགས་ལ་བསྐུར་བའི་ཉེས་པ་ཡིས། །
ཁྲེལ་མེད་སྙིང་མེད་ཝ་མོ་ལ། །ལས་ཀྱི་རྣམ་སྨིན་བྱུང་ནས་འགུག །
སེམས་ལ་བཞག་ན་བྱ་སྲེག་པ། །ངས་ཀྱང་བུ་ཤ་ལོན་པར་གདའ། །
ལེན་པར་མ་ཟད་དབྱུག་པ་ཐོགས་འོང་གིས། །ཞེས་བརྗོད་པས་ཝས་སྨྲས་པ།
ལས་དགེ་སྡིག་ཡོད་ཙམ་ཆ་མཆིས་ཏེ། །རྣམ་སྨིན་འཕྲལ་དུ་འོང་བ་ཆ་མ་མཆིས། །
བདག་ལ་སྔར་དྲིན་ཁྱོད་ཉིད་ཆེ་བ་ལ། །ད་རེས་ང་ནི་ཁྱོད་ཀྱིས་བསླུས་པས་ཕུང༌། །
ཞེས་ཟེར་གྱིན་ཡོད་ཙ་ན། མི་གལ་མཁན་དེ་བྱུང་ནས་དབྱུག་པས་ཝ་དེ་བསད་དོ། །

འགྲེལ་མཆན།

  1. “ཝ་ནི་སྲེག་པས་ཕུང་བ་བཞིན་”ཞེས་པའི་ཚིག་འདི་པར་འགའ་ཞིག་ཏུ་ཝ་ཡིས་སྲེག་པ་ཕུང་བ་བཞིན་ཞེས་ཡོད་པ་ནོར་སྐྱོན་ཡིན་ནམ་སྙམ།
  2. ཁ་བརྙོགས་ཞེས་པ་ནི། ལང་ཤོར་དུ་སོང་བའི་དོན།
  3. གལ་ནི། རྒྱའམ་རྙི་ལ་ཟེར།
  4. གཡོབ་གཡོབ་ནི། གཡུག་གཡུག་བྱེད་པའི་དོན།

དཀར་ཆག

གྲོགས་པོ་བཞི།

སྐྱེ་བོ་ངན་པ་ཡུན་རིང་བསྟེན་བྱས་ཤིང༌། །བཟའ་བཏུང་ཞིམ་པ་མང་པོས་ཕན་བྱས་ཀྱང༌། །
དེས་ནི་ཕན་མེད་གྲོགས་པོ་སྤོང་འགྱུར་ཏེ། །དཔེར་ན་ཁྲོན་པར་ལྷུང་བའི་མི་བཞིན་ནོ། །

    བྷི་ར་ཧྭ་ཞེས་པའི་ཐང་ཡངས་པོ་ཞིག་ན་དང་པོར་གྲོང་ཁྱེར་ཡོད་པ་ལས། ཕྱིས་གྲོང་ཁྱེར་དེ་གཞན་དུ་སྤོས་ནས། ཐང་སྟོང་དུ་སོང་བ་ཞིག་ན་ཁྲོན་པ་སྐམ་པོ་ཞིག་ཡོད་པའི་ནང་དུ་མི་གཅིག ཁྲ་གཅིག བྱི་བ་གཅིག དུག་སྦྲུལ་གཅིག་དང་བཞི་ལྷུང་སྟེ། ཁྲོན་ཁ་ཆུང་ལ་གཏིང་ཡངས་པས་ཡར་ལ་མ་ཐར་བར། དེ་རྣམས་བཀྲེས་ཤིང་གྲང་ནས་སྡུག་བསྔལ་བར་གྱུར་པའི་ཚེ། ནམ་ཞིག་ས་ཕྱོགས་དེར་ཐབས་ལ་མཁས་པའི་མི་ཞིག་ཡོང་སྟེ། དེ་དག་མཐོང་བས་སྙིང་རྗེ་ནས་ཐབས་དུ་མའི་སྒོ་ནས་དེ་དག་ས་སྟེང་ལ་བཏོན། དེར་ཁོང་བཞི་པོ་ན་རེ། མི་ཁྱོད་ཀྱིས་བདག་ཅག་རྣམས་ལ་སྲོག་སྦྱིན་པས་ངེད་རྣམས་ཀྱིས་ཐབས་ཅིའི་སྒོ་ནས་ལན་གླན་པར་བྱའོ། །ཞེས་དམ་བཅས་ཏེ་སོང་ངོ༌། །མི་དེ་ན་རེ། བདག་ཇི་ལྟར་འཕོངས་པར་གྱུར་ཀྱང་དུད་འགྲོ་ཁྱོད་རྣམས་ཀྱིས་ཕན་ཐོགས་པ་ཞིག་དཀའ་ཡང་མི་འདིས་དེ་ལྟར་སྲིད་དོ། །འོན་ཀྱང་ཁྱེད་རྣམས་བདེ་བར་སྡོད་ཅིག་ཅེས་གཞན་རྣམས་ཁྱད་དུ་བསད་ཀྱང་མི་དེ་རེ་ཆེ་བར་བྱས་སོ། །
དེ་ནས་དུས་ནམ་ཞིག་མི་དེ་འཕོངས་ནས་ནགས་ཁྲོད་དུ་རི་དྭགས་རྔོན་པ་ལ་ཕྱིན་པས། སྔར་གྱི་ཁྲ་ཅི་ཡིན་དྲིས་པས། བདག་འཕོངས་པའོ་ཟེར་བས། ཡུལ་དེའི་རྒྱལ་པོའི་བཙུན་མོ་དེ་ཁང་པའི་ཡང་ཐོག་ན་རིན་པོ་ཆེའི་རྒྱན་རྣམས་བཀྲོལ་ཏེ། ས་ལ་བཞག་ནས་སྐྲ་འཁྲུ་ཞིང་འདུག་པའི་ཚེ། ཁྲ་དེས་རིན་པོ་ཆེའི་རྒྱན་རྣམས་ཁྱེར་ནས། ནམ་མཁའ་ལ་འཕུར་ཏེ་འོངས་ནས་མི་དེ་ལ་སྦྱིན་ནོ། །མི་དེས་ཀྱང་གཞན་སུ་ལའང་མ་སྨྲས་པར། སྔར་ཁྲོན་ནང་ནས་བཏོན་པའི་མི་དེ་ལ་བློ་ཉེ་ལ་ཆོག་སྙམ་ནས་བཤད་དོ། །
དེ་ནས་རྒྱལ་པོ་དེའི་བཙུན་མོའི་རྒྱན་རྣམས་སུ་དང་གང་གིས་ཁྱེར་བ་མ་ཤེས་པས། ཁུངས་བཤད་རྒྱུ་ཡོད་པའི་མི་ཡོད་ན། བྱ་དགའ་ཆེན་པོ་སྦྱིན་ནོ་ཞེས་དྲིལ་བསྒྲགས་པའི་ཚེ། མི་དེས་སྔར་ཕན་བཏགས་པའི་དྲིན་བཟང་པོ་ཁྱད་དུ་བསད་དེ། བྱ་དགའ་ལ་བལྟས་ནས་ཇི་ལྟར་བྱུང་བའི་ལོ་རྒྱུས་རྣམས་རྒྱལ་པོ་ལ་བཤད་པས། རྒྱལ་པོས་བཙུན་མོའི་རྒྱན་ཆ་ཡོད་པའི་མི་དེ་བཟུང་ལ་བཙོན་དུ་ཆུག་ཅེས་བཤད་པ་ལྟར་བཙོན་ཁང་དུ་བཅུག འཚོ་བ་ཡང་སྲོག་རྟེན་ཙམ་ལས་མ་བྱིན་པར་ཤིན་ཏུ་ཉམ་ཐག་པར་ཡོད་པའི་ཚེ། སྔར་གྱི་བྱི་བ་དེ་ཡོང་ནས་གྲོགས་པོ། འདིར་ཅི་བྱེད་ཀྱིན་ཡོད་ཟེར་བ་ལ་ལོ་རྒྱུས་རྣམས་བརྗོད་པས། བྱི་བའི་སེམས་ཀྱིས་མ་བཟོད་པར་གྲོང་པ་གཞན་དག་ནས་བཟའ་བཏུང་མང་པོ་བརྐུས་ནས་བསྐྱལ་ལོ། །
དེ་ནས་བྱི་བ་དེས་སྦྲུལ་ལ་སྨྲས་པ། གྲོགས་པོ་མི་དྲིན་ཅན་དེ་ནི་ཉམ་ཐག་ནས་འདུག་གོ་ཞེས་ལོ་རྒྱུས་རྣམས་བརྗོད་པས། དུག་སྦྲུལ་ན་རེ། རྒྱལ་པོ་དེས་མི་དྲིན་ཅན་དེ་སྡུག་བསྔལ་ལ་གཏོང་བའི་ངན་ལན་ཞིག་བདག་གིས་ལེན་དགོས་ཟེར་ཏེ། དུག་སྦྲུལ་དེས་རང་གི་ལུས་མི་སྣང་བར་བྱས་ཏེ། རྒྱལ་པོའི་སྐེ་ལ་འཁྲིལ་ནས་མ་བཏང་བས། སྦྲུལ་གྱི་ཁ་རླངས་དང་དུག་གི་ནུས་པས་རྒྱལ་པོའི་སྐུ་ལུས་ཐམས་ཅད་སྐྲངས་ཏེ་བསྙུངས་པས1། རྒྱལ་པོ་རྣམ་རྟོག་ཟོས་ཏེ། མོ་མ་དང་ཕྱྭ་པ་རྣམས་བོས་ཏེ་དྲིས་པས། རྒྱལ་པོའི་སྙུང་གཞི་འདི་དུག་སྦྲུལ་ཞིག་གི་གནོད་པ་ཡིན་པར་འདུག་ལ། སྦྲུལ་དེ་ཁྲིམས་ཁང་དུ་བཅུག་པའི་མི་དེའི་སྲུང་མར་འདུག་པས་མི་དེ་བདེ་བར་བཏང་ན་ནད་ལས་གྲོལ་ཞིང་མ་བཏང་ན་མི་གྲོལ་ཟེར། ཐམས་ཅད་ཀྱིས་ཚིག་མཐུན་པར་སྨྲས་པས་མི་དེ་ཁྲིམས་ཁང་ནས་བདེ་བར་བཏོན་ཏེ་ལོངས་སྤྱོད་མང་པོ་བྱིན་ནས་བཏང་བས། སྦྲུལ་དེས་ཀྱང་རྒྱལ་པོའི་སྐེར་འཁྲིལ་བ་ལས་གྲོལ་ནས། རྒྱལ་པོ་སྙུང་གཞི་ལས་ཐར་བར་གྱུར་ཏོ། །

མཆན་འགྲེལ།

  1. བསྙུངས་པ་ནི། ན་པའི་ཞེ་ས་ཡིན།

དཀར་ཆག

སྐྱུ་རུ་ར་གསུམ།

བདག་ཉིད་ཆེ་ལ་ཕན་བཏགས་ན། །ཅུང་ཟད་ཙམ་ལའང་འབྲས་བུ་འབྱིན། །
སྐྱུ་རུ་ར་གསུམ་བྱིན་པ་ལས། །ཆོས་རྒྱལ་བུ་དང་མཉམ་ལ་ལྟོས། །

དེའང་ཕ་བུ་གཉིས་ཡོད་པ་ལས། ཕ་དེ་འཆི་ཁར་བུ་ལ་གདམས་པ། ད་ང་འཆི་བ་འདི་ཡིན། ཁྱོད་རང་བརྟེན་པ་དང་྄གྲོགས་པོ་གཉིས་རང་བཞིན་ངན་ཅིང་ཤེས་རབ་ཆུང་བ་ལ་མ་བྱེད། དེ་ལས་ཟློག་པ་ལ་གྱིས་ཤེའོ། དེ་ནས་བུ་དེས་ཕའི་ངག་བདེན་རྫུན་བརྟག་པའི་ཆེད་དུ་རྒྱལ་པོ་ངན་པ་གཅིག་ལ་བརྟེན། གྲོགས་ཁྱིམ་ཐབ་ངན་མ་གཅིག་བཙལ་ཏེ་གནས་པ་ན། དུས་ཕྱིས་རྒྱལ་པོ་དེ་དང༌། ཁོང་གཉིས་ནགས་སུ་སོང་བ་ན། སྟག་མི་གཟན་རྒྱལ་པོ་ལ་བྱུང་སྟེ། བསད་ལ་ཁད་པའི་ཐད་དུ་སོང་སྟེ། རལ་གྲིས་སྟག་གི་སྐེ་བཅད་དོ། །དེ་ལ་རྒྱལ་པོ་མགུ་སྟེ། ཁྱོད་དྲིན་ཆེ། ངའི་སྲོག་ཁྱོད་ཀྱིས་བྱིན་ནོ། །ཞེའོ། །
དེ་ནས་དུས་ཕྱིས་ཁོས་རྒྱལ་པོའི་སྐྱོ་རོགས་རྨ་བྱ་གར་མཁན་གཅིག་ཡོད་པ་བརྐུས་ནས། གྲོགས་པོ་གཅིག་ལ་བཅོལ་ཏེ་སྦས་ནས་ནགས་ཀྱི་རྨ་བྱ་གཅིག་ཁྱིམ་ཐབ་ཅན་དུ་ཁྱེར་ཏེ། འདི་སྐད་དུ་སྨྲས་པ། རྒྱལ་པོ་སྟག་གི་གསོད་པ་ལ། ངས་ཕན་འདི་བྱས་པས་དྲིན་ལན་མ་གླན་པས། ད་རྒྱལ་པོའི་རྨ་བྱ་འདི་གསོད་ཟེར་ཏེ་བསད་ནས།1 ཁྱོ་ཤུག་གཉིས་པོས་དེའི་ཤ་ཟོས། དེ་ནས་རྒྱལ་པོའི་རྨ་བྱ་སྟོར་བས་དེས་དེ་བཙལ་བའི་ཕྱིར་ཕོ་ཉ་བཀྱེས་2ཏེ། ངའི་རྨ་བྱ་དེ་རྙེད་ན་ཅི་འདོད་པའི་བྱ་དགའ་སྟེར་རོ། །ཞེས་སོ་སོའི་སེམས་ལ་འབབ་པའི་བྱ་དགའ་སྟེར་བར་ཁས་བླངས་པ་ན། བློན་པོའི་ཁྱིམ་ཐབ་བུད་མེད་ངན་པ་སོང་སྟེ་སྨྲས་སོ། །རྒྱལ་པོ་ན་རེ། ཁོ་ང་ལ་བྱམས་པ་ཡིན་ན། དེ་གསོད་པའི་རྒྱུ་ཅི། མོས་དོན་སྔ་མ་བསྙད་དོ། །ད་ཁོ་རང་བོས་ཤིག དེ་འོངས་པ་དང༌། རྒྱལ་པོས་སྨྲས་པ། རྒྱུ་ཅི། རྒྱུ་སྔ་མ་བཤད་དོ། །རྒྱལ་པོ་ན་རེ། འབངས་ཀྱིས་རྗེའི་ཞབས་ཏོག་བྱས་པ་དྲིན་དུ་ཅི་ལ་བརྩི། ད་འདི་སོད་ཅིག་གོ །དེའི་དུས་སུ་རྒྱལ་པོ་དེའི་རང་བཞིན་ངན་པ་ཁོང་དུ་ཆུད་དེ། རྨ་བྱ་གར་མཁན་བཏང༌། ཁྱིམ་ཐབ་ངན་པ་དེ་བོར་ནས་ཁོ་རང་ལོགས་ཤིག་ཏུ་སོང་ངོ༌། །
ཡང་དེས་གྲོགས་པོ་དམན་ཅིང༌། རྒྱལ་པོ་བཟང་པོ་གཅིག་བཙལ་ནས་འདུག་པ་དང༌། རེ་ཞིག་ན་ཁོ་དང་རྒྱལ་པོ་གཉིས་ནགས་སྟུག་པོར་ཞུགས་པ་ན། སོས་ཀའི་3ཚད་པ་སྟོབས་ཆེ་བས། རྒྱལ་པོ་ཤིན་ཏུ་སྐོམ་པར་གྱུར་པ་དང༌། ཁོ་ན་རེ། རྗེ་ཡིས་གསོལ་དུ་རུང་ན། ཁོ་བོ་ལ་སྐྱུ་རུ་ར་གསུམ་ཞིག་མཆིས་སོ། །རྒྱལ་པོ་མཉེས་ཏེ་ཁྱོད་ཀྱིས་སྲོག་བྱིན་ནོ་ཞེས་སོ། །དེས་དུས་ཕྱིས་ཤིག་རྒྱལ་པོ་4དེའི་སྲས་གཅིག་ཡོད་པ་དེས་སྦས། རྒྱལ་བུའི་གོས་དང་རྒྱན་ལ་སོགས་པ་གྲོགས་པོ་དེ་ལ་བཅོལ་ཏེ། གསུངས་ཤིག་ཅེས་གདམས་སོ། །དེ་ནས་རྒྱལ་པོ་དེས་ངའི་བུ་རྙེད་པ་བྱུང་ན་བྱ་དགའ་ཆེན་པོ་སྟེར་རོ། །ཞེས་ཁས་བླངས་ཏེ་ཀུན་ཏུ་བསྒྲགས་པ་ན་བྱ་དགའ་དོན་དུ་གཉེར་བའི་གྲོགས་དེ་སྨྲས་སོ། །རྒྱལ་པོ་ན་རེ། མི་བདེན་ནོ། །མི་ངན་དེས་སྨྲས་པ། བདེན་ཏེ་རྒྱན་འདིའོ་ཞེས་བསྟན་པས་རྒྱལ་པོ་ཡིད་ཆེས་ཏེ། བདེན་ནོ། །ད་ཁོ་བོས་ཤིག་ཟེར་ཏེ་བོས་པས་ཁོ་འོངས་པ་དང༌། རྒྱལ་པོ་ན་རེ། ངའི་བུ་བསད་པ་བདེན་ནམ་ཞེས་དྲིས་པས། བློན་པོས་སྨྲས་པ། བདེན་ནོ། །ད་འདི་སོད་ཅིག་ཟེར་རོ། །བློན་པོས་སྨྲས་པ། ཅི་རྒྱལ་པོ་བདག་གིས་དྲིན་གཅིག་བདོག་པ་5དེ་བརྗེད་དམ། དྲིན་ཅི་ཡིད། དོན་སྔར་གྱི་རྒྱུ་མཚན་བསྙད་པས། དྲན་ཏེ་བདེན་ཁྱོད་ཀྱི་དྲིན་ཡོད། ད་ངའི་རྒྱལ་བུ་དེ་ཡང་ཕངས་པ་ཡིན་ཏེ། སྐྱུ་རུ་ར་གཅིག་གི་དྲིན་ལན་གྱིས་ཁྱོད་ཀྱི་སྲོག་ཐར་དུ་ཆུག གཉིས་པའི་དྲིན་ལན་གྱིས་ངའི་བུ་མོ་ཁྱོད་ཀྱི་ཁྱིམ་ཐབ་ལ་སྟེར་རོ། །གསུམ་པའི་དྲིན་ལན་ལ་ངའི་རྒྱལ་སྲིད་ཕྱེད་སྟེར་རོ་ཞེའོ། །དེར་རང་བཞིན་ཤེས་ཏེ། མགུ་ནས་རྒྱལ་པོའི་བྱ་དགའ་དེ་རྣམས་ཁོ་བོས་ག་ལ་ཞུ། ཁྱེད་ཀྱི་སྲས་དམ་པ་བཀྲོང་6ག་ལ་ཕོད་ཟེར་ནས་རྒྱལ་བུ་མངོན་དུ་ཕྱུང་ནས། རང་གིས་ཀྱང་དེའི་བཀའ་བཞིན་སྒྲུབ་པར་ཁས་བླངས་སོ། །

མཆན་འགྲེལ།

  1. ༡། ཤིང་པར་དུ་“བསད་དོ་ཞེས་བྱས་ཏེ།” ཞེས་བྲིས་པ་བརྗོད་པ་མི་བདེ་བས་བྲིས་མ་ལྟར་བཀོད་པ་ཡིན།
  2. ༢། བཀྱེས་པ་ནི། བཏང་བ་དང་མངགས་པའི་དོན།
  3. ༣། སོས་ཀ་ནི། དཔྱིད་ཀ་དང་དབྱར་ཁའི་བར་གྱི་དུས་ཚིགས་ཡིན།
  4. ༤། ཤིང་པར་དུ་“དེའི་དུས་ཀྱི་རྒྱལ་པོ་”ཞེས་འཁོད་འདུག་པ་དོན་མི་གསལ་བས་འདིར་བྲིས་མ་ལྟར་བཀོད་པ་ཡིན།
  5. ༥། བདོག་པ་ནི། ཡོད་པའམ་རྒྱུ་ནོར་འཇུག་པ་ལས་འདིར་ཡོད་པའི་དོན།
  6. ༦། བཀྲོང་ནི། གསོད་པའི་ཞེ་ས།

དཀར་ཆག

ཁྲོན་པའི་སྦལ་པ།

དྲེགས་པ་1ལོག་པ་འགའ་ཞིག་ནི། །རང་གི་སྐྱོན་རྣམས་མ་བསམས་པར། །
ཡོན་ཏན་ཕྲ་མོས་རབ་མགུ་བ། །ཁྲོན་པའི་སྦལ་བ་ཇི་བཞིན་ནོ། །

    ཁྲོན་པ་ཞིག་ན་སྦལ་པ་ཞར་པ་གཅིག་ཡོད་པ་ལས། དུས་ནམ་ཞིག་གི་ཚེ་རུས་སྦལ་གཅིག་རྒྱ་མཚོའི་རླབས་ཀྱིས་དེད་ནས་སྐམ་ས་ལ་ཐོན་ཏེ་ཕྱིན་པ་དང༌། ཁྲོན་པ་དེར་གནས་པའི་ཚེ། སྦལ་པ་ན་རེ། ཁྱོད་སུ་ཡིན་གང་ནས་འོངས་ཟེར་བ་ལ། ང་ནི་རུས་སྦལ་བྱ་བ་ཡིན། ཕྱིའི་རྒྱ་མཚོ་ནས་འོངས་བྱས་པས། ད་ལོག་གམ་ཟེར་བས། ད་ནི་ང་ལོག་འགྲོ་བའི་ཐབས་མེད་པས། ཁྱོད་ཀྱི་ཁྲོན་པ་འདི་ལ་གནས་གཏན་ནས་འཆའ་དགོས་འདུག་བྱས་པས། སྦལ་པ་ན་རེ། ཁྱོད་ཀྱི་ཕྱིའི་རྒྱ་མཚོ་ལ་འདི་ཙམ་ཞིག་ཡོད་དམ་ཟེར་བས། ཁྲོན་པའི་སུམ་ཆ་གཅིག་བསྐོར་བས། དེ་བས་ཆེའོ་ཞེས་སྨྲས། ཆ་གཉིས་བསྐོར་ནས་འོ་ན་འདི་ཙམ་ཞིག་ཡོད་དམ་ཟེར་བ་ལ། དེ་བས་ཀྱང་ཆེའོ་བྱས་པས། འོ་ན་ཅི་ཙམ་ཞིག་ཡོད་ཟེར། རུས་སྦལ་གྱིས་སྨྲས་པ། ཁྱོད་ནི་བློ་རྒྱ་ཆུང་བ་ཞིག་སྟེ། ཁྱོད་རང་གནས་གཅིག་པོ་འདི་མ་གཏོགས་གཞན་གང་དུ་ཡང་འགྲོ་མ་མྱོང་བར་འདུག ཕྱིའི་རྒྱ་མཚོ་ནི་ལོ་དུ་མར་བསྐོར་བ་བྱས་ཀྱང་དབུས་དང་མཐའ་གང་ཡིན་ཤེས་པ་མེད་པས་ཁྱོད་ཀྱི་ཁྲོན་པ་འདི་ལྟ་བུས་རྒྱ་མཚོ་ལ་གང་ནས་གཞལ་རུང་ངམ་ཞེས་དྲང་པོར་སྨྲས་ཀྱང༌། རྒྱ་མཚོ་ལ་ང་ཡི་ཁྲོན་པ་འདི་བས་ལྷག་པ་དང་ཆེ་བ་མི་འོང་གི རུས་སྦལ་གྱིས་ཁོའི་རང་ཡུལ་ལ་བསྟོད་ར་བྱས་པ་ཡིན་འདུག་སྙམ་མོ། །

མཆན་འགྲེལ།

  1. དྲེགས་པ་ནི། ང་རྒྱལ་གྱི་མིང་གཞན།

དཀར་ཆག

སྔོན་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་བཞི་པ།
ཕྱི་མ།
ནག་པོ་རྒྱ་གླིང། (དང་པོ)