ཟླ་རེའི་གསར་འགྱུར།

མོན་གྷོ་རུ་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་མོན་གྷོ་དགའ་ལྡན་ཤར་རྩེ་མགྲོན་ཁང་དུ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་བཞིན་ཡོད་ཅིང་། ཟབ་སྦྱོང་དུ་མོན་གྷོ་སཾ་བྷོ་ཊ་གཏན་སློབ་དང། གཞི་རིམ་འོག་མའི་ཡན་ལག་སློབ་གྲྭ། གཞིས་གྲོང་དྲུག་པའི་ཉིན་སློབ། དགོན་སྡེ་ཁག་གསུམ་གྱི་སློབ་གྲྭ་བཅས་ནས་ཁྱོན་བསྡོམས་དགེ་རྒན་ ༤༡ གིས་མཉམ་ཞུགས་གནང་གི་ཡོད། ཟབ་སྦྱོང་གི་ཁྱད་སྟོན་པ་ནི་ཤེས་ཡོན་གྱི་ཆེད་ལས་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན།

དེ་ཡང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་དང་། རེག་ཊར་བསྟན་འཛིན་གྲགས་པ་ལགས། ཟབ་སྦྱོང་གི་ཁྱད་སྟོན་པ་གཉིས། མཉམ་ཞུགས་པ་དགེ་རྒན་རྣམ་པ་བཅས་ཚོགས་ཞུགས་གནང་ཡོད། ཐོག་མར་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ནས་ཟབ་སྦྱོང་གི་ཁྱད་སྟོན་པ་གཉིས་ལ་ཕེབས་བསུའི་མཇལ་དར་སྒྲོན་པ་དང་། མཉམ་ཞུགས་པ་རྣམས་ལ་ཕེབས་བསུ་དང་སྦྲགས་གསུང་བཤད་གནང་། ཁོང་གིས་སློབ་གྲྭའི་ནང་སློབ་ཕྲུག་དང་པོ་དེ་སློབ་སྤྱི་དང་། གཉིས་པ་དེ་དགེ་རྒན་ཡིན་ཞེས་བཤད་སྲོལ་ཡོད་པས། སློབ་སྤྱི་དང་དགེ་རྒན་རྣམས་སློབ་སྦྱོང་མཚམས་མ་བཅད་པར་མུ་མཐུད་སློབ་གཉེར་དང་བསྐྱར་སྦྱོང་གནང་དགོས་པ་གལ་ཆེ་ཡིན་པའི་སྐོར་དང་། གཞན་ཡང་ཁོང་གིས་སློབ་གཉེར་གྱི་བརྒྱུད་རིམ་ནང་ཐོས་པ་གལ་ཆེ་ཡིན་པའི་སྐོར་དང་འབྲེལ་མང་དུ་ཐོས་པ་དང་། མང་ནས་ཐོས་པ། མང་དང་ཐོས་པ་སོགས་ཐོས་པའི་དགེ་མཚན་སྐོར། དེ་བཞིན་ཟབ་སྦྱོང་འདི་བརྒྱུད་ཤེས་ཡོན་གྱི་ལྟ་གྲུབ་སློབ་སྦྱོང་བྱེད་དགོས་པ་དང་། སློབ་ཁྲིད་ཀྱི་ཐབས་ལམ་དགེ་རྒན་རང་ཉིད་ཀྱིས་བཙལ་ནས་ལག་བསྟར་བྱེད་དགོས་པ་གལ་ཆེ་ཡིན་པ། ཟབ་སྦྱོང་འདིར་ཁྱད་སྟོན་པ་རྣམས་ནས་བརྗོད་གཞི་སྣ་ཚོགས་སྐོར་སྦྱང་རྒྱུའི་གོ་སྐབས་ཡོད་ཀྱང་དེ་ལས་ལྷག་པ་ཟབ་སྦྱོང་དུ་མཉམ་ཞུགས་པ་དགེ་རྒན་ནང་ཕན་ཚུན་གོ་བསྡུར་སྦྱངས་བཤད་དང་བསྐྱར་སྦྱོང་གནང་པ་གལ་ཆེ་ཡིན་པའི་སྐོར། མཐར་ཁོང་གིས་ཟབ་སྦྱོང་འདི་ནས་སློབ་སྦྱོང་གསར་པ་གང་ཤེས་པ་དེས་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་སློབ་ཕྲུག་ལ་ཕན་པ་བསྒྲུབ་རྒྱུའི་ཀུན་སློང་བཟང་པོ་འཁྱེར་དགོས་པ་སོགས་སྐོར་གསུང་བཤད་གནང་། དེ་རྗེས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་རྒྱབ་ལྗོངས་དང་། ནང་དོན། དམིགས་ཡུལ་བཅས་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་།

ཟབ་སྦྱོང་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་གཉིས་དང་འབྲེལ་བའི་ཤེས་ཡོན་གྱི་ངོ་བོ་དང་། དགོས་པ། དམིགས་ཡུལ་བཅས་དང་། དགེ་རྒན་དང་འཛིན་གྲྭའི་ནང་སློབ་ཁྲིད་གནང་ཕྱོགས། དཔྱད་ཞིབ། སྐད་ཡིག་སློབ་ཁྲིད། ན་ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་སོགས་གལ་ཆེའི་བརྗོད་གཞི་ཁག་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་ངོ་སྤྲོད་དང་གོ་བསྡུར་སྦྱང་བཤད་བཅས་གནང་རྒྱུ་ཡིན། ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཌེན་མག་རོགས་ཚོགས་ (DANIDA)  ཡིས་མཐུན་འགྱུར་གནང་བཞིན་ཡོད། །

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་བཀའ་ཟུར་དང་དྲུང་ཟུར་ལྷན་རྒྱས་བར་མཇལ་འཕྲད་གནང་བ།
ཕྱི་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་མ་སུ་རིར་བསྐོང་ཚོགས།
Menu