ཟླ་རེའི་གསར་འགྱུར།

རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༥ ནས་ཟླ་ ༥ ཚེས་ ༢༥ བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་ལ་དྭགས་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་གི་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་ཕྱི་ཚེས་ ༢༥ ཉིན་རྒྱབ་ལེགས་པར་མཇུག་སྒྲིལ་ཡོད།

དེ་ཡང་ཟབ་སྦྱོང་གི་མཇུག་བསྡོམས་སུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ཟབ་སྦྱོང་གི་ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས། ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཀྱིས་གཙོས་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སྔོན་འགྲོའི་དགེ་རྒན་ ༢༠ བཅས་ཚང་འཛོམས་གནང་ཡོད་ཅིང་། ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་གྱིས་མཇུག་བསྡོམས་གསུང་བཤད་ནང་། ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་ནས་ཟབ་སྦྱོང་དུ་སློབ་ཁྲིད་གནང་བ་དང་། ཨོ་སི་ཊྲོ་ལི་ཡར་གནས་སྡོད་སེ་ལི་ཁོ་ནེ་ལན་ (Sally Connellan) ལགས་ནས་ཟབ་སྦྱོང་ལ་རོགས་དངུལ་མཐུན་འགྱུར་གནང་བ། དེ་བཞིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་ནས་ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་མཐུན་འགྱུར་གང་ལེགས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཟབ་སྦྱོང་དུ་མཉམ་ཞུགས་པ་རྣམས་ལ་ཟབ་སྦྱོང་ནས་སློབ་སྦྱོང་གང་ཤེས་པ་དང་། བློ་སྐྱེད་གསར་པ་གང་བྱུང་བ་རྣམས་འཛིན་གྲྭའི་ལག་བསྟར་གྱིས་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་ཐོག་ཕན་འབྲས་སོན་པ་ཞིག་དགོས་པའི་སྐོར་ལམ་སྟོན་གནང་།

དེ་རྗེས་ཁྱད་སྟོན་པ་དང་སློབ་གྲྭའི་སློབ་སྤྱི་བཅས་ནས་ཀྱང་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་དང་ཟབ་སྦྱོང་ནས་གང་སྦྱངས་པ་རྣམས་ལག་བསྟར་དགོས་པའི་ནན་བརྗོད་གནང་། དེ་ནས་ཟབ་སྦྱོང་དུ་མཉམ་ཞུགས་པ་རྣམས་ལ་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་གྱིས་མཇལ་དར་སྒྲོན་པ་དང་ལ་དྭགས་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་གྱིས་ལག་འཁྱེར་གནང་། གཞན་ཡང་ཟབ་སྦྱོང་དུ་མཉམ་ཞུགས་པ་རྣམས་ཀྱིས་ཚབ་ཞུས་ཏེ་སྔོན་འགྲོའི་དགེ་ཆེ་དང་དགེ་ཆེ་ལས་རོགས་བཅས་ནས་ཟབ་སྦྱོང་འདི་ས་གནས་སུ་གོ་སྒྲིག་གནང་བར་བརྟེན་ལ་དྭགས་བོད་ཁྱིམ་གྱི་སྔོན་འགྲོའི་དགེ་རྒན་ཆ་ཚང་མཉམ་ཞུགས་གནང་ཐུབ་པ་མ་ཟད། ཟབ་སྦྱོང་འདི་བརྒྱུད་ཤེས་བྱ་གསར་པ་མང་པོ་ཤེས་པ། དོགས་འདྲི་མང་པོ་གསལ་བ་སོགས་ཀྱི་ཕན་རླབས་ཆེན་པོ་བྱུང་བའི་སྐོར་དང་། དགེ་རྒན་ཚང་མས་ཟབ་སྦྱོང་ནས་གང་ཤེས་པ་རྣམས་འཛིན་གྲྭའི་ནང་ལག་བསྟར་ཐུབ་པར་འབད་བརྩོན་ཞུ་རྒྱུ་ཡིན་བཅས་ཀྱི་བསམ་ཚུལ་གསུངས་བ་དང་། ཤེས་རིག་ལས་ཁུངས་དང་། ཟབ་སྦྱོང་གི་ཁྱད་སྟོན་པ། རོགས་དངུལ་མཐུན་འགྱུར་གནང་མཁན་བཅས་ལ་ཐུགས་རྗེ་ཆེ་ཞུས།

མཐར་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་དགེ་རྒན་དང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་དང་བཅས་པ་དྲན་རྟེན་གྱི་འདྲ་པར་བླངས་ཏེ་མཇུག་བསྡོམས་མཛད་སྒོ་ལེགས་པར་མཇུག་སྒྲིལ།

གཞན་ཡང་དེ་སྔོན་ཟབ་སྦྱོང་འདི་བཞིན་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་ལ་དྭགས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་དང་བསྟུན་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༥ ཉིན་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཟབ་སྦྱོང་གི་མཉམ་ཞུགས་པ་རྣམས་ལ་བཀའ་སློབ་གནང་བའི་སྙིང་དོན་དུ། སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་འགན་འཁྲི་དམིགས་བསལ་ཆེ་བ་ཡོད་པས། ཟབ་སྦྱོང་འདི་བརྒྱུད་སློབ་ཕྲུག་གི་ནུས་པ་གོང་གོང་མཐོར་གཏོང་སྟེ་མ་འོངས་མི་ཐོག་གི་དཀའ་ངལ་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་གདོང་ལེན་བྱེད་ནུས་པའི་གང་ཟག་ཚད་ལྡན་གསོ་སྐྱོང་བྱེད་དགོས་པ་སོགས་སྐོར་བཀའ་སློབ་ཕེབས་པ་དང་། ཟབ་སྦྱོང་གི་དབུ་འབྱེད་དུ་ཟབ་སྦྱོང་གི་ཁྱད་སྟོན་པ་དང་། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས། ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བསྟན་འཛིན་རབ་བརྟན་ལགས་དང་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད།

ཟབ་སྦྱོང་ཉིན་བཅུའི་རིང་མཉམ་ཞུགས་པ་དགེ་རྒན་རྣམས་ལ་ན་ཆུང་བྱིས་པ་རྣམས་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་འགྲེལ་བརྗོད་དང་། སྔོན་འགྲོའི་ཤེས་ཡོན་གྱི་ཆེད་ལས་པ་ཌོག་ཊོར་མ་རི་ཡཱ་མོན་ཊེ་སོ་རིའི་ལོ་རྒྱུས་ངོ་སྤྲོད། རྒྱུན་གཏན་ལས་རིགས་ཁོངས་སུ་སློབ་ཕྲུག་རང་ཉིད་དང་ཁོར་ཡུག་བདག་གཅེས། འགུལ་སྐྱོད་ཀྱི་སྟངས་འཛིན་དང་འབྲེལ་མཐུད། བཟང་སྤྱོད་སོགས་སྐོར་བྱེད་སྒོ་དང་ལག་བསྟར་ཉམས་མྱོང་བརྒྱུད་ཟབ་ཁྲིད་གནང་། ཟབ་སྦྱོང་འདི་བཞིན་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་བཞིན་ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་ཡིག་ཚང་ནས་གྲ་སྒྲིག་འགན་ཁུར་ཆ་ཚང་གནང་བ་ཞིག་ཡིན། །

སྔོན་མ།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚོགས་འདུ་དང་ཟབ་སྦྱོང་དུ་ཤེས་རིག་ལས་ཁུངས་ནས་མཉམ་ཞུགས།
ཕྱི་མ།
སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu