ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་ལ་དྭགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༢༡ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་ ༨ པའི་ནང་དུ་མགྲོན་འབོད་གནང་དོན་ལྟར། ཉེ་ལམ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བརྒྱ་ཆ་ ༩༥ སོན་པའི་སློབ་མ་རིན་ཆེན་ཀརྨ་མཚོ་མོ་ལགས་སུ་ཆེ་བསྟོད་ཞུ་བའི་མཛད་སྒོར་ཆེད་ཕེབས་གནང་ཡོད།

མཛད་སྒོའི་ཐོག་གཞན་ཡང་ས་གནས་ཁྲིམས་ཞིབ་པ་མཆོག་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ། ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད། གཞིས་གྲོང་ཁག་གི་བརྒྱ་དཔོན། མི་མང་བཅས་ཕེབས་ཞུགས་གནང་ཡོད་པ་རེད།

དེ་རྗེས་བཀའ་བློན་མཆོག་གིས་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད་ལྷན་དུ་གྲོས་མོལ་གནང་ཡོད་པ་དང་། ཚོགས་འདུའི་ཐོག་ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལ་སྤྱི་ལས་ཁུངས་ཀྱི་ལས་བྱེད། ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་དང་སློབ་སྤྱི། གླེ་བྱང་རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་བུད་མེད་ཚོགས་པ། ས་གནས་གཞོན་ནུ་ལྷན་ཚོགས། བྱང་ཐང་འབྲེལ་མཐུད་པ། ཡན་ལག་སྨན་རྩིས་ཁང་གི་འགན་འཛིན། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད། གཞིས་གྲོང་ཁག་གི་བརྒྱ་དཔོན་སོགས་ཕེབས་ཞུགས་གནང་།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་ལ་དྭགས་ཁུལ་གྱི་ཕྱོགས་ཕེབས་མཇུག་མ་བསྡུས་སྔོན་དུ་ལ་དྭགས་མི་སེར་སློབ་གྲྭར་ (Ladakh Public School) ཆེད་ཕེབས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་དུ་ཡར་ཐོན་དང་བྱམས་བརྩེ་ལྡན་པའི་དགེ་རྒན་གྱི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་(CBSE) ཁོངས་གཏོགས་སློབ་གྲྭ་བརྒྱད་ཀྱི་སློབ་སྤྱི་དང་དགེ་རྒན་མཉམ་ཞུགས་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་བ།
ཕྱི་མ།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚོགས་འདུ་དང་ཟབ་སྦྱོང་དུ་ཤེས་རིག་ལས་ཁུངས་ནས་མཉམ་ཞུགས།
Menu