༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༢ ནས་ ༢༥ བར་བཞུགས་སྒར་དྷརྨ་ས་ལར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་ནས། ༼སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་།༽ ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་དང་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་མཉམ་ཞུགས་བྱས་ཡོད།
ཉིན་དང་པོ་ཟླ་ ༥ ཚེས་ ༢༢ སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་པི་རཱ་མལ་ཚོགས་པ་གཉིས་ཀྱི་དབར་གཉིས་མོས་ལག་བསྟར་ཡིག་ཆ་ (Letter of Intent) བཞག་གནང་བའི་མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཚོགས་བཅར་གནང་ཡོད་པ་དང་། དེ་ཉིན་ཧི་མཱ་ཅལ་གཞུང་གི་སྐུ་ཚབ་རཱ་ཇེཤ་ཤརྨཱ་ལགས་ནས་ཧི་མཱ་ཅལ་མངའ་སྡེའི་རྫོང་བཅུ་གཉིས་ཀྱི་ནང་སློབ་གྲྭ་ ༡༥༩༠༠ ཡོད་པ་དེ་དག་གི་ནང་སློབ་ཕྲུག་འབུམ་དགུ་ཙམ་གྱིས་སློབ་སྦྱོང་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། སློབ་གྲྭ་དེ་དག་གི་ནང་རིམ་པས་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གཏོང་རྒྱུ་ཡིན་པར་གསུངས།
ཕྱི་ཚེས་ ༢༢ ཉིན་རྒྱབ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རིགས་སྡེ་འགན་འཛིན་ལྕམ་སྐུ་བར་བཱ་ར་ ཀོརོཊ་ཧེ་མར་ (Dean Barbara Krauthamer) ལགས་དང་། དགེ་རྒན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། དགེ་རྒན་ཆེན་མོ་རོ་བཌ་ ཝི་ལེམ་ རོ་ཛར་ (Robert William Roeser) ལགས། ཀེ་རོལ་ ཨེ་ཝེ་ལིན་ བེཀ་ (Carol Evelyn Beck) ལགས། ཨ་ཤ་མེན་ཛི་ལགས། ཊེམ་པལ་ཊོན་ཚོགས་པ་ནས་འགན་འཛིན་ཇཱོན་ ཐོ་མ་སི་ ཀ་ནིང་གྷམ་ (John Thomas Cunningham) ལགས་དང་། འགན་འཛིན་གཞོན་པ་ཌེ་ཝིཌ་ ཨེཕ་ ནེ་སཱར་ (David F. Nasser) ལགས། སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་གཞོན་པའམ་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་བཅས་འདི་ལས་ནས་གོ་སྒྲིག་གིས་བོད་ཀྱི་འགྲེམས་སྟོན་ཁང་དང་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་། དགོང་དྲོར་སྐུ་ངོ་སྲིད་སྐྱོང་མཆོག་མཇལ་འཕྲད་དང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།
ཕྱི་ཚེས་ ༢༤ དང་ ༢༥ ཉིན་ཤེས་རིག་ལས་ཁུངས་ནས་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་དྲུང་འཕར་བསྟན་འཛིན་པདྨ་ལགས་དང་། སྡེ་འགན་ཀརྨ་བདེ་སྐྱིད་ལགས། སྡེ་འགན་ཚེ་རིང་དཔལ་འཛོམས་ལགས་དང་། དེ་བཞིན་ཚན་རིག་ཞིབ་འཇུག་དང་འབྲེལ་བའི་མཐོང་ཐོས་མྱོང་གསུམ་གྱི་ཉམས་མྱོང་ཡོང་སླད་གོ་སྐབས་གནང་བ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚན་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་ ༡༥ དང་། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་ ༡༥། སཾབྷོ་ཊ་ཧར་པ་པུར་སློབ་གྲྭ་གུང་སེང་འཁེལ་བར་བརྟེན་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་རྣམས་ཕེབས་མ་ཐུབ་སྟབས་སཾབྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༡༤། སློབ་གྲྭ་གསུམ་ནས་དགེ་རྒན་གཉིས་རེ་བཅས་ནས་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༢༤ ཉིན་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ནས་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་སཱི་ཤེས་ཡོན་སློབ་གསོའི་ལག་བསྟར་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་ཞུས་ཡོད། རྒྱ་གར་དང་བལ་ཡུལ་ནང་བོད་པའི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ ༦༨ ཡོད་པ་ནས་ཧི་མཱ་ཅལ་མངའ་སྡེ་གཅིག་པུའི་ནང་ ༢༦ ཡོད།
ཕྱི་ཚེས་ ༢༥ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་སྙིང་དོན་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བསྟན་འཛིན་བསམ་གྲུབ་ལགས་ནས་སློབ་གྲྭའི་ནང་སྤྱི་ཡོངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་ལག་བསྟར་ཐོག་གསུང་བཤད་གནང་ཡོད། ཉིན་གཉིས་ཀྱི་གསུང་བཤད་ལས་རིམ་ཡོངས་ལ་བོད་པའི་སློབ་ཕྲུག་ཚོས་དོ་སྣང་ཆེན་པོ་གནང་བ་མ་ཟད། སློབ་ཕྲུག་ཚོས་བཀའ་འདྲི་གང་ལེགས་གནང་བའི་དགའ་སྤོབས་སྐྱེ་འོས་བྱུང་ཡོད།
ཕྱི་ཚེས་ ༢༥ ཉིན་རྒྱབ་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག སེར་སྨད་དེང་དུས་ཤེས་ཡོན་གྱི་འགན་འཛིན་དགེ་བཤེས་ཐབས་མཁས་མཆོག དགའ་ལྡན་ཆོས་གླིང་བཙུན་དགོན་ནས་བློ་བཟང་བྱང་ཆུབ་ལགས་བཅས་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་གསུང་བཤད་རིམ་པ་གནང་ཡོད་པ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྙིང་དོན་གསུང་བཤད་གནང་ཡོད།
ཉིན་གཉིས་ཀྱི་ཞིབ་འཇུག་དང་འབྲེལ་བའི་གསུང་བཤད་རིམ་པའི་བརྗོད་གཞི་གཙོ་ཁག་ནི། བློ་སྦྱོང་གི་ཀླད་པ་དང་གཟུགས་པོར་འགྱུར་བ་གཏོང་ཐུབ་པ་དང་། སེམས་མྱོང་ནི་བཟང་པོའི་སྤྱོད་པའི་གཞི་རྩ་ཡིན་པ། བཟོད་པའི་ཉམས་ལེན་གྱིས་གཉིད་མཐུག་གི་དུས་ཡུན་ལ་ཐེབས་པའི་ཤུགས་རྐྱེན། གཉིད་ཀྱི་སྤུས་ཚད་ཀྱིས་དགེ་འདུན་པའི་བློ་འཛིན་ལ་ཤུགས་རྐྱེན། སྟོང་ཉིད་བསྒོམ་པ་ལ་བརྟེན་ནས་ཞེན་ཆགས་ལ་ཤུགས་རྐྱེན། དབུགས་འབྱུང་རྔུབ་སྒོམ་གྱིས་གཉིད་མཐུག་པོ་དང་མིག་འགུལ་མྱུར་མོའི་གཉིད་ལ་སྤྲད་པའི་ཤུགས་རྐྱེན། བོད་པའི་དགེ་འདུན་པའི་ཁྲོད་གཉིད་དང་ཚིག་བསྐྱར་དྲན་དབར་འབྲེལ་བ་བཅས་ཡིན། །