ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༦ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་སུམ་མདོ་བོད་ཁྱིམ་དུ་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་དང་སློབ་སྤྱི། བྱང་ཐང་འབྲེལ་མཐུད་པ། ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད་བཅས་ལྷན་བཅར་ཞུས་ཡོད།

དེ་ཡང་ཤེས་རིག་བཀའ་བློན་མཆོག་སུམ་མདོ་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། སློབ་གྲྭའི་དགེ་ཆེ། ལ་དྭགས་སུམ་མདོའི་སྤྱི་མི། བརྒྱ་དཔོན། དགེ་ལས་དང་སློབ་ཕྲུག ས་གནས་མི་མང་བཅས་ནས་ཕེབས་བསུ་ཞུས་ཡོད།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སློབ་གྲྭའི་འཛིན་ཁང་དང་། སྤྱི་ཐབ། སྡོད་ཁང་བཅས་སུ་གཟིགས་ཞིབ་གནང་སྟེ། དགེ་ལས་དང་སློབ་ཕྲུག་ལྷན་བཀའ་མོལ་གནང་བ་མ་ཟད། དགེ་ལས་རྣམས་ཀྱིས་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་སློབ་གྲྭའི་དགེ་ཆེ་ནས་སློབ་གྲྭའི་དགོས་མཁོ་དང་འབྲེལ་དཀའ་ངལ་བརྗོད་གནང་ཡོད།

དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་ས་གནས་ཀྱི་མགྲོན་ཁང་དུ་གཟིགས་ཞིབ་གནང་རྗེས་ས་གནས་ཀྱི་བོད་རིགས་ཚོགས་པ་དང་། སུམ་མདོའི་བརྒྱ་དཔོན་ལྷན་མི་མང་གི་བདེ་སྡུག་སྐོར་གྲོས་མོལ་གནང་ཡོད།

ཕྱི་ཚེས་ ༡༧ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་དང་། སློབ་སྤྱི། ས་གནས་འཕྲོད་བསྟེན་ལས་བྱེད། བྱང་ཐང་འབྲེལ་མཐུད་པ། ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད་བཅས་དང་ལྷན་ཉོ་མ་བོད་ཁྱིམ་དུ་འཚམས་གཟིགས་གནང་ཡོད།  དེ་ཡང་སློབ་གྲྭའི་འཛིན་ཁང་དང་། སྤྱི་ཐབ། སྡོང་ཁང་བཅས་སུ་གཟིགས་ཞིབ་གནང་གྲུབ་མཚམས་དགེ་ལས་དང་སློབ་ཕྲུག་ལྷན་མཇལ་འཕྲད་གནང་ཡོད།

ཉིན་རྒྱབ་བཀའ་བློན་མཆོག་གིས་ཧན་ལེ་བོད་ཁྱིམ་དུ་ཕེབས་ཏེ་འཛིན་ཁང་དང་། སློབ་གྲྭའི་སྐྲ་བཞར་ཁང་། དགེ་རྒན་ལས་ཁུངས། སྨན་ཁང་། སྤྱི་ཐབ། སྡོད་ཁང་། དགེ་ལས་སྡོད་ཁང་། དཔེ་མཛོད། རོལ་མོ་ཁང་། སློབ་གྲྭའི་ལྡུམ་ར་བཅས་སུ་གཟིགས་ཞིབ་གནང་རྗེས་སློབ་ཕྲུག་དང་། དགེ་ལས། ཕ་མ་བཅས་ལ་མ་འོངས་འཆར་འགོད་དང་འབྲེལ་བླང་དོར་གྱི་གསུང་བཤད་གནང་ཡོད། །

སྔོན་མ།
གཞི་རིམ་བར་མའི་འཛིན་རིམ་བདུན་པའི་ཚན་རིག་སློབ་ཚན་ལྷག་མ་གཏན་འབེབས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་ལ་དྭགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ།
Menu