
༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༦ ནས་ ༢༦ བར་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་རྣམས་ལ་རིགས་ལམ་ཟབ་སྦྱོང་དང་། གཞི་རིམ་འོག་མ་དང་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་རྣམས་ལ་བོད་ཡིག་དང་སྤྱི་ཚན་སློབ་དེབ་ངོ་སྤྲོད་ཀྱི་ཟབ་སྦྱོང་ཁག་གཉིས་འདི་ཟླའི་ཚེས་ ༢༦ ཉིན་མཇུག་བསྒྲིལ། ཟབ་སྦྱོང་ཁག་གཉིས་ཀྱི་མཇུག་བསྡོམས་མཛད་སྒོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱི་དབུ་བཞུགས་ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་ཁག་གཉིས་ཀྱི་དགོས་དམིགས་དང་། ཟབ་སྦྱོང་སྐབས་ཉིན་རེའི་ལས་རིམ་ལག་བསྟར་ཇི་ཞུས་ཀྱི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས།
དེ་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་རྒན་ལགས་རྣམ་པར་རིགས་ལམ་དང་བོད་ཡིག་ཡར་རྒྱས་གཏོང་རྒྱུའི་ཟབ་སྦྱོང་འདི་ལྟ་བུ་གོ་སྐབས་གནང་བར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ཟབ་སྦྱོང་ནང་དགེ་རྒན་མཉམ་ཞུགས་གནང་མཁན་ཡང་ཧ་ཅང་མང་པོ་བྱུང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན་གསུངས། དགེ་རྒན་གྱི་ལས་གནས་ལ་སྤྱི་ཚོགས་ནང་ལྟ་སྟངས་དང་ཆེ་མཐོང་ཡོད་མེད་ལ་མ་ལྟོས་པར་རྒན་ལགས་རྣམ་པས་དུས་རྟག་ཏུ་ལྷག་བསམ་བསྐྱེད་དེ་སེམས་ཤུགས་ནམ་ཡང་མ་ཆག་པ་བྱ་དགོས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཟེར་བ་ལྟར། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཐོག་ནམ་ཡང་ཐུགས་སྣང་གནང་དགོས། སྔ་མོ་བོད་ནང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཁོར་ཡུག་ཡག་པོ་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གཞུང་གིས་སྲིད་བྱུས་འཛིན་སྟངས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ་ཆེས་ཉག་ཕྲ་བ་ཞིག་ཏུ་འགྱུར་བཞིན་ཡོད། འོན་ཀྱང་བཙན་བྱོལ་དུ་བོད་ཕྲུག་གང་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཕ་མ་བོད་པ་ལས་སྐྱེས་ཤིང་། ལོ་ངོ་བཅོ་ལྔ་དང་ཉི་ཤུའི་རིང་ཕ་མ་བོད་པ་ཞིག་དང་འདྲིས་གཤིབ་བྱས་ཏེ་འཚར་ལོངས་བྱུང་ཡང་། མཐར་བོད་སྐད་བཀྲ་ཤིས་བདེ་ལེགས་ཙམ་ཞིག་ལས་གོ་བརྡ་སྤྲོད་མ་ཐུབ་མཁན་ཡང་ཡོང་གི་འདུག་པས། དེ་ནི་རང་དབང་ལུང་པར་བསྡད་དེ་སོ་སོའི་ཕ་མའི་སྐད་ཡིག་གི་རང་དབང་དེ་བློས་གཏོང་བྱས་པ་ལྟ་བུ་རེད་གསུངས། སྤྱིར་བོད་སྐད་ཐོག་དཔེ་དེབ་པར་སྐྲུན་གྱི་གྲངས་ཚད་ལ་བལྟས་ན་སྐད་ཡིག་གི་དར་ཁྱབ་ཆེན་པོ་ཡོང་གི་ཡོད་པ་ལྟར་སྣང་ཡང་། དོན་དངོས་ཐོག་གཞི་རིམ་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་པས་ང་ཚོས་ངེས་པར་དུ་དེ་ཐོག་རིག་པ་བསྒྲིམ་དགོས། དེ་བཞིན་ང་ཚོའི་སྲོལ་རྒྱུན་ནང་ཡོད་པའི་རིགས་ལམ་གྱི་ཤེས་ཡོན་དེ་ཡང་ཧ་ཅང་གི་གལ་ཆེན་པོ་ཡིན། རྗེ་ཙོང་ཁ་པས། རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་གསུངས་པ་ལྟར་དེ་ལྟ་བུའི་རྣམ་དཔྱོད་དེ་ཚད་མ་རིག་པའམ་རིགས་ལམ་ལས་བྱུང་བ་ཡིན་པས་ངེས་པར་དུ་སྦྱང་བརྩོན་གནང་སྟེ། སོ་སོའི་སློབ་ཚན་དེ་ཡང་རིགས་ལམ་བརྒྱུད་སློབ་ཁྲིད་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བའི་སྐོར་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་ཚོགས་བཅར་བ་རྣམས་ལ་བླང་དོར་ལམ་སྟོན་གནང་དོན། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་དང་། ཕྱི་ལོ་ ༢༠༠༥ ནས་ལག་བསྟར་གནང་འགོ་བཙུགས་པ་ནས་བཟུང་ད་བར་ལོ་ངོ་ཉི་ཤུ་ཙམ་འགྲོ་བཞིན་པ་ལྟར། དུས་ཡུན་དེའི་རིང་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་། ཐ་སྙད་བེད་སྤྱོད། བསམ་བློ་གཏོང་སྟངས་སོགས་དེ་སྔ་དང་བསྡུར་ན་ཧ་ཅང་ཡག་ཏུ་ཕྱིན་ཡོད། དཔེར་ན་གཞི་རིམ་འོག་མ་བར་གྱི་ཕྲུ་གུ་ཆུང་ཆུང་ཚོས་བོད་ཀྱི་ཐ་སྙད་བེད་སྤྱོད་བྱས་པ་རྣམས་སྐབས་རེ་རྒན་པས་ཀྱང་མ་ཤེས་པ་ཡོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་། དེ་ཚོ་ཚང་མ་སྤྱིར་ཤེས་ཡོན་སྲིད་བྱུས་དང་བྱེ་བྲག་ཏུ་རྒན་ལགས་རྣམ་པས་སྐུ་ལས་བསྐྱོན་པའི་འབྲས་བུ་རེད། སྐབས་ཤིག་ལ་དགེ་རྒན་ཟེར་དུས་ཡོངས་འཛིན་གྱི་མཚན་ཉིད་ཚང་བ་ལྟར་ཕྲུ་གུའི་ཤེས་ཡོན་ཙམ་མ་ཡིན་པར། ཕྲུ་གུའི་བདེ་སྡུག་དང་། འཕྲོད་བསྟེན། ཕྲུ་གུ་རེ་རེའི་ནང་མིའི་གནས་སྟངས་ཚུན་ལ་རྒྱུས་ལོན་བྱས་ཏེ་ཕྲུ་གུ་ཚོར་རོགས་སྐྱོར་གནང་བ་སོགས་ཐུགས་ཁུར་ཆེན་པོ་བཞེས་ཀྱི་ཡོད།
དེ་བཞིན་རིགས་ལམ་ནི་སྤྱིར་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡིན་ལ། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་མི་གང་འདྲ་ཞིག་ཡིན་ཡང་ངེས་པར་དུ་དགོས་པ་ཞིག་རེད། ང་ཚོས་གནས་ཚུལ་གང་ལ་བླང་དོར་བྱེད་སྐབས་རིགས་པའི་རྣམ་གཞག་དེ་མ་ཤེས་ན་ཁུངས་འཁྱོལ་གྱི་མ་རེད། དེས་ན་སློབ་གྲྭ་ཁག་ནང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཕེབས་པ་ནས་བཟུང་རིགས་ལམ་སློབ་ཁྲིད་གནང་རྒྱུ་འགོ་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་འགྲོ་ཡི་ཡོད། བར་ལམ་ནས་སློབ་གྲྭ་ཁག་ནང་ཚན་རྩིས་གཉིས་ཀྱང་རིགས་ལམ་བརྒྱུད་སློབ་ཁྲིད་བྱ་རྒྱུའི་སློབ་དེབ་གཉིས་ཙམ་པར་འགྲེམས་ཞུས་ཡོད་པས། རྒན་ལགས་རྣམ་པས་རིགས་ལམ་དེ་སོ་སོའི་མི་ཚེ་གཅིག་པུའི་དོན་དུ་མ་ཡིན་པར་སློབ་ཁྲིད་གནང་སྐབས་སློབ་ཕྲུག་ཚོའི་བསམ་བློའི་ནང་དཔྱད་པ་བྱ་རྒྱུའི་གོམས་གཤིས་བཟོས་ཏེ། སློབ་ཕྲུག་ཚོ་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུ་མ་ཡིན་པར་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་དོགས་སློང་དང་དཔྱད་པ་བྱེད་ཐུབ་མཁན་ཞིག་བཟོ་རྒྱུ་གལ་ཆེ། དེ་སྔོན་ང་ཚོས་གཞི་རིམ་འོག་མ་བར་སློབ་ཚན་ཚང་མ་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཞིང་། ད་ལྟའི་ཆར་གཞི་རིམ་བར་མར་སྤྱི་ཚོགས་ཚན་རིག་ཀྱང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས། མ་འོངས་པར་ཚན་རིག་དང་རྩིས་རིག་སོགས་སློབ་ཚན་གཞན་རྣམས་ཀྱང་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་ཐུབ་ན་སྙམ་པའི་བསམ་བློ་ཡོད།

ང་ཚོའི་སློབ་གྲྭའི་ནང་གཞི་རིམ་འོག་མའི་སློབ་ཚན་ཚང་མ་དང་། གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་བཅས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་དགོས་ཤིང་། འོན་ཀྱང་དགེ་རྒན་ཕལ་ཆེ་བའི་སློབ་སྦྱོང་དེ་ཨིན་ཇིའི་སྐད་ཡིག་ཐོག་བྱས་སྟབས། སློབ་ཁྲིད་སྐབས་བོད་ཀྱི་ཐ་སྙད་ཀྱིས་མ་འདང་བ་དང་། ཚིག་སྦྱོར་གྱི་གོ་བ་ཇི་བཞིན་ལོན་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་སྟེ། ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚན་པས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྒན་ལགས་རྣམ་པར་བོད་ཡིག་གི་ཟབ་སྦྱོང་འབུལ་དགོས་པའི་མྱོང་ཚོར་བྱུང་བ་རེད། ཤེས་རིག་ལས་ཁུངས་ཀྱི་ད་ལྟའི་ལས་འཛིན་པ་ཚོའི་བསམ་བློའི་ནང་སྔོན་འགྲོ་དང་གཞི་རིམ་འོག་མ། གཞི་རིམ་བར་མ་གསུམ་པོ་ཧ་ཅང་གལ་ཆེན་པོར་བརྩི་ཡི་ཡོད། ང་ཚོས་གཞི་རིམ་གོང་མ་ལས་ཀྱང་གཞི་རིམ་འོག་མ་དེ་གལ་ཆེ་བ་མཐོང་གི་ཡོད། དཔེར་ན་ཁང་པ་ཞིག་ཕུགས་ལ་སྲ་བརྟན་ཡོང་དང་མི་ཡོང་གཙོ་བོ་ཁང་པ་དེའི་རྨང་གཞི་དང་རྩིག་གཞི་སྲ་བརྟན་བྱུང་མིན་ལ་རག་ལུས་པ་བཞིན། ང་ཚོས་ཀྱང་འདས་པའི་ལོ་མང་རིང་གཞི་རིམ་འོག་མའི་ཤེས་ཡོན་ཐོག་བསམ་བློ་ཤུགས་ཆེ་གཏོང་བ་མ་ཟད། དེ་ཐོག་འགྲོ་གྲོན་ཡང་ཆེན་པོ་གཏོང་གི་ཡོད། ང་ཚོས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་མ་བྱས་གོང་ལོ་ངོ་བཞི་བཅུ་ལྷག་རིང་ལོཊ་མེ་ཀོ་ལས་གཏན་ལ་ཕབ་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཐོག་ཕྱིན་ནས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཤུགས་ཆེ་བ་དེ་གཞི་རིམ་གོང་མ་དང་། ལྷག་པར་དུ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ལ་ཧ་ཅང་གལ་ཆེན་པོ་བརྩིས་པ་རེད། འོན་ཀྱང་སློབ་གྲྭ་དེ་དག་ནས་ཐོན་པའི་ཕྲུ་གུ་དེ་ཚོའི་བསམ་བློའི་གནས་ཚད་དང་། བསམ་བློ་འཁྱེར་སྟངས། དེ་བཞིན་མི་དང་འབྲེལ་བ་བྱེད་སྟངས། ལས་ཁུངས་སུ་ཕྱག་ལས་གནང་ནས་འཛིན་སྐྱོང་བྱེད་སྟངས་གང་འདྲ་ཡོད་མེད་ད་ལྟ་ང་ཚོ་ཕྱག་ལས་གནང་མཁན་ཕལ་ཆེ་བ་སྐབས་དེ་དུས་ཀྱི་སློབ་གྲྭ་ནས་ཐོན་པ་ཤ་སྟག་རེད།

ད་ལྟའི་ཆར་གཞི་རིམ་འོག་མའི་བར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཞིར་བཟུང་སློབ་ཁྲིད་གནང་ནས་ཕྲུ་གུ་ཚོའི་བསམ་བློའི་ནང་སོ་སོའི་སྐད་ཡིག་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་གཞན་ཕན་བྱེད་སྟངས་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས། རིག་གཞུང་སྲུང་སྐྱོབ་བྱེད་སྟངས་སོགས་རྨང་གཞི་ཚུགས་ཡོད་སྟབས། གཞི་རིམ་བར་མར་སླེབས་སྐབས་ཕྲུ་གུ་དེ་ཚོའི་བསམ་བློ་དེ་རང་བཞིན་གྱིས་མི་འདྲ་བ་ཞིག་ཡོང་གི་ཡོད། དེ་བཞིན་དུ་གཞི་རིམ་འོག་མའི་སྐབས་ནས་ཡིག་རྩིས་གཉིས་ཀྱི་རྨང་གཞི་ཡག་པོ་བཟོས་ཐུབ་ན། གཞི་རིམ་བར་མ་དང་གཞི་རིམ་གོང་མར་དཀའ་ངལ་འཕྲད་ཀྱི་མ་རེད། དེ་མིན་ང་ཚོས་སློབ་གྲྭ་ཁག་ལ་གཞི་རིམ་བར་མའི་སློབ་ཕྲུག་ཚོ་སློབ་སྦྱོང་སྐྱོ་པོ་ཡོད་པའི་མཐོང་ཚུལ་བྱུང་སྐབས། གཞི་རིམ་བར་མ་དང་གོང་མའི་རྒན་ལགས་ཚོས་གཞི་རིམ་འོག་མ་ནས་སྐྱོ་པོ་ཡོང་གི་འདུག་ཅེས་གསུང་གི་ཡོད་སྟབས། ང་ཚོས་སྔོན་འགྲོ་དང་གཞི་རིམ་འོག་མ་གཉིས་གལ་ཆེན་པོ་བརྩིས་ཏེ་ཟབ་སྦྱོང་སོགས་གང་མང་གོ་སྒྲིག་ཞུ་བཞིན་ཡོད། དེ་སོང་ཙང་གཞི་རིམ་འོག་མའི་རྒན་ལགས་རྣམ་པར་གཞི་རིམ་བར་མ་དང་གོང་མའི་རྒན་ལགས་ལས་འགན་ཁུར་ཆེ་བ་ཡོད་པ་བརྟེན། ང་ཚོས་སྔོན་འགྲོ་དང་གཞི་རིམ་འོག་མའི་རྒན་ལགས་ཚོར་ཧ་ཅང་གུས་བརྩི་ཞུ་ཡི་ཡོད་པས་མུ་མཐུད་ནས་ཧུར་ཐག་གནང་རོགས། ང་ཚོས་སློབ་མ་དབུས་བཞག་ཟེར་བ་ལྟར་རྒན་ལགས་རྣམ་པས་སློབ་ཁྲིད་གནང་སྐབས་དུས་ཚོད་མང་བ་དེ་སློབ་ཕྲུག་ཚོར་གནང་དགོས་ཀྱི་འདུག སློབ་ཕྲུག་རང་ངོས་ནས་བསམ་བློ་གཏོང་རྒྱུའི་དུས་ཚོད་ཅིག་ཤར་ཚེ་སློབ་ཕྲུག་དེ་ངེས་པར་དུ་མི་འདྲ་བ་ཞིག་ཆགས་ཀྱི་རེད།
དེས་ན་ང་ཚོའི་ཕྲུ་གུ་ཚོར་རྣམ་དཔྱོད་ཀྱི་ཆུ་ཚད་མཐོ་པོ་དགོས་ཀྱི་འདུག རྣམ་དཔྱོད་ཀྱི་ཆུ་ཚད་མཐོ་པོ་ཡོང་བར་དེ་དང་འབྲེལ་བའི་བྱ་འགུལ་སྤེལ་དགོས་པ་ལས། སློབ་ཚན་དུས་ཐོག་ཚར་རྒྱུ་གཅིག་པོར་གལ་ཆེན་པོར་བརྩིས་ན་བརྒྱ་ཆ་མཐོ་པོ་ཐོབ་སྲིད་ཀྱང་། དོན་དམ་པའི་ཕྲུ་གུའི་རྣམ་དཔྱོད་གོང་མཐོར་འགྲོ་རྒྱུ་ཁག་པོ་རེད། ང་ཚོས་ཟབ་སྦྱོང་ག་འདྲ་ཞིག་ཕུལ་ཀྱང་དགེ་རྒན་མང་ཆེ་བས་ཟབ་སྦྱོང་ཧ་ཅང་ཡག་པོ་བྱུང་བ་གསུང་གི་འདུག འོན་ཀྱང་ཟབ་སྦྱོང་གང་ཐོབ་པ་དེ་སོ་སོས་ལག་ལེན་དུ་མ་འཁེལ་ན་གང་ཡང་ཕན་གྱི་མེད་སྟབས། མུ་མཐུད་སོ་སོ་རང་ངོས་ནས་སློབ་སྦྱོང་ལ་སྦྱང་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒན་ལགས་ཚོའི་གནས་ཚད་ཡར་རྒྱས་ཕྱིན་ན་སོ་སོའི་སློབ་ཕྲུག་དེ་ཚོ་ཡང་ཡག་པོ་ཡོང་གི་རེད། ང་ཚོར་བློ་ཚབས་ཡོད་པ་ཞིག་ལ། མི་རབས་གོང་མ་ཚོས་ང་ཚོར་རྩིས་སྤྲོད་གནང་བ་ལྟར། ང་ཚོས་ཀྱང་མི་རབས་རྗེས་མ་ཚོར་སྤུས་ཚད་ལྡན་པ་ཞིག་རྩིས་སྤྲོད་མ་ཐུབ་ན། ལོ་རྒྱུས་ནང་ནག་ཉེས་ཆེན་པོ་ཆགས་པའི་ཉེན་ཁ་ཡོད་པ་རེད། ད་ལྟའི་ཆར་༸རྒྱལ་བ་རིན་པོ་ཆེ་སྐུ་ན་མཐོ་པོར་སྨིན་འགྲོ་ཡི་ཡོད་སྟབས། ང་ཚོ་ཚང་མས་ངེས་པར་དུ་འགན་ཆེན་པོ་བཞེས་དགོས་ཀྱི་རེད། དགེ་རྒན་གྱི་ལས་གནས་སུ་ཞུགས་པར་ལྷག་བསམ་དང་། བློས་གཏོང་། བཟོད་བསྲན་སོགས་དགོས་ཀྱི་ཡོད་སྟབས། ཁྱེད་རང་ཚོ་དགེ་རྒན་གྱི་ལས་གནས་སུ་ཞུགས་པ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་ལ། མ་འོངས་པར་ཁྱེད་རྣམ་པ་ལས་གནས་འདི་ནས་བགྲེས་ཡོལ་དུ་ཕེབས་སྐབས་ཕྱི་མིག་ལྟ་དུས་སོ་སོའི་མི་ཚེ་དེ་བཟང་མཐའ་འཁྱོལ་འདུག་སྙམ་པའི་ཡིད་ཚིམས་ཤིང་བློ་བདེ་བ་ཡོང་ངེས་རེད། ང་ཚོའི་ཕྲུ་གུ་ཚོར་ཆུང་དུས་ནས་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་དགའ་ཞེན་བསྐྲུན་ཐུབ་པ་ཞིག་དགོས་ཀྱི་འདུག དེ་ལྟར་བྱུང་ན་ཕྲུ་གུ་དེ་ཚོ་རང་བཞིན་གྱིས་སློབ་གྲྭ་ཐོན་རྗེས་སོ་སོའི་སྤྱི་ཚོགས་དང་སྒྲིག་འཛུགས་ནང་ཕྱག་ལས་གནང་མཁན་ཞིག་ཏན་ཏན་ཆགས་ཀྱི་རེད། ཅེས་སོགས་ཀྱི་བླང་དོར་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་སྟེ་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ། །